ཡིག་བསྒྱུར་པ། རྩི་ལྗང་ལོ།

ངས་ང་རང་གི་ལས་འགན་དེ་ཕྱི་ཟླ་4 ཚེས་14 ནས་འགན་ཁུར་མཚམས་བཞག་ཟིན་པ་ཡིན། གང་ཡིན་ཟེར་ན། ལོ་བཞིའི་ཡར་སྔོན་ནས་ད་ལྟའི་བར། ང་ལ་དཀའ་ངལ་དང་སྡུག་བསྔལ་མང་པོ་ཞིག་འཕྲད་སོང་། དེར་བརྟེན། ད་ལྟ་ང་བཟོད་སྒོམ་མི་ཐུབ་པའི་ཚད་དེར་སླེབས་ཡོད། དམིགས་ཡུལ་ལ་བཀག་འགོག་བྱས་པ་དང་། ལས་ཀར་འགན་ཁུར་བྱས་མ་བཅུག་པ་དེ་ཚོ། ང་ལ་མཚོན་ན་དཀའ་ངལ་རེད་འདུག ཕར་བལྟས་ཚོད་ལ་མི་སྔོན་དུ་འདྲ་ཆག་པོ་དང་ཡག་པོ་ཡོད་ཀྱང་། དོན་ངོ་མར་དེའི་རྒྱབ་ཏུ་གཉའ་གནོན་རྐྱང་རྐྱང་ཡིན་པས། ངའི་མི་ཚེ་འདི་དེ་ལྟར་སྐྱེལ་འདོད་མེད། ཕྱི་ཚུལ་དུ་འོད་དང་ལྡན་པ་ཞིག་ཡིན་རུང་། ནང་ནས་ངས་མིང་དོན་མཚུངས་པ་ཞིག་བྱེད་ཐུབ་ཀྱི་མི་འདུག་པས།འདི་ངའི་གདམ་ཁ་མཐའ་མ་དེ་རེད། ངས་ལམ་ག་འདིར་ཞུགས་མི་དགོས་པའི་ཐབས་ཤེས་མང་པོ་བཏང་ཡིན།ཡིན་ན་ཡང་ང་ལ་དཀའ་ངལ་དེ་དག་བར་མ་ཆད་པར་འཕྲད་ཀྱི་འདུག དེར་བརྟེན། ད་ང་ཐང་ཆད་སོང་།

ཁྱེད་ཚོས་ངའི་གདམ་ཁ་འདིའི་གོ་རིམ་ཏག་ཏག་ཤེས་ཐུབ་ཀྱི་ཡོད་མེད་མི་ཤེས་པས། ཚང་མས་ཏག་ཏག་ཤེས་ཐུབ་པའི་རེ་བ་ཡོད། ཁྱེད་རང་ཚོས་ང་གང་དུ་ཡོད་མེད་ཤེས་ཀྱང་། ང་ལ་བལྟ་སར་མ་ཡོང་རོགས། ཐུགས་རྗེ་ཆེ། དེ་བཞིན་ང་ལ་སེམས་ཁྲལ་ཡང་བྱེད་མི་དགོས། ང་ལ་ང་རང་གིས་བདག་གཅེས་བྱེད་ཆོག ང་ལ་ཡིད་ཆེས་བྱེད་མཁན་ཚོར་དགོངས་དག་ཞུ། ང་ལ་དེ་མ་གཏོགས་ཐབས་ཤེས་མི་འདུག ང་གྲྭ་བ་བྱེད་ཐུབ་མ་སོང་། ངས་ང་རང་གི་འདོད་པ་ལྟར་སློབ་སྦྱོང་བྱ་རྒྱུ་ཡིན་ལ། དེ་ཁག་པོ་ཡོད་ཀྱང་ངས་གདུང་ལེན་བྱ་འདོད་ཡོད། རྒྱལ་དབང་ཀརྨ་པ་དང་སི་ཏུ་རིན་པོ་ཆེ་གཉིས་ག་དུས་ཡིན་རུང་ངའི་སེམས་སུ་ཡོད། ངས་གང་བཤད་པ་དང་གང་བྱས་པ་ཐམས་ཅད་ཁོང་གཉིས་ལ་བཤད་རོགས། ང་ལ་ག་དུས་ཡིན་རུང་བཀྲ་མི་ཤིས་པ་ཡོང་གི་འདུག གལ་སྲིད་ང་ཁྱེད་ཚོ་དང་ཐུག་སར་ཡོང་ན། གནད་དོན་འདི་ཆེན་པོ་ཆགས་ས་རེད་ལ། དེ་བཞིན་ཁྲིམས་ཐོག་ཏུ་ཡང་འགྲོ་སྲིད་པ་ཞིག་རེད། དེར་བརྟེན། ད་ནས་བཟུང་ངས་མི་ཚེ་དཀྱུས་མ་ཞིག་སྐྱེལ་གྱི་ཡིན། ང་ལ་འབྲེལ་བ་མུ་མཐུད་དུ་བྱེད་འདོད་ཡོད་མཁན་ཚོར། ངས་ཀྱང་འབྲེལ་བ་མུ་མཐུད་དུ་བྱ་རྒྱུ་ཡིན།

ངས་བསམ་བློ་མང་པོ་བཏང་ནས་ཐག་གཅོད་འདི་བྱས་པ་ཡིན། གལ་ཏེ་ཁྱེད་རང་ཚོས་ང་ལ་བརྩེ་བ་ཡོད་ན། ང་ལ་བལྟ་སར་ཡོང་མི་དགོས། ང་གཅིག་པུར་འཇོག་རོགས་གྱིས། མི་མང་པོ་ཞིག་ང་ལ་ཁོང་ཁྲོ་ལངས་ཡོད་པ་ཤེས་ཡོད་པས། དེ་ཚོ་ཚང་མར་དགོངས་སེལ་ཞུ་རྒྱུ་ཡིན་ལ། ང་ལ་ཡང་དཀའ་ངལ་མང་པོ་འདུག དཀའ་ངལ་དེ་དག་ལས་ཐར་ཐབས་སུ། རང་ཤི་རྒྱག་དགོས་བསམ་པ་ཡང་བྱུང་སོང་། ངས་ཁྱེད་ཚོར་དཀའ་ངལ་མང་པོ་གཏད་འདོད་མེད་པས། ང་རང་ཁུ་སུམ་པོར་འཇོག་རོགས། བླ་བྲང་གི་དཀའ་ངལ་འབྱུང་སའི་གཞི་དེ་ང་རེད། ང་བུད་སོང་ན་བླ་བྲང་གི་དཀའ་ངལ་དེ་ཡང་མེད་པ་ཆགས་ཀྱི་རེད། ང་ཁྱེད་ཚོ་སུ་ལ་ཡང་ཁོང་ཁྲོ་ལངས་ཀྱི་མེད་ལ། ཁྱེད་ཚོས་ང་ལ་བརྩེ་བ་དང་ཐུགས་ཁུར་ཡོད་པ་ཤེས་ཀྱི་ཡོད། དེར་བརྟེན་ཚང་མར་དགོངས་སེལ་ཞུ། ངས་སེམས་པར་དཀའ་ངལ་ཆེ་བའི་སྐབས་དེར། མི་ཚེའི་ལམ་ཁ་དེ་ཡང་གསར་པ་ཞིག་བདམས་དེ། མ་འོངས་པར་ང་རང་ཨེམ་ཇི་ཞིག་ཡོང་རྒྱུར་སློབ་སྦྱོང་བྱ་འཆར་ཡོད། དབྱུག་པ་དང་རྡོས་ངའི་རུས་པ་གཅག་ཐུབ་པ་བཞིན། ཚིག་རྩུབ་ཀྱིས་ངའི་སེམས་ལ་རྨ་ཁ་བཟོ་ཡི་རེད། དེར་བརྟེན། ལོ་འདི་དག་གི་རིང་ཚིག་རྩུབ་ཀྱིས་ངའི་སེམས་ལ་རྨ་ཁ་མང་པོ་བཟོས་སོང་།

མཆན།
གྲོགས་མང་པོ་ཞིག་གི་རེ་སྐུལ་དང་འདོད་པ་ལྟར། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང་འབྲེལ་བའི་གནས་ཚུལ་འདི། ནང་དོན་གཙོར་བཟུང་གིས་བོད་བསྒྱུར་བྱས་ཡོད།