(མ་རྩོམ་དུ་མི་སྣ་རྣམས་ཀྱི་མིང་ཆ་ཚང་བ་བྲིས་འདུག་ཀྱང། འགྱུར་དུ་དེ་ལྟར་བྲིས་ན་ཡིག་ཚོགས་ཆེ་བ་དང་ཀློག་མི་བདེ་བས་མི་སྣའི་མིང་དང་པོ་རྣམས་མ་གཏོགས་བྲིས་མེད། མི་སྣ་གཙོ་བོ (Michael Landy) གྱི་མིང་བརྗོད་དོན་ཚན་པར་སོ་སོ་རུ་མིང་དང་པོའམ་ཡང་ན་གཉིས་པ་བྲིས་འདུག་པས། དེ་ཡང་ཀློག་བདེ་ཆེད་འགྱུར་དུ་མིང་དང་པོ་མ་ཁལ་ཞེས་བྲིས་ཡོད། སྒྱུར་བ་པོ་རིན་ཆེན་དབང་རྒྱལ་གྱིས།)

ནང་དོན་མདོར་བསྡུས། མ་ཁལ་ལན་ཊིས་ཉེ་ཆར་བྷེ་སེལ་རུ་སྒྱུ་རྩལ་གསར་པ་ཞིག་བཤམ་སྟོན་བྱེད་ཀྱི་ཡོད་པ་དང་། ཁོང་ནི་ ༢༠༠༡ ལོར་རང་གི་བཅའ་དངོས་ཡོད་ཏོ་ཅོག་སྒྱུ་རྩལ་གྱི་རྣམ་པའི་ཐོག་གཏོར་བཅོམ་བྱས་པའི་སྙན་གྲགས་ཅན་གྱི་སྒྱུ་རྩལ་བ་ཡིན། ཨ་ལ་སི་ཊར་སོ་ཀིས (Alastair Sooke) ཁོང་དང་ཐུག་འཕྲད་ཀྱིས་གླེང་མོལ་བྱས་ཡོད།

ལོ་རབས་ ༩༠ ནང་གི་ཉིན་ ༡ དབྱིན་ཇིའི་སྒྱུ་རྩལ་བ་མ་ཁལ་ལན་ཊི་ལ་སྒྱུ་རྩལ་རྨང་བཅོས་ཀྱི་རྟོག་འཆར་ཞིག་བྱུང་སྟེ། རང་ཉིད་ལ་བདག་པའི་བཅའ་དངོས་ཡོད་ཏོ་ཅོག་མི་མང་འདུ་སར་གཏོར་བཅོམ་བྱེད་པར་ཐག་བཅད་པ་རེད། རྟོག་འཆར་དེ་སླ་པོ་ཞིག་ཡིན་ཀྱང། དེས་རྙོག་འཛིངས་ཆེ་བའི་ཚོར་སྣང་ངོ་མཚར་ཅན་ཞིག་བསྐྲུན་ཡོད། དེ་ལྟར་གཏོར་བཅོམ་བྱེད་པར་ཉེ་རབས་ཀྱི་སྒྱུ་རྩལ་བ་དང་དུས་ཡུན་གཅིག་གི་སྒྱུ་རྩལ་བྱ་གཞག་ཅེས་བཤམ་སྟོན་བྱེད་པའི་ཁེ་མེད་ལྷ་མོ་སྒྱུ་རྩལ་ཚོགས་པ་ (Artangel) ཞེས་པ་དང་མཉམ་འབྲེལ་བྱས།

ལོ་ ༣ ཡི་རྗེས་ཏེ། ༢༠༠༡ ལོར་རང་གི་བཅའ་དངོས་གྲངས་ ༧༢༢༧ ཐམ་པ་ཐོ་གཞུང་ཆེན་པོའི་ཞིག་གི་ངོས་སུ་བཀོད་དེ། ལོན་ཊོན་དབུས་ཀྱི་ཨོ་སི་ཧྥོར་ཊིའི་སྲང་ལམ་ཁྲོད་ཀྱི་ཚོང་ཁང་སྟོང་པ་ཞིག་ཏུ་སོང་སྟེ་དེར་གཅིག་པུར་བསྡད་ཡོད། མདུན་དུ་འདེགས་འཁོར་ཞིག་གི་སྟེང་དུ་རང་གིས་བགྲང་བྱ་ ༣༧ ལ་བསྡུ་རུབ་བྱས་པའི་བཅའ་དངོས་རྣམས་གཞོང་པ་སེར་པོ་འགའ་ཤས་ཀྱི་ནང་དུ་བླུགས་ཏེ་གཏོར་བཅོམ་བྱ་རྒྱུ་གྲ་སྒྲིག་བྱས། མ་ཁལ་དང་ལས་རོགས་ ༡༢ ཀྱིས་གཟའ་འཁོར་ ༢ ལ་ཊ་འི་ཊི་དང་ཇོའོ་གཉིས་ཀྱི་བཀའ་མོལ་ལ་ཉན་བཞིན་རང་གི་བཅའ་དངོས་ཡོད་ཏོ་ཅོག་སྟེ། གོན་བཟན་དང། བརྩེ་འཕྲིན། སྒྱུ་རྩལ་གྱི་བཅའ་དངོས། (Saab 900 Turbo car) རྟགས་ཅན་གྱི་རླངས་འཁོར། ཐ་ན་རང་གི་ཕ་རྒན་གྱི་ལུག་བལ་སྟོད་ཐུང་དང་བཅས་པ་ཁ་ཤས་ཕྲལ། ཁ་ཤས་ལྷུ་ལག་བཀྲོལ། ཁ་ཤས་བཅག་བཀྲུམ་བྱས། ལྷག་མ་རྣམས་གཏོར་བཅོམ་བྱས། གཏོར་བཅོམ་མཇུག་བསྒྲིལ་རྗེས་སྒྱུ་རྩལ་པ་ཁོང་ལ་རང་གིས་གཏོར་བཅོམ་ལས་གཞི་རྩོམ་པའི་རིང་ལ་གྱོན་པའི་བཟོ་གྲཱའི་གོས་བཟན་ཚོན་མདོག་སྔོན་པོ་ཅན་དེ་ལས་གང་ཡང་མེད་པར་གྱུར། ཁོང་གིས་དེ་ལ་གཏོར་བཅོམ་ཞེས་བཏགས་པ་རེད།

ཉེ་ཆར་ལན་ཊི་ཡིས་བྷེ་སེལ་ས་ཆའི་ཊན་གྷུལ་འགྲེམ་སྟོན་ཁང་དུ་རང་གི་གཏོར་བཅོམ་སྒྱུ་རྩལ་གྱི་ལས་གཞི་མཚོན་པའི་གོ་རིམ་བྲལ་བ་ཞེས་པའི་སྒྱུ་རྩལ་འགྲེམ་སྟོན་ཞིག་སྒོ་འབྱེད་བྱས་རྗེས་སུ་ཁོང་གིས་ང་ལ། “དེ་ནི་ངའི་མི་ཚེའི་ནང་བདེ་སྐྱིད་ཆེ་ཤོས་ལྡན་པའི་གཟའ་འཁོར་གཉིས་ཡིན། སྐབས་དེར་ཡུན་ཙམ་རིང་ངས་རང་ཉིད་ཤི་ཚར་བ་ལྟ་བུའི་མཐོང་སྣང་ཞིག་བྱུང། གང་ཡིན་ཟེར་ན། ལོ་མང་པོར་མ་མཐོང་བའི་མི་མང་པོ་ཞིག་འབྱོར་ཞིང། ཁོང་ཚོ་ངའི་ཕུང་པོ་ཞུགས་འབུལ་ལ་ཡོང་བའི་སྣང་བ་བྱུང། དེ་ལྟར་ན་ཡང་སེམས་འཕང་གཟེངས་སུ་བསྟོད་པའི་ཚོར་སྣང་དངོས་ཤིག་བྱུང། དེ་སྔོན་སུས་ཀྱང་རང་ཉིད་ལ་བདག་པའི་བཅའ་དངོས་ཡོད་ཏོ་ཅོག་གཏོར་བཅོམ་བྱས་མྱོང་མེད།”ཅེས་ཟེར།

འཛད་སྤྱོད་གཏོར་བཅོམ།

ལན་ཊིའི་གཏོར་བཅོམ་སྒྱུ་རྩལ་གྲུབ་སྟེ་བགྲང་བྱ་ ༡༥ འགྲོ་གི་ཡོད་ཀྱང། ད་དུང་དབྱིན་ཇི་རྒྱལ་ཁབ་ཀྱི་སྒྱུ་རྩལ་རྩེ་གྲས་སུ་བརྩི་ཡི་ཡོད། དེར་མ་ཟད་ ༢༠༠༡ ནས་ནུབ་ཕྱོགས་སུ་འཛད་སྤྱོད་སྐོར་གྱི་གོ་རྟོགས་སྤེལ་མཁན་ཇེ་མང་དུ་གྱུར་ཞིང། དཔེར་ན། ཡུ་ཊུབ་ཟིན་བྲིས་པ་ཛོ་ལ་ཡིས་རང་ནུས་ཅི་ལྕོགས་ཀྱིས་འཛད་སྤྱོད་པ་རྣམས་ཀྱི་ཉོ་ཆས་ལྟོ་ཕད་འཚོལ་ཞིབ་བྱེད་པའི་ལས་འགུལ་བརྩམས་ཏེ་མི་དཀྱུས་མའི་འཛད་སྤྱོད་སྐྱེལ་འདྲེན་ཞེས་པ་སྲུང་བརྩི་ཞུ་ཡི་ཡོད། དེ་ནི་འབྱུང་འགྱུར་འཛད་སྤྱོད་ཀྱི་སྔོན་དཔག་ངོ་མཚར་ཅན་ཞིག་ཆགས་པ་རེད། ཇམ་སི་ཡིས་ཉེ་དུས་ལྷ་མོ་སྒྱུ་རྩལ་ཚོགས་པའི་འགན་འཛིན་གྱི་མཚན་ཐོག་ནས་ཚོགས་པ་དེ་དབུ་བརྙེས་ཏེ་བགྲང་བྱ་ ༢༥ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་ཡོད་ལ། ལན་ཊིའི་གཏོར་བཅོམ་སྒྱུ་རྩལ་ལས་དོན་ལ་རོགས་རམ་བྱས་ཡོད། ཁོང་གིས་”ང་ཚོས་ཉེ་རབས་ཀྱི་དཀའ་ངལ་རྣམས་ཕྱི་རུ་བཏོན་ཏེ་སྒྱུ་རྩལ་མཚོན་ཐུབ་བྱས་པ་རེད། ང་ཚོའི་རིག་གཞུང་ཁྲོད་མི་མང་རྣམས་ཀྱིས་གནོད་ཤུགས་དྲག་པོའི་འོག་འཛད་སྤྱོད་བྱེད་པ་ཇེ་མང་དུ་འཕེལ་གྱི་ཡོད་ལ། ད་དུང་གནོད་ཤུགས་དེ་དག་ལས་ཇི་ལྟར་གྲོལ་ཐུབ་བམ་སྙམ་པའི་བློ་མི་བདེ་བའི་ཚོར་སྣང་ཀྱང་ཤུགས་ཆེ་སྐྱེ་ཡི་ཡོད། མ་ཁལ་གྱིས་སྒྱུ་རྩལ་གྱི་ལམ་ནས་རང་གི་བཅའ་དངོས་གཏོར་བཅོམ་བྱས་ཏེ་ང་ཚོའི་ཉེ་དུས་ཀྱི་དཀའ་ངལ་ཆ་ཤས་གཅིག་ལ་གཏིང་ཟབ་མོས་འཛུབ་མོ་བཙུགས་ཏེ་ཕྱིར་བཏོན་པ་རེད།”ཅེས་ཟེར།

སྐབས་དེར་མ་ཁལ་གྱི་གཏོར་བཅོམ་ལས་གཞི་ལ་རྣམ་འགྱུར་སྟོན་མཁན་ནི་ཡ་མ་ཟུང་ཞིག་རེད། ལས་གཞི་བརྩམ་ཡུལ་སྔོན་མར་དྷ་ཆི་དཔེ་གསར་ཚོང་ཁང་(ད་ལྟ་རིན་གོང་ཆུང་བའི་གོས་ཚོང་ཁང་ཕི་རི་མར་ཁི་ཟེར་བ་དེ་དང་ཁང་པ་གཅིག་ཡིན།) ཟེར་བ་དེ་རེད། མ་ཁལ་གྱིས “དེ་ནི་གཏོར་བཅོམ་ལས་གཞི་བརྩམ་སའི་ས་ཆ་ལེགས་ཤོས་དེ་རེད། གང་ཡིན་ཟེར་ན། མ་གཞི་དེ་སྒྱུ་རྩལ་འདྲ་དཔར་བཤམ་སྟོན་བྱེད་ཡུལ་ཞིག་མིན་ཀྱང། མི་རྣམས་དེར་སོང་སྟེ་འཛད་སྤྱོད་བྱེད་ཀྱི་ཡོད”ཅེས་ཟེར། ལྷག་པར་དུ་ཇམ་སི་ཡིས་ཟེར་བ་ལྟར་ན་དེ་ནི་དབྱིན་ཇི་ཡུལ་གྱི་འཛད་སྤྱོད་བྱེད་མཁན་ཆེས་མང་བའི་འཛད་སྤྱོད་ལྷ་ཁང་སྟེ་་ཨོ་སི་ཧྥོར་ཊིའི་སྲང་ལམ་དུ་ཁེལ་ཡོད་པ་དང། དེར་བརྟེན། ནམ་རྒྱུན་མི་རྣམས་དེར་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད་སྟབས་དེར་ཁོ་ཚོས་ཉེ་རབས་ཀྱི་སྒྱུ་རྩལ་ཞིག་བཤམ་སྟོན་བྱས་ཡོད་པ་མི་ཤེས་པ་ཡིན། ཁོ་ཚོས་དང་པོ་གཏོར་བཅོམ་བཅའ་དངོས་བཤམ་སྟོན་བྱ་ཡུལ་ཁང་དུ་འཛུལ་སྐབས་དེ་དག་ཚོང་རྫས་ཤིག་རེད་སྙམ་པ་ཡིན། མ་ཁལ་གྱིས་ཅུང་ཟད་ལོ་ན་ཆེ་བའི་རྒན་མོ་གཉིས་ཀྱིས་ཧྡ་ཆི་དཔེ་གསར་ཚོང་ཁང་ནས་ཉོས་པའི་གོས་བཟན་རྣམས་ཁྱེར་ཏེ་དེར་བསླེབས་བྱུང། འོན་ཀྱང། ཇམ་སི་ཡིས་དེར་ལྟད་མོ་ལྟ་མཁན་རྣམས་ཀྱིས་བཅའ་དངོས་རྣམས་འདྲེད་འཁོར་སྟེང་ནས་བླངས་ཏེ་གཏོར་བཅོམ་བྱས་པ་མཐོང་བ་དང་། ཁོ་ཚོ་རྦད་དེ་བློ་མི་བདེ་བ་དང་དངངས་སྐྲག་ལངས་ཡོད་ཟེར། ཁོང་ཚོ་དངངས་སྐྲག་ལངས་དོན་ཅི་ཡིན་ནམ་ཞེས་དྲིས་པར། ཁོང་གིས་མི་མང་པོ་ཞིག་གིས་ཁང་པའི་ནང་ཆས་དཔེར་ན་དཀར་ཡོལ་ལྟ་བུ་བཅགས་པ་ནི་མཐོང་མྱོང་ཡོད་ཀྱང། འོན་ཀྱང། ཁོ་ཚོས་མི་སྒེར་གྱི་དྲན་རྟེན་དང། འཕྲིན་ཡིག འདྲ་དཔར། སྒྱུ་རྩལ་གྱི་བཅའ་དངོས་རྣམས་གཏོར་བཅོམ་བྱས་པ་མཐོང་མ་མྱོང་སྟབས་རྦད་དེ་བློ་བག་མི་ཕེབས་པ་ཆགས་པ་རེད་ཅེས་ཟེར།

གཏོར་བཅོམ།

དེར་བརྟེན། འགྲེམ་སྟོན་བྱེད་ཡུལ་དེར་མི་སྟོང་ཕྲག་འགའ་ཤས་འཛོམས་ཡོད་པ་དང། ཁོ་ཚོས་རང་དང་རང་གི་བཅའ་དངོས་བར་གྱི་འབྲེལ་བ་ཅི་ཡིན་སྐོར་ལ་བསམ་བློ་འཁོར་སྟེ་ཚང་མའི་གདོང་ངོས་སུ་ཡིད་མུག་པའི་སྣང་བ་རེ་ཤར་འདུག ཕྱོགས་གཅིག་ནས་སྒྱུ་རྩལ་གཏོར་བཅོམ་འདི་དུས་རབས་ ༢༡ གི་ནུབ་ཕྱོགས་པའི་བག་མེད་ལོངས་སྤྱོད་ཀྱི་འཛད་སྤྱོད་མེར་སྲེག་པའི་མེ་གོང་ལྟ་བུ་ཞིག་རེད། མ་ཁལ་གྱིས “འདིའི་བསྟན་དོན་གཅིག་ནི་ང་ཚོའི་ཁ་ཕྱོགས་གང་དུ་ཕྱོགས་ཡོད་ཟེར་བ་དེ་རེད། ང་ཚོར་ཇི་ཙམ་བཅའ་དངོས་ཡོད་པ་དེ་ཙམ་གྱིས་ལམ་ལྷོང་འབྱུང་བ་བརྩི་ཡི་རེད། འོན་ཀྱང། གལ་ཏེ་ང་ཚོ་མི་རེས་བཅའ་དངོས་ ༧༢༢༧ རེ་བདག་གིར་བྱས་ཚེ་ས་ཡི་གོ་ལ་འདི་མེད་པ་ཆགས་པ་ཡིན།”ཅེས་ཟེར། གཞན་ཡང། གཏོར་བཅོམ་འདི་ཉེ་རབས་ཀྱི་དངོས་པོའི་དཔལ་ཡོན་འཛད་སྤྱོད་བྱེད་པའི་དྲན་རྟེན་ཏེ། དེས་ང་ཚོས་རང་རང་གི་ངོ་བོ་འཛུགས་སྐྲུན་དང་གཞན་ལ་འབྲེལ་གཏུག་བྱེད་པར་འཛད་སྤྱོད་ལ་ལོངས་སྤྱོད་པ་མཚོན་ཡོད། ལྷག་པར་དུ་ངར་ཤ་ཆེ་བའི་མི་ཞིག་གིས་རང་ཉིད་ཀྱིས་དངོས་པོའི་དཔལ་ཡོན་རྣམས་ཤུལ་མེད་དུ་བཟོས་པ་མཚོན་གྱི་ཡོད། མ་ཁལ་གྱིས་ཟེར་བ་ལྟར་ན་དེར་མ་ཟད་དེས་ད་དུང་མི་ཞིག་གིས་རང་གིས་བདག་གིར་བྱས་པའི་བཅའ་དངོས་རྣམས་རང་བདག་གི་བཙན་གནོན་ལས་རང་དབང་ཐོབ་པའི་བདེ་སྐྱིད་ཀྱང་མཚོན་གྱི་ཡོད། དེས་ན་འདིས་ཕྱོགས་གཉིས་ཀྱི་དོན་སྙིང་མཚོན་པ་དང། མདོར་ན། དེས་དེ་ལྟར་ཕྱོགས་གཉིས་མཚོན་པའི་དོན་སྙིང་འདུས་ཡོད།

ཇམ་སུ་ཡིས་དོན་དངོས་ཐོག་གཏོར་བཅོམ་འདིས་འཛད་སྤྱོད་ལ་ཐད་ཀར་རྒོལ་བརྡུང་བཏང་བ་གཅིག་པུ་མིན་པར། དེ་ལས་ལྷག་པ་སྟེ། ང་ཚོ་སུ་ཡིན་པ་དང་ང་ཚོས་བཅའ་དངོས་བདག་གིར་བྱེད་པའི་ཆགས་པ་གཉིས་བར་གྱི་འབྲེལ་བ་རྙོག་འཛིང་ཅན་དེ་མཚོན་གྱི་ཡོད། གཏོར་བཅོམ་འདིས་ནུབ་ཕྱོགས་སྤྱི་ཚོགས་ཀྱི་བཅའ་དངོས་དང་དེ་བདག་གིར་བྱེད་པ་གཉིས་མཚོན་གྱི་ཡོད་པ་ནི་སྨོས་ཅི་དགོས། འོན་ཀྱང། དེ་ལས་ལྷག་པའི་དྲི་བ་ཞིག་ནི། ང་སུ་ཡིན་ཟེར་བ་འདི་མཚོན་པ་རེད་ཅེས་ཟེར།

མ་ཁལ་གྱིས་ཡང་ཕྱོགས་གཅིག་ནས་འདི་རང་ཉིད་གསལ་བའི་མེ་ལོང་ཡིན་ཞིང། དར་ཡོལ་སྒྱུ་རྩལ་བ་ཞིག་གི་རང་ཉིད་དར་ཡོལ་ལོན་པའི་སེམས་འཚབ་མཚོན་པའི་ཁ་བྱང་ཞིག་ཀྱང་ཡིན། ཐོ་གཞུང་འཆར་འགོད་པ་རྣམས་ཀྱིས་ཁོང་གི་བཅའ་དངོས་རེ་རེ་བཞིན་ཐོ་འགོད་བྱས་ཏེ་ལོ་གཅིག་ལས་ལྷག་འགོར་ཡོད་པ་དང། ད་རེས་ཐོ་གཞུང་དེ་ཊན་གྷུ་ལེ་འགྲེམ་སྟོན་ཁང་གི་རྩིག་ངོས་སུ་རེའུ་མིག་ཆེན་པོ་ཞིག་གི་རྣམ་པའི་ཐོག་བཤམ་སྟོན་བྱས་ཡོད། མ་ཁལ་གྱིས་ཞིབ་ཚགས་པོའི་ངང་རང་ཉིད་ལ་ཡོད་པའི་ཐ་ན་གློག་བརྙན་སྒྲ་སྡུད་འཕྲུལ་ཆས་ལས་བཤུས་པའི་འགྱིག་ཤོག་ཆུང་ངུ་རིགས་ཚུན་ཆད་ཐོ་གཞུང་དེར་བཀོད་ཡོད། ད་དུང་ཙག་སྒྲ་དང་། སྣམ་བུའི་སྐུད་པ། གཙང་ཤོག འགྱིག་གི་ལྟོ་ཕད་བཅས་ཀྱང་བཀོད་ཡོད་ཟེར།

གང་ལྟར་ཀྱང་དེ་ལ་བརྟེན་ནས་ཕྱོགས་ཡས་མས་ཀྱི་བློ་དཀར་གྲོགས་པོ་རྣམས་ཀྱང་རྙེད་ཐུབ་ཡོད། དཔེར་ན། བཅའ་དངོས་གྲངས་ ༣༣༥༦ མཛུབ་གནོན་ཐོ་འགོད་བྱས་ཏེ་རང་གི་དགའ་རོགས་སྒྱུ་རྩལ་བ་གྷི་ལེན་ཝེ་རན་ལ་སྤྲད་དེ། མོ་ལ་ཨ་ཅོར་ཁྲུས་ཁང་གི་ཞ་ལའི་ངོས་སུ་གཡུག་རྒྱུ་མེད་པའི་སྐུལ་མ་བྱས། དེ་དང་དུས་མཉམ་དུ་བཅའ་དངོས་ ༣༤༠༩ གྲངས་ཚད་ནི་ཁོང་གི་སྒྱུ་རྩལ་ཆེད་རྩོམ་གྱི་བརྗོད་གཞི་ཡིན་ཞིང། རང་གི་དགའ་རོགས་ཟུར་པ་དང་སྒྱུ་རྩལ་བ་ཨ་བྷི་གེལ་ལན་དང་མོའི་སློབ་གྲོགས་གཉིས་ལ་དབྱིན་སྒོར་ ༡༠༠༠ སྤྲད་དེ་ཁོང་གི་ཚབ་ཏུ་ཆེད་རྩོམ་འབྲི་རུ་བཅུག

མ་ཁལ་ལྟ་བུའི་གཏོར་བཅོམ་སྒྱུ་རྩལ་ལས་གཞི་རྩོམ་མཁན་དེ་སྔོན (༡༩༩༠) མར་ཁེ་ཊི་ཟེར་བ་ཞིག་བྱུང་ཡོད་པ་དང། ཁོང་གིས་ཀྱང་མ་ཁལ་ལྟར་བཅའ་དངོས་ཀྱི་རིན་ཐང་དང་སྤྱི་ཚོགས་སྐོར་གྱི་དྲི་བ་ལ་ལན་འཚོལ་ཞིབ་བྱས་ཡོད། ད་དུང་ཉོ་འཚོང་ཆག་ཡང (༡༩༩༢) དང། ཆག་གྲུམ་གྱི་ཞབས་ཞུ (༡༩༩༥) ཟེར་བ་གཉིས་ཀྱང་བྱུང་མྱོང་ཡོད། མ་ཁལ་གྷོ་ཊི་སི་མི་ཐི་སློབ་གྲྭ་ནས་མཐར་ཕྱིན་པ་དང་ཁྲོམ་ར་ཞེས་པའི་སྒྱུ་རྩལ་སྒྲིག་བཤོམ་ཞིག་བཟོས་ཡོད་ཅིང་། སློབ་གྲྭ་དེ་ནི་རང་ཉིད་དང་མི་རབས་གཅིག་ཡིན་པའི་དབྱིན་ཇིའི་ན་གཞོན་སྒྱུ་རྩལ་བ་གྲགས་ཅན་ཊ་མེན་ཧར་སི་ཊི་ཟེར་བ་དེ་ཡང་ཐོན་མྱོང་ཡོད། མ་ཁལ་གྱི་ཁྲོམ་ར་དེར་ཉེ་དུས་ཀྱི་ཁྲོམ་རའི་བཅའ་དངོས་མཚོན་བྱེད་འགྱིག་གི་བག་ལེབ་དང། མིས་བཟོས་རྩཱ། ལོན་ཊོན་ཤར་ངོས་ཀྱི་བེད་མེད་དུ་གྱུར་པའི་ཁང་པ་རྣམས་ཁྲོམ་སར་བསྟན་ཡོད། དཔེར་ན་ཤིང་ཏོག་དང་སྔོ་ཚལ་འཚོང་སའི་ཁྲོམ་སྟེགས་ཆུང་ངུ་རྣམས་ཀྱང་བསྟན་ཡོད། འོན་ཀྱང། མ་ཁལ་གྱི་ཁྲོམ་ར་ཞེས་པ་དེ་ནི་སྟོང་པ་ཡིན། བྷེ་སེལ་ནང་དུ་ཁྲོམ་རའི་ཁྲོམ་སྟེགས་ཆུང་ངུ་རྣམས་བསྐྱར་དུ་བཟོས་ཏེ་གོ་རིམ་བྲལ་ཞིང། མགོ་མེད་མཇུག་མེད་ཀྱི་ཚུལ་དུ་བསྐྱར་ཞིབ་བྱ་ཆེད་སྒྲིག་བཤོམ་བྱས། མ་ཁལ་གྱིས “ཁྲོམ་རའི་ཁྲོམ་སྟེགས་ཆུང་ངུ་མི་འདྲ་བ་དེ་དག་དབྱིན་ཇིའི་མཐའ་འཁོར་གྱི་དེའུ་ཚོགས་སྐོར་བ་ལྟར་མཉམ་དུ་སྤུངས་པ་རེད”ཅེས་ཟེར།

རང་ཉིད་ལ་འགྱུར་བ་ཅི་ཐེབས་པ།

མ་ཁལ་གྱིས་གཏོར་བཅོམ་ལས་དོན་འཆར་གཞི་བཏིང་སྐབས་ཇི་ལྟར་རང་ཉིད་ཀྱི་བཅའ་དངོས་རྣམས་གཏོར་བཅོམ་བྱེད་མིན་ཐད་དུས་ཡུན་རིང་པོར་བསམ་བློ་བཏང། དེ་ཡང་ཁོང་གིས “ངས་ཀི་རི་ཀི་ཊར་རྩེད་བྱེད་དབྱུག་པས་བཅགས་པ་དང། ཡང་ན་དུར་ཁྲོད་དུ་ཕུང་པོ་མེར་སྲེག་པ་ལྟ་བུ་བཅའ་དངོས་ཀུན་མེར་སྲེག་འདོད་མ་བྱུང།”ཞེས་ཟེར། མཐའ་མར་(a Scalextric)ཟེར་བའི་རྩེད་ཆས་སྒྲིག་གཤོམ་ལྟར་འདྲེད་འཁོར་ཆུང་ངུ་བརྒྱད་དུ་བསྒྲིགས་ཏེ་རྣམ་པ་གསར་པ་ཞིག་གི་ངོ་བོའི་ཐོག་ནས་གཏོར་བཅོམ་བྱེད་པར་ཐག་བཅད་པ་རེད། ཁོང་གིས “དེ་ལྟར་བྱས་ན་མི་རྣམས་ འདེགས་འཁོར་ཕྱོགས་སུ་འགྲོ་སྐབས་དེའི་ནང་དུ་ག་རེ་སྒྲིག་བཤམ་བྱས་ཡོད་མེད་ཤེས་ཀྱི་རེད།”ཅེས་ཟེར། འོན་ཀྱང་། རང་གི་བཅའ་དངོས་རྣམས་གཏོར་བཅོམ་བྱས་མ་ཐག་ད་དུང་འཛད་སྤྱོད་དང་གཡོལ་མི་ཐུབ་པ་ཤེས་པ་རེད། ཁོང་གིས “གཏོར་བཅོམ་གྲུབ་རྗེས་ཀྱི་སྐར་མ་ལྔ་ཡི་ནང་ཚུན་ལ་ང་ལ་ཟེར་སྡེར་གཏོང་ས་མེད་པ་ཆགས་པ་གསལ་པོ་ཡིན་ཀྱང། མི་ཞིག་གིས་ང་ལ་ཕོལ་ཝེ་ལར་གྱི་གློག་བརྙན་ཟེར་སྡེར་ཞིག་སྤྲད་བྱུང།” གད་མོ་བགད།

འོན་ཀྱང། ཁོང་གིས་མུ་མཐུད་དུ་དཔེར་ན་འཇིག་རྟེན་གྱི་འདོད་ཡོན་སྤངས་པའི་ཡི་ཤུའི་བླ་མ་ཧྥ་རན་སི་ལྟར་ཡི་ཤུ་ཆོས་ཀྱི་བསླབ་བྱ་ལྟར་སྤྱི་ཚོགས་དང་དེར་གཏོགས་ཀུན་འདོར་ནམ་ཡང་བསམས་མ་སོང་ཟེར། “འགྲོ་བ་མི་ནི་གྲུབ་སྟངས་ཀྱི་ཆ་ནས་བཅའ་དངོས་བདག་གིར་བྱེད་པ་ལ་བརྟེན་པ་ཞིག་རེད། ང་ཚོས་བཅའ་དངོས་བདག་གིར་བྱེད་པ་དང། བཅའ་དངོས་བཟོ་སྐྲུན་བྱེད་པ་ནི་ང་ཚོ་མི་ཡིན་པའི་ཆ་ནས་རེད། དེར་མ་ཟད། གཏོར་བཅོམ་དེས་སྒྱུ་རྩལ་གྱི་ལས་དོན་ཞིག་མཚོན་པ་ལས་འཚོ་གནས་ཀྱི་ལམ་ཞིག་སྟོན་གྱི་མེད།”

མ་ཁལ་གྱི་སྒྱུ་རྩལ་བཟོ་སྐྲུན་ནི་ལོན་ཊོན་གྱི་ཤར་ངོས་ཀྱི་ཤོ་རེ་ཊི་ཆི་རུ་ཡོད་པ་དང། དེ་ནི་སྟོང་ཆ་ཆུང་ངུ་ཞིག་ལས་མེད་ཅིང། དེར་དཀར་རྩི་བྱུགས་པའི་དཀར་པང་དང་འོད་མདངས་བཀྲ་བའི་ཞ་ལ་འདུག དེར་རང་གི་དགའ་རོགས་ཝེ་རན་དང་མཉམ་དུ་བསྡད་ཡོད། ཁང་པ་སྟོང་པ་དེར་ད་དུང་གློག་ཀླད་དང་མཉམ་སྦྲེལ་གྱི་སྒྲ་སྒམ་ཞིག་དང། སོ་ཧྥ་རྙིང་པ་གཅིག སྒྱུ་རྩལ་དཔེ་དེབ་ཀྱིས་ཁེངས་པའི་དཔེ་སྒྲོམ་ཞིག་འདུག དེར་མ་ཟད། བྷེ་སེལ་ནང་དུ་འགྲེམ་སྟོན་བྱེད་པར་བེད་སྤྱོད་བྱེད་པའི་རང་གི་སྒྱུ་རྩལ་མཚོན་པའི་འདྲ་བརྙན་འཆར་འགོད་ཅིག་ཀྱང་འདུག མ་ཁལ་གྱིས “མི་ཞིག་གིས་འདིར་བལྟས་ཏེ། རང་གི་བཅའ་དངོས་ཡོད་ཏོ་ཅོག་གཏོར་བཅོམ་བྱས་པའི་མི་ཞིག་ལ་ད་དུང་བཅའ་དངོས་མང་པོ་འདུག་ཅེས་ལབ་བྱུང།” གད་མོ་བགད། “དོན་ངོ་མར་ནུབ་ཕྱོགས་སྤྱི་ཚོགས་ཁྲོད་ནས་འཛད་སྤྱོད་ལས་གཡོལ་རྒྱུ་ནི་ཧ་ཅང་དཀའ་ཞིང་། དེ་ནི་ང་ཚོའི་དབུགས་འབྱིན་རྔུབ་ལྟར་ཁ་འབྲལ་ཐབས་མེད་པ་ཞིག་རེད”ཅེས་ཟེར།།

དྲ་བ་གཞན་ལས་བཤུས།