(སྨྀ་ཏི་ཛྙ་ན་ཀིརྟི་སྟེ་བོད་སྐད་དུ་དྲན་པ་ཡེ་ཤེས་)རྒྱ་གར་གྱི་པཎྜི་ཏ་ཧ་ཅང་མཁས་པའི་སྙན་གྲགས་ཅན་ཞིག་ཡིན་ཞིང་། དུས་རབས་བཅུ་པའི་མཇུག་ཏུ་བལ་པོ་ལོ་ཙཱ་བ་པདྨ་རུ་རྩེའམ་རྨ་རུ་རྩེས་པཎྜི་ཏ་སྨྲི་ཏི་དང་ཕྲ་ལ་རིང་བ་གཉིས་རྒྱ་གར་ནས་བོད་དུ་སྤྱན་དྲངས། ལམ་བར་དུ་ལོ་ཙཱ་བ་ཕོ་བའི་སྐྲན་ནད་ཀྱིས་གྲོངས་ནས་བོད་སྐད་མ་མཁྱེན་པའི་རྐྱེན་གྱིས་གཙང་རྟ་ནག་ཏུ་མི་ཚང་ཞིག་གི་ལུག་རྫི་གནང་། རྫི་བོ་བྱས་སྐབས་ངུ་བྲོ་བ་གསུམ་དང་དགོད་བྲོ་བ་གསུམ་བྱུང་བའི་དང་པོ་ངུ་བྲོ་བ་གསུམ་ནི།

ཉིན་གཅིག་འདམ་རྫབ་ཏུ་ཁྱིམ་དེའི་བུད་མེད་ཀྱིས་འོ་མ་བཞོ་སྐབས་སྨྀ་ཏི་རྐུབ་སྟེགས་ལ་བཞག་པས། ང་རྒྱ་གར་གྱི་མཁས་པའི་གཙུག་རྒྱན་ཞིག་ད་ལྟ་བུད་མེད་ཀྱི་རྐུབ་སྟེགས་བྱ་དགོས་བྱུང་ཞེས་ངུ་བྲོ།

ཁོང་ཉིན་མོ་ཁྱིམ་དེའི་ར་ལུག་རྫི་བོ་དང་མཚན་མོ་ཡོས་འཐག་དགོས་པས། ལན་གཅིག་གཉིད་ཅུང་ཟད་ཁུག་ནས་མགོ་མཆིག་སྟེང་དུ་བརྡབ་སྐབས་བུད་མེད་དེས། ” ཡོས་མ་ཕོའམ།” ཞེས་བཤད་པས། སྨྲི་ཏིའི་བསམ་པར་ངའི་མགོ་དང་ཁོང་ཚོའི་ཡོས་གཉིས་ལས་ཡོས་གལ་ཆེ་བར་འདུག་དགོངས་ནས་ངུ་བྲོ།

ཉིན་ཞིག་བྱ་ཁྲུང་ཁྲུང་ཞིག་གླག་གིས་བསད་ནས་བྱའི་རོ་ཁོང་གི་པང་དུ་ལྷུང་བས། ཁྱོད་ཀྱང་ས་མཐའི་བྱ། ང་ཡང་ས་མཐའི་མི་གསུངས་ནས་ངུ་བྲོ་བ་བཅས་སོ།།
དགོད་བྲོ་བ་གསུམ་ནི།

ཉིན་གཅིག་ཁོང་གིས་མེ་ཕུང་ཞིག་བསྐྱིལ་ནས་བསྡད་པར་རི་བོང་ཞིག་ཁོང་ལ་མ་འཛེམ་པར་མེ་ལ་བསྲོས་ཏེ་བསྡད། དར་ཅིག་རི་བོང་གཉིད་ཡོར་གྱིས་མགོ་བོ་མེ་ནང་དུ་ཉུག་སྟེ་གདོང་གི་སྤུ་འཚིག་ཅིང་ཕྱོགས་ཕྱོགས་སུ་བརྒྱུགས་པས་དགོད་བྲོ།

ལན་ཅིག་སྨྀ་ཏི་མཚོ་ཁ་ཞིག་ཏུ་སྡོད་སྐབས་ཀླུས་ཁོང་གི་མཁྱེན་ཡོན་ཤེས་ནས་བུད་མེད་ཅིག་ཏུ་སྤྲུལ་ཅིང༌། གཉན་གྱི་རྭ་ཅོ་ཞིག་ཏུ་འོ་མ་བླུགས་པ་ས་ལ་བཞག་ནས་ཕྱག་འཚལ་སྐབས། རྭ་ཅོ་འདྲིལ་ནས་འོ་མ་བོ་ཞིང་ཀླུ་ངོ་ཚ་སྟེ་སྤྲུལ་བ་ཡང་མ་བསྡུས་པར་ཕྱིར་བཀྱེད་ཀྱིས་མཚོ་ནང་དུ་ལྷུང་པས་དགོད་བྲོ།

ཉིན་ཞིག་རྒྱ་གར་དུ་སྡོད་སྐབས་ཀྱི་ཡོན་ཏན་རྣམས་བརྗེད་ཡོད་མེད་དཔྱོད་སྐབས། གཅིག་ཀྱང་མ་བརྗེད་པར་ཐུགས་ལ་གསལ་ལྷང་ལྷང་དུ་ཤར་བས་དགོད་བྲོ་བ་བཅས་སོ།།

ཁོང་གིས་ཁྱིམ་དེའི་ཕྱི་སྒོའི་ཡ་ཐེམ་ལ།
རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན།།
མཚན་མོ་མཁའ་ལ་རྒྱུ་བ་མ་མཐོང་ནས།།
དྭངས་པའི་མཚོ་ནང་འདི་ན་ཟླ་བ་ཞེས།།
གཟུགས་བརྙན་ཟླ་བར་འཛིན་པ་ཤིན་ཏུ་འཁྲུལ། །

ཞེས་བྲིས་ཡོད་པ་སྔོན་རྒྱ་གར་དུ་སྨྀ་ཏི་བླ་མར་བསྟེན་པའི་ལོ་ཙྭ་བ་དཔྱལ་སེ་ཙ་བསོད་ནམས་རྒྱལ་མཚན་གྱིས་མཐོང་སྟེ་རང་གི་བླ་མའི་ཕྱག་བྲིས་སུ་ངོ་ཤེས་ནས་འདི་སུས་བྲིས་དྲིས་པར། ངེད་ཀྱི་ཨ་བོ་ཐང་རྙེད་ཀྱིས་བྲིས་ཟེར། ད་ལྟ་གང་ན་ཡོད་དྲིས་པས། ར་རྫི་ལ་སོང་ཟེར།

མཐར་ཁོང་གི་སློབ་མ་དཔྱལ་ལོ་ཙཱ་བ་བསོད་ནམས་རྒྱལ་མཚན་གྱིས་མི་ཚང་དེ་ལ་གསེར་སྦྱིན་ནས་བླུས་ཏེ་སྨན་ལུང་དུ་སྤྱན་དྲངས་ནས་ཆོས་ཞུས། དེ་རྗེས་མདོ་ཁམས་ལྡན་མའི་ས་ཁུལ་དུ་གདན་དྲངས་ཏེ། འབྲོམ་སྟོན་པ་སོགས་སློབ་མ་ཁ་ཤས་ལ་རྒྱ་ཁར་སྐད་ཀྱི་སྒྲ་རིག་པ་བསླབས་པ་གནང་། དེང་སང་༼སྨྲ་སྒོ་མཚོན་ཆ༽ཞེས་པའི་གཞུང་དེ་ཡང་སྐབས་དེར་ཁོང་གིས་བརྩམས་པར་གྲགས། དེ་ནི་སྒྲར་རིག་པའི་བསྟན་བཅོས་ཤིག་ཡིན་པ་དང་། ཕྱི་འབྱུང་གི་མཁས་པ་རྣམས་ཀྱིས་བརྩམས་པའི་སུམ་རྟགས་སོགས་སྒྲ་རིག་པའི་གཞུང་ལུགས་ཁག་ནང་འདིའི་ནང་ནས་ལུང་དུ་མ་དྲངས་ཡོད། འདི་ཉིད་ཀྱི་འགྱུར་མང་པོ་བཀའ་འགྱུར་ནང་བཞུགས་ཤིང་། པཎྜི་ཏ་འདི་ཡན་ཆོད་དུ་འགྱུར་བའི་གསང་སྔགས་ཀྱི་ཆོས་རྣམས་ལ་གསང་སྔགས་རྙིང་མའི་ཐ་སྙད་བྱེད་པ་ཡིན་ནོ། །དགེ་ལེགས་འཕེལ། །

ལྷ་མོ་དྲི་མ་མེད་པ་ལུང་བསྟན་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན། གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། ། ཞེས་ལུང་བསྟན་མངོན་གྱུར་འབྱུང་བཞིན་པའི་སྐབས་འདིར། བོད་ཀྱི་མཁས་པ་དང་། བླ་མ། གྲྭ་བ་དགེ་བཤེས་སོགས་མང་པོ་ཞིག་ཀྱང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་བཞིན་ཡོད་པ་དང་། དུས་མཚུངས་གསུང་སྐད་མ་མཁྱེན་པ་དང་ཡུལ་ཁྲིམས་སོགས་ཀྱི་དབང་གིས་ཟ་ཁང་སོགས་ནང་ཕྱག་ལས་གནང་སྐབས་པཎྜི་ཏ་སྨྀ་ཏིའི་ལོ་རྒྱུས་དྲན་གསོ་རེ་གནང་ན་ཐུགས་ཕམ་གསོ་ཐུབ།

རྟེན་འབྱུང་ནས་༢༠༡༤། ༨། ༤

རྩོམ་འདིར་མཆན་པ་འགའ་ཤས་ཀྱིས་བཏབ་པའི་མཆན་དཔྱད་གཞིའི་རིན་ཐང་ཅན་རེ་གཉིས་ཚུར་དྲངས།

1.དྲི་མེད་ལྷག་བསམ། ་ལགས་ཀྱིས་སྤེལ་དོན།:

པཎྜི་ཏ་སྨྲི་ཏི་ཛྙཱ་ན་ཀཱིརྟིའི་རྣམ་ཐར་ཐོ་རེ་བ་བོད་ཀྱི་རྒྱུས་རྣམས་ལས་བྱུང་ཡང་དཀྱུས་གཅིག་ཏུ་བཀོད་པ་མ་མཇལ། སྨྲ་སྒོ་མཚོན་ཆ་ཁོང་གི་གསུང་ཡིན་པ་ཡོངས་གྲགས་རེད། དེའི་འགྲེལ་བ་ཐོག་མ་རོང་ཟོམ་ཀྱི་མཛད་པའང་སྔ་འགྱུར་པ་ལ་རྩོད་མེད་ཏུ་གྲགས། སྨྲི་ཏིའི་བོད་འགྱུར་གྱི་ཆོས་སྐོར་མང་ཆེ་བ་འཇམ་དབྱངས་ཀྱི་ཆོས་སྐོར་རེད། སྐབས་དེར་གསང་འདུས་དར་བའི་སྐབས་ཡིན་པས།སྔ་འགྱུར་གསང་འདུས་ཀྱི་སྐོར་ཡང་ཁོང་གིས་བསྒྱུར་གནང་པ་རེད། དཔེར་ན། མཚན་བརྗོད་སྒེག་རྡོར་འགྲེལ༎འཇམ་དཔལ་གསང་ལྡན། མཚན་བརྗོད་སྒོམ་ཁོག ཆོ་ག་དཔལ་ལྡན་བྱང་ཆུབ་ཀྱིས་མཛད་པ། རབ་གནས་ཤནྟཾ་གརྦྷས་མཛད་པ། སྤྱན་དབྱེ་དང་། གསང་ལྡན་གྱི་ཐོ་ཡིག སངས་རྒྱས་ཡེ་ཤེས་ལུགས་སྦྱོར་དྲུག གསང་འདུས་རྩ་བའི་རྒྱུད་དང་རྒྱུད་ཕྱི་མ་བླ་མའི་མན་ངག་ལྟར་བྲིས་པ། རྣམ་འཇོམས་གཟུངས་ཀྱི་མན་ངག་སོགས་སྨྲི་ཏི་རང་གིས་མཛད་པ། དགེ་བསྙེན་མ་སྙན་གྲགས་དགེ་མའི་མཛད་པའི་འཇམ་དཔལ་གྱི་སྒྲུབ་ཐབས་དང་ཆོ་ག ངན་སོང་སྦྱོང་བའི་སྒྲུབ་ཐབས་ཀུན་སྙིང་གིས་མཛད་པ། སློབ་དཔོན་བདེ་བའི་སྨྱུ་གུས་མཛད་པའི་རྣམ་འཇོམས་འགྲེལ། སློབ་དཔོན་ཡེ་ཤེས་སྙིང་པོའི་མཛད་པའི་ལྷ་མོ་བཞིས་ཡོངས་སུ་ཞུས་པའི་མན་ངག་རྒྱས་པ་དང་རྣམ་བཤད་སོགས་བཞུགས། འགྱུར་རྩལ། མན་ངག་ཐུགས་དམ་སོགས་ཤེས་པར་འདོད་ན་པོ་དོང་པཎ་ཆེན་གྱི་འདུས་པ་ཆེན་པོའི་སྐོར་ལ་གཟིགས་འཚལ།

2.སངས་རྒྱས་དཔའ་བོ། ་ལགས་ཀྱིས་སྤེལ་དོན།:

༄༅། །གླིང་རྗེ་གེ་སར་དང་པཎ་ཆེན་སྨྲྀ་ཏི་གཉིས་དུས་མཉམ་ཡིན་པའི་སྐོར།
རྩོམ་པ་པོ། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས།
རྒྱལ་བ་ཙོང་ཁ་པ་ཆེན་པོ་སྐུ་མ་བལྟམས་གོང་དང་ཞལ་བཞུགས་པའི་དུས་དང་མྱ་ངན་ལས་འདས་པའི་ཕྱི་ནས་ཏེ་ལན་བདུན་གྱི་བར་དུ་གངྒའི་ནང་ནས་རང་བྱུང་དུ་བྱོན་པའི་རྒྱ་གར་གྱི་ལི་རིགས་འདྲ་བ་ངོ་མཚར་ཤིན་ཏུ་ཆེ་བ་ཡོང་བར་གནང་སྟེ། དེ་དག་ལས་རིང་བསྲེལ་ཅན་གཅིག་རྡོ་རྗེ་འཆང་ལྕང་སྐྱ་རིན་པོ་ཆེའི་ཐུགས་དམ་རྟེན་དུ་ཡོད་ཚོད་ལས་ཧ་ཅང་ངེས་པོ་མེད། སྨྲྀ་ཏིའི་ཕྱག་ཚ་པར་ཡུལ་བྱང་ངམ་རིང་གི་ས་ཆར་གཅིག་དང་རྟ་ནག་རྒྱང་མཁར་ཕྱུག་པོར་གཅིག ཤངས་ཆུམས་ཀྱི་ཡུལ་དུ་གཅིག་རྣམས་ཡོངས་གྲགས་ཡིན་ཅིང་། ཁམས་སུ་ཕེབས་ནས་འགྲོ་དོན་མཛད་སྐབས་གླིང་རྗེ་གེ་སར་གྱིས་བདུད་ཧོར་ལྗང་གསུམ་བཅོམ་ཞིང་། རྒྱ་དང་གཡུལ་མ་འཁྲུགས་ཀྱི་བར་དེར་པཎ་ཆེན་གྱི་དགོན་པར་གཟུག་པའི་དད་བླངས་མཛད་སྐབས་སྔར་གྱི་ཧོར་གྱི་བུ་བསད་པས་མནའ་ཟོས་པའི་འབྲས་བུར་རྒྱལ་པོ་རྩིག་པའི་སྟེང་ནས་ལྷུང་སྟེ་དབུ་ཆག་པར་པཎ་ཆེན་སྨྲྀ་ཏིའི་ཚ་ཚའི་ལྷག་གི་འཇིམ་པ་བླངས་ཏེ་སྡེམ་བྱས་པས་དབུ་འཕྲལ་ལ་གསོས་པའི་ལོ་རྒྱུས་འདུག་པས་དེར་དཔགས་ན་ཁམས་སུ་ཡང་ཚ་ཚ་མང་དུ་ཡོད་ཚོད་འདུག ༼མདོ་སྔགས་ཀྱི་གནད་རྣམས་ལ་དྲི་བ་ཞུས་པའི་ལན་རྣམས་ཆབས་ཅིག་ཏུ་བསྡེགས་པ་བཞུགས་སོ༽(སྣ་རིང་མ)ཞེས་པའི་ཤོག་གྲངས༥བ་ནས་བཤུས། །)

3ལ་དྭགས་བློ་བཟང་འཇམ་དཔལ་ ་ལགས་ཀྱིས་སྤེལ་དོན།:

སྨྲ་སྒོ་མཚོན་ཆ་ནི་རྒྱ་གར་གྱི་བརྡ་སྤྲོད་ཅིག་གོ བོད་ཀྱི་བརྡ་ལ་རབ་ཏུ་མི་འབྱོར་བ་ཞིག་ཡོད་པས། སི་ཏུ་ཚང་གིས་ཀྱང་བཀའ་བཀྱོན་ཞེ་དྲག་གནང་ཡོད་རེད། སི་ཏུ་པཎ་ཆེན་གྱི་སུམ་རྟགས་འགྲེལ་པ་ཆ་ཚང་ཞིག་གདག་གིས་སློབ་གྲོགས་གར་ཞ་པ། མཁས་དབང་སྐུ་གཤེགས་དངོས་གྲུབ་ཚེ་རིང་མཆོག་དང་ལྷན་ཏུ། བོད་སྐད་སྦྱོར་བ་ལ་མངའ་བརྙེས་པ། དཔལ་ལྡན་བླ་མ་དམ་པ། དོན་གྱི་སླད་དུ་མཚན་ནས་སྨྲོས་པ། བསྟན་འཛིན་རྒྱལ་མཚན་ཞལ་སྔ་ནས་༡༩༦༠མགོ་སྟོད་དུ། ཝཱ་རཱ་ཎ་སཱིར་ཞུ་བའི་སྐལ་བ་བཟང་པོ་བྱུང་། བསྟན་བཅོས་འདི་ནས་གསུངས་པ་དེ་དག། གནའ་བོའི་བོད་ཀྱི་སྐད་ཀྱི་མིང་ཚིག་འབོད་ཚུལ་བདག་གི་ལུང་པར་ལུས་ཡོད་པ་དང་ཆེས་མཐུན། ལྷག་པར་དུ་བདག་སྒྲ་ལ། ངའི་ཁ་སྐད་དུ། ལྷ་ས་པ་དང་། རྒྱུ་གར་པ་ཞེས་པ་སོགས་སི་ཏུ་པཎ་ཆེན་གྱི་སུམ་ཅུ་པའི་འགྲེལ་པ་དང་ཆེས་མཐུན་པ་ཡོད། སྨྲ་སྒོ་མཚོན་ཆ་རྩད་ཆེན་པོ་ཡིན་པས། སི་ཏུས་ལེགས་ཆ་མང་པོ་ལ་མོས་མཐུན་ཡོད་པ་དག་ལ་ལེགས་པར་སློབ་སྦྱོང་དགོས།ལོ་ན་ཚོད་ཀྱི་ཆ་ནས་ང་རྒན་རུང་། ལུས་ཐང་ལྷོད་ཀྱི་ཆ་ནས་ཆ་ནས་ཁྱོད་སྟོབས་ཆེའམ་བདག་ཆེ། དངོས་སུ་འགྲན་བསྡུར་བྱེད་ན། མ་གཏོགས་མི་ཤེས། འོན་ཀྱང་བདག་གི་ལུས་འདི་ནི་མི་རྟག་པ་རི་གཟར་གྱི་ཆུ་འབབས་པ་དང་འདྲ་བར་སེམས་སོ།

གཞན་ཡང་སྨྲ་སྒོ་མཚོན་ཆ་བོད་སྐད་ཀྱི་ཆེད་དྱ་བརྩམས་སམ་རྒྱ་གར་གྱི་སྐད་ཀྱི་ཆེད་དུ་བརྩམས། བསྟན་བཅོས་དེ་ལ་རྒྱུས་ཡོད་པ་དགོས། “སྨྲ་སྒོ་མཚོན་ཆ་ནི་རྒྱ་གར་གྱི་བརྡ་སྤྲོད་ཅིག་གོ བོད་ཀྱི་བརྡ་ལ་རབ་ཏུ་མི་འབྱོར་བ་ཞིག་ཡོད་པས།” ཞེས་པ་ནི་མ་རིག་པའི་དབང་གིས་བཤད་པར་མཐོང་། སི་ཏུ་པཎ་ཆེན་གྱིས་ལུང་བཀོད་པ་དག་ལ་བལྟ་ན། བོད་སྐད་ཀྱི་བརྡ་སྤྲོད་ཡིན་པར་ཆེས་གསལ་ལོ།