འདིར་བདག་གཞན་དུས་གསུམ་སྐུལ་ཚིག་ལ་ཡི་གེའི་གཟུགས་འགྱུར་ཡོད་མེད་ཀྱི་ཟུར་བཀོལ་གཉིས་ཁོ་བོར་ཞུ་དག་ཏུ་གཞུང་ནས་གནང་བར་རྒྱ་བོད་བརྡ་སྤྲོད་ཆེས་མང་པོའི་སྤྱི་སྲོལ་རང་བློས་གང་དཔོག་ཏུ་བཟུང་སྟེ་དཔྱད་མོད། མཁས་བླུན་སྣ་ཚོགས་པས་མཚོ་ལས་སྐྱོགས་ཀྱིས་བཅུས་པའི་ཚུལ་དུ་སུམ་རྟགས། བརྡ་གསར་རྙིང་། དག་ཡིག་སོགས་ལ་གཞུང་ཆེ་ཆུང་མཐའ་ཡས་པར་སྤེལ་བ་དེ་དག་གི་ནང་ནས་ཚད་མར་བྱ་བའི་འོས་མ་མཆིས་པའང་ཤིན་ཏུ་མང་ཞིང་། གྲགས་ཅན་ཆེན་པོ་དག་གི་ཡང་སྨྲ་སྒོ་མཚོན་ཆའི་དབྱངས་ བདུན་དང་། ངག་གི་སྒྲོན་མེའི་དབྱངས་ལྔ་ལྟ་བུ་རང་རེའི་རྩ་བའི་མཁན་པོ་ཐུ་མི་འཇམ་པའི་དབྱངས་ཀྱིས། ཨཱ་ལི་གསལ་ཨི་སོགས་བཞི། །ཞེས་གསུངས་པ་དང་འགལ་བས་ཁས་བླང་དུ་མི་རུང་། དེའི་ཕྱིར་གང་དང་གང་ལའང་ཐུ་མི་རང་གིས། བོད་ཁ་བ་ཅན་གྱི་ཡུལ་ལྗོངས་འདིར།།མི་མཁས་པ་སླེབས་པའི་སྔོན་མ་ཡིན།།ཞེས་དང་། བོད་ཁ་བ་ཅན་གྱི་མི་རྣམས་ལ།།ང་ཐུ་མི་བཀའ་དྲིན་མི་ཆེའམ།།གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད།།ཅེས་རང་གི་རྣམ་ཐར་མགུར་དུ་བཞེས་པ་ནི། ཕལ་བའི་དྲིན་བགྲང་བ་དང་མི་མཚུངས་པར་བདག་ཅག་རྣམས་ཀྱི་གཙུག་གི་ནོར་བུ་དང་། གདོང་གི་མིག་ལྟ་བུ་ཁོང་ཡིན་པས་དེའི་བཞེད་པ་ལ་ཕྱི་མོའི་དམིགས་གཏད་བྱ་དགོས་སོ།།དེ་ལྟ་ན་ཡང་དེའི་གཞུང་ཚང་བར་མ་བཞུགས་པའི་དབང་གིས་སྔོན་འཇུག་གི་རྟགས་བཞི་དང་། རྗེས་འཇུག་གི་རྟགས་གསུམ་མམ་བརྒྱད་ཀྱི་ངོས་འཛིན་གསལ་བར་མ་བྱུང་། དེ་ལ་བརྟེན་ནས་ཕྲད་དང་རྣམ་དབྱེའི་ཐོབ་ཚུལ་དང་། མིང་མཐའ་འདྲེན་ཚུལ་ལ་ཕྱི་རབས་མཁས་པ་སོ་སོས་རང་རང་གི་རིགས་པས་ཚིག་དོན་གྱི་གཏད་སོ་རེ་བཙལ་ཏེ་སྦྱར་བའི་འདོད་པ་རྟ་མོག་གི་སྤུ་དང་འདྲ་བར་མཆིས། འོན་ཀྱང་སླར་བསྡུའི་སྒྲ་དང་། ལ་དོན་གྱི་སྒྲ་དང་། ཨི་ལྡན་གྱི་སྒྲ་དང་། རྒྱན་སྡུད་ཀྱི་སྒྲ་དང་། མིང་གཞི་རྟགས་ལྔའི་ངང་ཚུལ་ལ་ཞིབ་ཏུ་བརྟགས་ན་རྣམ་པར་དཔྱོད་པའི་སྒོ་མང་པོ་རྙེད་པར་འགྱུར་ཞིང་། ལྷག་པར། རྗེས་འཇུག་ཡི་གེ་བཅུ་པོ་ནི།།ཨི་དང་མཐུན་ལུགས་ཞེས་པ། རྗེས་འཇུག་བཅུ་ཨི་ལྡན་གྱི་རྣམ་དབྱེ་དང་ཐོབ་ཐང་མཐུན་ལུགས་ཞེས་པའི་དོན་ཡིན་པས་དེའི་གནད་དང་། དེ་ཉིད་རང་གི་སྒྲ་མཐུན་པའི།།ཞེས་དང་། ཕོ་ཡིས་ཕོ་ཡིས་མིང་མཐའ་དྲང་།།ཞེས་པ་འདི་དག་དོན་བརྒྱ་འབྱེད་པའི་ལྡེ་མིག་ཏུ་གལ་ཆེའོ། །འདི་ལ་མཁས་པ་དག་གིས་རྟགས་མཚུངས་འདྲེན་པ་དང་། བརྗོད་བདེ་འདྲེན་པའི་སྤྱིར་བཏང་དམིགས་བསལ་གྱི་ཞིབ་ཆ་ཕྱེ་བ་སོམ་ཉིའི་མདུད་པ་འགྲོལ་བའི་མན་ངག་བླ་ན་མེད་པ་ཡིན་མོད། བརྗོད་བདེ་ཡང་ཡང་ཡུལ་སོ་སོའི་སྐད་དང་བསམ་པའི་གཤིས་ཀྱིས་མཐའ་གཅིག་ཏུ་འདི་དང་འདི་ཞེས་ཐག་གཅོད་པར་རྒྱལ་བས་ཀྱང་མི་སྤོབས་པའི་གནས་ཤིག་ཡིན་པ་ལ་ཁ་ཅིག་གིས་རང་འདོད་གྱི་སྐད་འདུམ་བདེ་བ་གཅིག་གི་གོང་བུར་ཐམས་ཅད་སྒྲིལ་བར་སེམས་པ་ནི། བློ་གྲོས་ཀྱི་ཕུ་ཐག་ཧ་ཅང་ཐུང་བ་སྟེ། གཏན་ནས་མི་རིགས་སོ། །རིན་ཆེན་ཕྲེང་བར། སོ་སོ་ཡང་དག་རིག་བློ་བཟང་། ས་དེ་ལེགས་པའི་བློ་གྲོས་ཡིན། །ཞེས་གསུངས་པ་ལྟར་སོར་རིག་བཞི་རྗེས་མཐུན་པ་ཡང་ས་མཐོན་པོའི་གནས་སྐབས་དེ་ལྟ་བུ་ཡིན་ན་ས་གཅིག་དང་། ཡུལ་གཅིག་དང་། མི་རིགས་གཅིག་གི་བརྡ་དང་གྲགས་པས་ཆོག་ཤེས་བགྱིད་པ་ག་ལ་འཐད། དེས་ན་བཀའ་དང་བསྟན་བཅོས། བརྡ་གསར་རྙིང་། མིང་ཚིག་སྣ་ཚོགས། སྔོན་རྗེས་མིང་གསུམ་གྱི་འཇུག་པ་དག་པར་ཐོན་མ་ཐོན། མགོ་གསུམ་འདོགས་བཞིའི་བརྗོད་སྟངས་ཟུར་ཕྱིན་མ ཕྱིན་ལ་མང་ཐོས་ཉམས་མྱོང་རིགས་ལམ་གྱི་སྒྲུབ་བྱེད་དང་ལྡན་པས་ལག་ལེན་མཛད་ན་རང་གི་རྒྱལ་ཁབ་དང་། མི་མང་གི་ཡོན་ཏན་དང་། ཆོས་ལུགས་གསུམ་ག་ལ་ཕན་པ་མངོན་སུམ་མོ། །རང་གིས་མཐོང་བའི་དག་ཡིག་རེ་ལ་མཛུབ་མོ་རི་སྟོན་བྱེད་པ་ལས་རྒྱུ་མཚན་གཞན་མེད་ན་འཐད་པོ་ཞིག་མ་ལགས་ཏེ། གཟུར་གནས་རྣམ་དཔྱོད་ཀྱི་མེ་ལོང་མངའ་བ་ཚོའི་ཐུགས་ལ་སྣོམས། སྐབས་འདིའི་བདག་གཞན་དུས་གསུམ་ཡང་སྤྱིར་གྱི་བདག་གཞན་དུས་གསུམ་ཙམ་མ་ཡིན་པར་གཙོ་བོར་བྱ་བའི་སྒོ་ནས་བཞག་པ་ཡིན་ཅིང་། སྔོན་འཇུག་གི་འཇུག་ཚུལ་བཤད་པ་ཡང་ངེས་བཟུང་མིན་པར་རྟགས་བཞི་རང་རང་གི་འཇུག་ཡུལ་རྒྱུག་ཆེ་བ་དེ་དང་དེའི་དབང་དུ་བྱས་པ་ཡིན་ཏེ། དཔེར་ན་ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།།ཞེས་པ་གཙོ་བོར་བརྩེགས་མའི་དབང་དུ་མཛད་པ་ལྟ་བུ། ཕོ་ཡིག་དུས་གསུམ་གྱི་འདས་པ་དང་། བདག་གཞན་གཉིས་ཀྱི་གཞན་ཁོ་ནར་འཇུག་པ་མ་ཡིན་ཏེ། ད་ལྟ་བ་དང་། མ་འོངས་པ་དང་། བདག་གསུམ་ག་ལ་འཇུག་པའི་ཕྱིར་ཏེ། བགྲོ་བར་བྱེད། བགྲོ་བར་འགྱུར། བགྲོ་བ་པོ་ཞེས་པའི་ཚིག་སྦྱོར་གསུམ་པོ་དེ་རིམ་བཞིན་དེ་དག་གི་དོན་ཅན་ཡིན་པའི་ཕྱིར། རྟགས་སླ། སི་ཏུའི་འགྲེལ་བར། བཏིག་བྱའི་ཐིགས་པ། གཏིག་བྱའི་ཆུ། བཞོག་བྱའི་ཤིང་། གཞོག་བྱའི་ཤིང་ཞེས་དཔེར་བརྗོད་བཀོད་པའི་དང་པོ་ནི། བྱེད་པ་པོ་དང་འབྲེལ་བའི་ཕྱོགས་ནའང་མེད་ལ། བྱ་བའི་སྒྲ་གདངས་ཙམ་དུ་རུང་ཡང་སྐབས་འདིའི་གཞན་དང་བྱ་ཡུལ་དུ་མི་རུང་ངོ་། །བཞོག་བྱའི་ཤིང་དང་བདམ་བྱའི་ནོར་ཞེས་པའང་གཞོག་བྱའི་ཤིང་དང་གདམ་བྱའི་ནོར་ཞེས་པས་བརྗེས་ན་ལེགས་ཀྱི། བ་ག་གཉིས་གཞན་ལ་འཇུག་པ་རྒྱུ་མཚན་དུ་བྱས་ནས་གདམ་ངར་བཀོད་པ་ཡིན་ན་ཤིན་ཏུ་མི་འཐད་དེ། འཕུལ་ལྔ་རང་རང་གི་འཇུག་ཡུལ་གཙོ་ཆེ་ཆུང་དང་ཁྱབ་ཆེ་ཆུང་ལ་ཞིབ་མོར་མ་བརྟགས་པའི་སྐྱོན་གྱིས་གོས་པར་འགྱུར་པའི་ཕྱིར། །དེ་བཞིན་དུ་བཞལ་བྱ་དང་གཞལ་བྱ། བཞག་བྱ་དང་གཞག་བྱ། བསད་བྱ་དང་གསད་བྱ། བཅད་བྱ་དང་གཅད་བྱ། བཏང་བྱ་དང་གཏང་བྱ། བསལ་བྱ་དང་གསལ་བྱ། བཀྲམ་བྱ་དང་དགྲམ་བྱ། བཀྲོལ་བྱ་དང་དགྲོལ་བྱ་སོགས་གཉིས་ཚན་དེ་དག་གི་སྔ་མ་རྣམས་མི་འཐད་པར་སུས་ཀྱང་ཤེས་ཏེ། གཞན་བསྒྲུབ་ཕྱིར་ཞེས་ཚིག་རིས་ཙམ་གྱིས་ཚིམ་པར་བྱས་ན་བཞལ་བྱ་ལ་སོགས་པ་དེ་དག་ཅིའི་ཕྱིར་མི་འཐད། དགག་བྱ་དང་། སྐྱོན་དང་། ནད་དང་། དྲི་མ་དང་། ལོག་རྟོག་དང་། དོགས་པ་དང་། ཐེ་ཚོམ་སོགས་བསལ་བྱ་ལ་བསལ་བྱ་འགྲིག་པར་མ་ཟད་དེས་ཁྱབ་སྟེ། ག་འཕུལ་མ་དག་གོ །དེས་མཚོན་འདི་སྐོར་རྟགས་བཞིའི་འཇུག་ཚུལ་གཞན་དང་གཞན་ལའང་རྒྱ་ཆེར་བསྒྲེས་ཏེ་རྟོགས་པར་དཀའ་བའི་གནད་ཀྱི་འགག་ཆེན་པོ་ཟུངས་ཤིག །བ་ག་ད་གསུམ་ཐུན་མོང་དུ་འཇུག་པའི་ཚེ་ཁ་ལ་གང་འོང་དང་ལག་ལ་ཅི་ཐེབས་མི་བྱར་བར་ཚིག་དོན་གང་ཐད་ནས་དངོས་གཙང་ཞིབ་ཐོན་རྩལ་དུ་འདོན་པ་གཅེས། ཞི་བ་ལྷས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད།།ཅེས་གསུངས་པ་ལྟར་བརྡ་གསར་རྙིང་དང་དག་ཡིག་རྒྱས་བསྡུས་གང་ཡིན་ཡང་གཞན་ཞིག་ལས་མ་བཏུས་པ་མེད་གཤིས་མཁས་པ་ཞིག་གིས་གསུངས་པ་དང་། གཞུང་ཞིག་ལས་འབྱུང་བ་ཙམ་ཁ་རྦད་ཁ་ལོ་མེད་པའི་རྒྱུ་མཚན་དུ་ཅི་ལ་ཆེ། དེའི་ཕྱིར་བརྡ་སྤྲོད་རང་ལུགས་ཀྱི་ལུང་རིགས་མན་ངག་གསུམ་ལྡན་དང་། རིགས་པ་ཡང་དག་རྟགས་ཆོས་ཀྱི་འབྲེལ་བའི་གནད་ངར་ལྕགས་དང་འདྲ་བ་ཞིག་ལ་ཁུངས་སུ་བྱ་དགོས་པ་ཡིན་ནོ་ཀྱེ།

ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་།།
དོན་གྱི་གོ་བས་ཚིག་གི་དག་ཐོན་པ།།
སྐྱེས་སྦྱངས་རིག་རྩལ་ལྷ་ཡི་ལུང་འདྲ་བས།།
རྩོམ་བསྒྱུར་པདྨའི་དགའ་ཚལ་འཕེལ་གྱུར་ཅིག།