11705249_10205506072464628_1228377291671933194_n-291x300[1]

ཚན་རིག་མཁས་དབང་ཆེན་མོ་ཨེ་ཕི་ཇེ་ཨབ་དྷུལ་ཀ་ལམ་(Avul Pakir Jainulabdeen Abdul Kalam)མཆོག་ནི་སྤྱི་ལོ་༡༩༣༡ ཟླ་༡༠ ཚེས་༡༥ ཉིན་དེང་གི་ཏ་མལ་ན་དྷུ་(Tamil Nadu)ཡི་ཁ་ཆེ་ཁྱིམ་ཚང་ཞིག་ཏུ་སྐུ་བལྟམས། ཁོང་གི་ཡབ་ཇཱེ་ནུ་ལ་བྷུ་དྷིན་(Jainulabudeen)ནི་གྲུའི་སྦྱིན་བདག་ཅིག་ཡིན་ལ། མ་ཡུམ་ཨ་ཤཱི་ཡམ་མ་(Ashiamma)ནི་ནང་ལས་གཉེར་བའི་སྤྱིར་བཏང་གི་བུད་མེད་ཅིག་ཡིན། ཁོང་གི་ནང་མིའི་དཔལ་འབྱོར་གྱི་རྒྱབ་རྩ་ཧ་ཅང་སྐྱོ་བས་ཆུང་དུས་ཕ་མ་གཉིས་ཀྱི་ལས་རོགས་བྱས། རྗེས་སུ་སློབ་གྲྭ་འགྲོ་ཞོར་ཚགས་པར་བསྐྱལ་ཏེ་ནང་གི་དཔལ་འབྱོར་ལ་རོགས་འདེགས་བྱས།

ཁོང་ནི་སློབ་གྲྭའི་དུས་སྐབས་སུ་སློབ་སྦྱོང་ལ་ཧུར་བརྩོན་བྱེད་ཅིང་། སློབ་སྦྱོང་ལ་འདོད་རྔམས་ཆེན་པོ་ཡོད་པས་དུས་ཚོད་མང་ཤོས་སློབ་སྦྱོང་སྤྱི་དང་། ལྷག་པར་ཨང་རྩིས་རིག་པར་བཏང་། ཨར། ཨེ་སི། ཨེམ་(Ramanathapuram Schwartz Matriculation)སློབ་གྲྭ་ནས་མཐར་ཕྱིན་རྗེས་རྗོ་སེ་ཧྥུ་(Joseph)མཐོ་སློབ་ལ་ཞུགས། དེའི་རྗེས་མཱ་དྷི་ར་སི་གཙུག་ལག་སློབ་གཉེར་ཁང་དུ་ཞུགས། གཙུག་ལག་སློབ་ཁང་དེ་ནས་སྤྱི་ལོ་༡༩༥༤ ལོར་དངོས་ཁམས་རིག་པར་བསླབ་པ་མཐར་སོན།

འོན་ཀྱང་ལོ་བཞིའི་རིང་གི་སློབ་ཚན་དེས་འདོད་པ་མ་ཁེངས་པའི་འགྱོད་པ་དང་བཅས། སྤྱི་ལོ་༡༩༥༥ ལོར་མཱ་དྷི་ར་སི་ལ་གཞི་སྤོས་ཏེ། མཁའ་དབྱིངས་འཕྲུལ་ལས་རིག་པར་སྦྱངས། གཙུག་ལག་སློབ་གྲྭ་དེར་ཀ་ལམ་འཛིན་གྲྭ་རྒན་པའི་ལས་འཆར་ནང་ཞུགས་ཤིང་། ཚོད་ལྟའི་ལས་འཆར་དེ་ཉིན་གསུམ་རིང་མ་ཚར་ཚེ་ཁོའི་སློབ་ཡོན་ཆད་འགྲོ་བ་རེད། དེ་ནི་ཀཱ་ལམ་ལ་མཚོན་ན་ཉིན་གསུམ་རྗེས་ཀྱི་སྲོག་ཁྲིམས་དང་འདྲ་སྟེ། ཁོའི་འཆར་འགོད་པས་བྲིས་པའི་འཕྲིན་ཡིག་ཏུ་”ངས་ཁྱོད་སྲོག་རླུང་གི་ནང་དུ་བཅུག་སྟེ་མནན་ཡོད་པར་མ་ཟད། ཁྱོད་ང་ལ་ཐུག་པ་ནི་ཆེས་དཀའ་བའི་སྲོག་ཁྲིམས་ཤིག་ཡིན་པར་བཤད་འདོད་”ཅེས་བྲིས་ཡོད་པ་རེད།

ཀ་ལམ་ཡང་སེམས་སྦུག་དོག་པོ་ཆགས་ཏེ་དམིགས་ཡུལ་ངོ་མའི་རྨི་ལམ་མཁའ་དམག་འཛིང་གྲུའི་ཁ་ལོ་བ་བྱ་རྒྱུ་མངོན་དུ་མ་གྱུར་ཡང་། གནས་རིམ་ ༨ པར་ཡོད་པས་གོ་གནས་དེར་ཞུགས་ཆོག་པ་རེད། སྤྱི་ལོ་ ༡༩༦༠ མ་དྷི་ར་སི་འཕྲུལ་རིག་སློབ་གཉེར་ཁང་ནས་སློབ་མཐར་ཕྱིན་རྗེས། གནམ་གྲུ་བཟོ་གཏོང་ཡར་རྒྱས་སྡེ་ཚན་གྱི་སྲུང་སྐྱོབ་ཞིབ་དཔྱོད་དང་ཡར་རྒྱས་ཚན་ཁག་ཏུ་ཞུགས་པ་ནི་ཚན་རིག་པ་ལྟ་བུ་ཞིག་ཡིན་ཏེ། ཁོས་རྒྱ་གར་མཁའ་དམག་གི་ཆེད་དུ་གནམ་གྲུ་ཆུང་ཆུང་ཞིག་ཇུས་འགོད་བྱས། ཡིན་ན་ཡང་ཁོའི་གདམ་ག་དེ་ཚོད་ལྟ་བྱེད་ཐུབ་མེད།

ཀ་ལམ་སྤྱི་ལོ་ ༡༩༦༩ རྒྱ་གར་མཁའ་དབྱིངས་ཞིབ་འཇུག་ཚན་ཁག་ཏུ་ལས་བགོས་བྱས། དེར་ཁོས་ལས་འཆར་དེའི་གཙོ་འགན་བཞེས་ཏེ། རྒྱ་གར་གྱི་མི་བཟོས་སྐར་མ་ཆེས་ཐོག་མ་ཨེ་སི་ཨེལ་ཝི་༣(SLV-III) ལེགས་གྲུབ་བྱུང་ནས། སྤྱི་ལོ་ ༡༩༨༠ ནས་གོ་ལའི་རྒྱུ་ལམ་ན་བསྐྱོད་པའི་རོ་ཧེ་ནེ་མི་བཟོས་སྐར་མ་དེ་ཡིན། ཀ་ལམ་གྱིས་སྤྱི་ལོ་ ༡༩༦༥ ནས་ཆེས་ཐོག་མའི་མེ་ཤུགས་འཕུར་མདེལ་གྱི་ལས་གཞི་འགོ་བཙུགས། སྤྱི་ལོ་ ༡༩༦༩ ནས་རྒྱ་གར་དབུས་གཞུང་གི་ཆོག་མཆན་འོག་འགྲོ་གྲོན་དང་ལས་འཆར། ལས་རོགས་འཕྲུལ་བཟོ་བ་ཁ་སྣོན་བྱས།

སྤྱི་ལོ་ ༡༩༦༣ ནས་ ༡༩༦༤ བར་ན་ས་(NASA)མཁའ་དབྱིངས་ཞིབ་འཇུག་ཁང་དུ་ལས་དོན་གཉེར། སྤྱི་ལོ་ ༡༩༧༠ དང་ ༡༩༩༠ ལོར་མི་བཟོས་འཁོར་སྐར་ཕི་ཨེ་སི་ཨེལ་ཝི་(PSLV)དང་ཨེ་ཨེལ་ཝི་-༣(SLV-III)འཆར་གཞི་གཉིས་ཀ་ལེགས་འགྲུབ་བྱུང་། རཱ་ཇ་རམ་མན་ན་ཡིས་ཀ་ལམ་རྡུལ་ཕྲན་མཚོན་ཆ་ཐོག་མ་《སངས་རྒྱས་འཛུམ་པ་》ཞེས་པའི་ཚོད་ལྟའི་དཔང་མིར་གདན་འདྲེན་ཞུས། སྲིད་བློན་ཨིན་དྷི་ར་གྷན་དྷིའི་གསང་བའི་ཐེབས་རྩའི་འོག་ནས། སྤྱི་ལོ་ ༡༩༧༠ ཀ་ལམ་ལས་འཆར་གྱི་འགྲོ་གྲོན་གྱི་ཚད་གཞི་ཧིན་སྒོར་ས་ཡ་ ༣༨༨ ཅན་གཉིས་ཀྱི་འགན་འཛིན་དུ་གྱུར། ཁོའི་ལས་འཆར་དེར་ཨག་ནེ་(Agni)ཡང་ཚུད་ཡོད་པ་རེད།

ཀ་ལམ་སྤྱི་ལོ་ ༡༩༩༢ ཟླ་ ༧ ནས་ ༡༩༩༩ ཟླ་ ༩ བར་རྒྱ་གར་ཚན་རིག་སྡེ་ཁག་དང་སྲིད་བློན། བདེ་སྲུང་ཞིབ་འཇུག ཡར་རྒྱས་ཚོགས་པ་བཅས་ཀྱི་སློབ་སྟོན་པ་རྒན་པ་གནང་། དེའི་རིང་ཕོ་ཁ་རན་-༢ རྡུལ་ཕྲན་ནུས་ཤུགས་ཚོད་ལྟ་བྱས་ཏེ། ཁོང་རྒྱ་གར་གྱི་རྡུལ་ཕྲན་མཚོན་ཆར་རྒྱུས་ཡག་ཤོས་ཡོད་པའི་ཚན་རིག་པ་ཨང་དང་པོར་གྱུར།

ཀ་ལམ་གྱིས་སྤྱི་ལོ་ ༢༠༠༢ ཟླ་ ༧ ཚེས་ ༢༥ ནས་ ༢༠༠༧ ཟླ་ ༧ ཚེས་ ༢༥ བར་རྒྱ་གར་གྱི་སྲིད་འཛིན་ཨང་ ༡༡ པའི་ཁྲི་བསྐྱངས། ཀ་ལམ་སྲིད་འཛིན་ཟུར་བ་ཆགས་རྗེས་ཀྱི་ལོ་ ༢ རིང་ལ་ཚན་རིག་སློབ་མ་དང་ཚན་རིག་ཆེད་ལས་པ་ ༡༠༠,༠༠༠ ལྷག་ལ་སློབ་སྟོན་དང་ཟབ་སྦྱོང་སྤྲད། ཁོང་ལ་《རྒྱ་གར་གྱི་རིན་པོ་ཆེ་》ཞེས་པས་མཚོན་གཟེངས་རྟགས་གྲགས་ཅན་ ༡༧ ལྷག་ཐོབ།

ཀ་ལམ་གྱིས་ཚན་རིག་དང་དཔྱད་རྩོམ། སློབ་གསོ། སྙན་ངག་སོགས་བརྗོད་བྱ་མི་འདྲ་བའི་དེབ་ ༡༧ ལྷག་བརྩམས། མ་ཟད་དེ་སྔ་འཛམ་གླིང་གི་རྩོམ་པ་པོ་གྲགས་ཅན་ཁ་ཤས་ཀྱིས་ཁོང་གི་ལོ་རྒྱུས་དང་། ཁོང་གི་ལོ་རྒྱུས་དཔྱད་བརྗོད་དེབ་ ༦ བྲིས་ཡོད།

སྤྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༧ ཉིན་ཀ་ལམ་གྱིས་རྒྱ་གར་གྱི་ཤི་ལོང་ཞེས་པའི་ས་གནས་སུ་《གོ་ལ་གསོན་གནས་ཐུབ་》ཅེས་པའི་བརྗོད་གཞིའི་ཐོག་ཁོར་ཡུག་སྲུང་སྐྱོབ་ཀྱི་བཀའ་སློབ་གནང་བཞིན་པའི་སྐབས་ཁོང་ས་ལ་འགྱེལ། དེ་མ་དག་སྨན་ཁང་དུ་གདན་འདྲེན་ཞུས། སྨན་པས་ཛ་དྲག་གིས་མྱུར་སྐྱོབ་ཅི་ཐུབ་བྱས་ཀྱང་ཁོང་གི་སྲོག་སྐྱོབ་མ་ཐུབ་པར། “ཀ་ལམ་ལ་འདི་ལས་ལྷག་མི་འདུག་”ཅེས་རྒྱ་གར་དབུས་གཞུང་ལ་སྙན་གསེང་ཞུས། ཁོང་དེ་ལྟར་འཇིག་རྟེན་ལ་བརྩེ་དུང་ཟབ་མོ་ཞིག་བཅང་བཞིན། དགུང་ལོ་ ༨༤ ཐོག་ང་ཚོ་དང་གཏན་དུ་ཞལ་གྱེས་པ་རེད།

སྤྱི་ལོ་༢༠༡༥ ཟླ་༧ ཚེས་༢༧ ཉིན།