90530998_c3a6b8ac-afeb-4c78-80d2-308bdd04741e[1]

གནས་བཤད། ས་ཆ་ཞིག་ལོ་གྲངས་འགའ་ཤས་རིང་བསྟུད་མར་དཔུང་དམག་གིས་མཐའ་ནས་བསྐོར་ཞིང་སྲང་ལམ་དུ་བཀྲེས་ལྟོགས་ཀྱི་ངལ་དུབ་འཕྱུར་དུས་ཁྱེད་ཀྱིས་ས་ཆ་དེའི་མི་རྣམས་དཔེ་དེབ་ལ་དོ་དབྱིངས་ཅུང་ཟད་ཅིག་ལས་མེད་སྙམ་སྲིད། འོན་ཀྱང། སི་རི་ཡའི་རྒྱལ་ཁབ་ཀྱི་ས་འོག་ཁང་པ་ཞིག་ཏུ་དཔེ་མཛོད་ཅིག་ཡོད་ཅིང། དེ་ནི་འབར་རྫས་ཀྱིས་གཏོར་སྐྱོན་ཐེབས་པའི་ཁང་པ་ནས་མྱུར་སྐྱོབ་བྱས་པའི་དཔེ་དེབ་དག་གིས་སྤྲོ་ཤུགས་དྲག་པོས་ཁེངས་ཡོད་ལ། ཀློག་པ་པོ་རྣམས་ཀྱིས་མདེའུ་དང་སྒྱོགས་མདེལ་ལ་གཡོལ་བཞིན་དཔེ་མཛོད་ཁང་དེར་འཛུལ་ཐབས་བྱེད་ཀྱི་ཡོད།

སྟེང་ནས་གང་ཐུབ་ཀྱིས་མདེའུ་ཧྲུག་དང་སྒྱོགས་མདེལ་ལ་གཡོལ་ཕྱིར་གནམ་གྲུ་རྒྱུག་ས་ལྟ་བུ་ཤོད་གཟར་ལྡན་པའི་ཁང་པ་དེར་སྒྲོན་མེ་ཆེན་པོ་ཞིག་སྤར་ཏེ་འདུག དེ་ནི་འབར་རྫས་གད་གཏོར་གྱིས་ཆག་གྲུམ་ཤོར་བའི་སི་རི་ཡའི་གྲོང་ཁྱེར་རྡ་མ་སི་ཀུ་སི་ཟེར་བའི་ནང་གི་དཔེ་མཛོད་ཡིན། དེས་རྡ་མ་སི་ཀ་སིའི་གྲོང་འདབས་ཀྱི་རྡ་ར་ཡའི་དམག་འཁྲུག་ཁྲོད་ནས་མི་མང་པོ་ཞིག་ལ་སློབ་སྦྱོང་གི་མཁོ་ཆས་མཁོ་སྤྲོད་དང། རེ་བ། བློ་སྟོབས་བཅས་སྤེལ་གྱི་ཡོད།

དཔེ་མཛོད་དེ་དབུ་བརྙེས་པའི་ཨར་ལས་སློབ་ཟུར་ཨ་ན་སི་ཨ་ཧ་ཊི་ཡིས། “ང་ཚོས་མུ་མཐུད་དུ་སློབ་སྦྱོང་བྱེད་སའི་དཔེ་མཛོད་ཞིག་བརྒྱག་རྒྱུ་ནི་གལ་ཆེན་པོ་ཡིན། དེར་བརྟེན། ང་ཚོས་འདིའི་ཉེ་འཁོར་གྱི་ཁང་པ་གཞན་རྣམས་ལྟར་མདེལ་ཧྲུག་དང་འབར་རྫས་ཀྱིས་གཏོར་སྐྱོན་མི་ཐེབས་པའི་ས་འོག་ཁང་པ་འདིར་དཔེ་མཛོད་ཁང་ཞིག་བརྒྱབས་པ་ཡིན”ཟེར།

ལོ་བཞིའི་སྔོན་ནས་རྡ་ར་ཡའི་ས་ཆ་འདི་ཨ་ས་དང་གཞུང་གི་རྒྱབ་སྐྱོར་བ་རྣམས་ཀྱིས་བཙན་བཟུང་བྱས་ཡོད། དེ་ནས་བཟུང་སྟེ་དམག་འཁྲུག་གིས་རྐྱེན་པས་སློབ་སྦྱོང་ངང་འཐེན་བྱེད་དགོས་བྱུང་བའི་སློབ་ཟུར་ཨ་ན་སི་དང་དཱང་བླང་སློབ་ཟུར་རྣམས་ཀྱིས་བརྗོད་གཞི་བློའི་ཡུལ་དུ་འཁོར་ཚད་ཀྱི་དེབ་གྲངས་ ༡༤༠༠༠ ཐམ་པ་བསྡུ་རུབ་བྱས།

དུས་ཡུན་དེའི་རིང་མི་གྲངས་ ༢༠༠༠ ལས་མང་བ་དམར་གསོད་བྱས་ཡོད། ཕལ་ཆེ་བ་ནི་མི་སེར་དཀྱུས་མ་ཡིན། འོན་ཀྱང། དམག་འཁྲུག་དེས་ཨ་ན་སི་དང་ཁོང་གི་གྲོགས་པོ་རྣམས་བཀག་སྡོམ་བྱས་ཐུབ་མེད། ཁོང་ཚོས་ཡ་ང་བའི་སྲང་ལམ་རྣམས་མྱུལ་ཏེ་དཔེ་མཛོད་ཁང་གི་དཔེ་སྒྲོམ་རྣམས་དཔེ་དེབ་ཀྱིས་ཁེངས་པར་བྱས།

ཁོང་གིས “ང་ཚོས་ཐེངས་མང་པོར་མདེལ་ཧྲུག་དང་འབར་རྫས་ཀྱིས་གཏོར་སྐྱོན་བྱས་པའི་ཁྱིམ་ཚང་ནས་དཔེ་དེབ་རྙེད་བྱུང། ཁང་པ་ཕལ་ཆེ་བ་དེ་དག་དམག་སའི་ཉེ་འགྲམ་དུ་ཁེལ་ཡོད་སྟབས། དེ་དག་ནང་དུ་དཔེ་དེབ་བསྒྲུག་རྒྱུ་ནི་ཉེན་ཁ་ཆེན་པོ་ཡིན།”

“ང་ཚོ་ལོག་མདའ་རྒྱག་མཁན་ལས་གཡོལ་ཆེད་འབར་རྫས་ཀྱིས་གཏོར་སྐྱོན་བྱས་པའི་ཁང་པ་དང་ཁང་པ་བརྒྱུད་དགོས། ཧ་ཅང་གཟབ་ནན་མ་བྱས་ཚེ་ལོག་མདའ་རྒྱག་མཁན་གྱིས་མཚམས་རེར་རྗེས་འདེད་བཏང་སྟེ། ང་ཚོའི་རྗེས་མའི་འགུལ་སྐྱོད་བྱེད་པ་ཧ་གོ་ཡི་རེད།”

ཐོག་མར་མི་མང་གི་ཚེ་སྲོག་ལ་ཉེན་ཁ་འཕྲད་པར་བརྟེན་དཔེ་མཛོད་ཅིག་གི་ཆེད་དུ་དཔེ་དེབ་བསྒྲུག་རྒྱུ་ནི་ཡ་མ་ཟུང་ཞིག་རེད། འོན་ཀྱང། ཨ་ན་སིས་ཟེར་བ་ལྟར་ན་དཔེ་མཛོད་ཀྱིས་སྤྱི་ཚོགས་འདིར་སྒོ་ཀུན་ནས་ཕན་འདོགས་ཀྱིན་ཡོད། སྨན་བཅོས་དཱང་བླང་ཞབས་ཞུ་བ་རྣམས་ཀྱིས་དཔེ་མཛོད་ཁང་གི་དཔེ་དེབ་རྣམས་བཀོལ་སྤྱོད་ཀྱིས་ནད་པ་རྣམས་ལ་སྨན་བཅོས་བྱེད་པ་དང། སྨན་བཅོས་ཀྱི་སྦྱོང་བརྡར་བྱས་མྱོང་མེད་པའི་དགེ་རྒན་རྣམས་ཀྱིས་འཛིན་གྲྭ་གྲ་སྒྲིག་ཆེད་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་དང། སོ་སྨན་པ་རྣམས་ཀྱིས་སོ་ཕུད་རྒྱོང་ཆེད་དཔེ་སྒྲོམ་ལས་དཔེ་དེབ་ལ་ལྟ་བཞིན་ཡོད།

རྡ་ར་ཡའི་མི་འབོར་འབུམ་བརྒྱད་ལས་ཁྲི་བརྒྱད་བྲོས་བྲོལ་དུ་ཕྱིན་ཡོད། ད་ནི་སུས་ཀྱང་བྲོལ་བྲོལ་བྱེད་ཐུབ་ཀྱིན་མེད། ཕྱི་ཟླ་ ༥ པར་འཕྲལ་སེལ་དམག་མཚམས་བཞག་རྗེས་སླར་ཡང་མགོ་བཙུགས་ཏེ་མདེའུ་དང་འབར་རྫས་ཀྱི་ལྕགས་ཧྲུག་ཧ་ལམ་ཉིན་ལྟར་འབབ་ཀྱི་ཡོད། དེ་ལ་བརྟེན་ནས་གསར་འགོད་པ་རྣམས་རྡ་ར་ཡའི་ནང་དུ་འཛུལ་མ་ཐུབ་པར་ཡུན་རིང་ཕྱིན་སྟབས། ངས་ཨ་ན་སི་ལ་དྲ་ལམ (Skype) བརྒྱུད་དེ་བཅར་འདྲི་བྱས་པ་ཡིན། འོན་ཀྱང། ཉེ་འཁོོར་དུ་འབར་རྫས་གད་གཏོར་གྱི་སྒྲས་བཅར་འདྲི་བྱེད་ཡུལ་རྣམས་ཀྱིས་གླེང་མོལ་བྱེད་པར་བར་ཆད་བྱེད་ཀྱི་འདུག

ཨ་ན་སི་དང་ཀློག་པ་པོ་རྣམས་ཀྱིས་དཔེ་མཛོད་ཁང་གནས་ཡུལ་འདི་གསང་བ་ཡིན་པའི་རྒྱུ་མཚན་ནི། གལ་ཏེ་རྡ་ར་ཡ་རུ་རྒོལ་རྡུང་གཏོང་མཁན་གྱིས་དེར་དཔེ་མཛོད་ཡོད་པ་ཤེས་ཚེ་དམིགས་འབེན་དུ་འཛིན་སྲིད་པའི་འཇིགས་སྣང་ཡོད་པས་ཡིན་ཟེར།

ལྷག་པར་དུ་ཕྲུ་གུ་རྣམས་ཀྱིས་འགྲོ་བསྐྱོད་བྱེད་པར་ཧ་ཅང་ཉེན་ཁ་ཆེ་བའི་ས་ཆ་རུ་གནས་ཡོད། ཁ་ཆེ་བུ་མོ་ལོ་ཆུང་ཞིག་གིས་ང་ལ་མོ་ཉིན་ལྟར་ནང་དུ་བསྡད་དེ་བཀྲེས་ལྟོགས་ཀྱི་ངལ་དུབ་སངས་ཕྱིར་རྩེད་མོ་རྩེ་བ་དང་། གྲོགས་པོས་སྤྲད་པའི་དཔེ་དེབ་རྣམས་ཀློག་གིན་ཡོད་པ་དང། ཉེ་འཁོར་དུ་མི་གསོད་ཁྲག་སྦྱོར་བྱེད་པའི་རྒྱུ་རྐྱེན་ཅི་ཡིན་མི་ཤེས་ཟེར། མོས “ངས་ཉེ་འཁོར་མེ་མདས་གཞུས་ཀྱི་ཡོད་པ་ལས་གང་ཡང་མི་ཤེས།”ཞེས་ཟེར།

ངས་མར་བསྡད་དེ་འདི་གའི་ས་ཆ་འགའ་ཞིག་མེ་མདས་གཏོར་སྐྱོན་བྱེད་པར་ལྟ་ཡི་ཡོད། ཁོ་ཚོས་ག་རེ་བྱས་ཏེ་ས་ཆ་འདིར་འབར་རྫས་གཏོར་སྐྱོན་གཏོང་གི་ཡོད་དམ་སྙམ་གྱི་འདུག མཚམས་རེར་ངས་མི་རྣམས་རྨས་སྐྱོན་དྲག་པོས་གྲོངས་པ་མཐོང་གི་འདུག་ལ། རང་ཉིད་ལ་མི་དེ་ག་རེ་བྱས་ནས་གྲོངས་ཀྱི་ཡོད་དམ། ཁོས་ག་རེ་བྱས་པ་ཡིན་ནམ་ཞེས་དྲི་བ་འདྲི་ཡི་ཡོད། ཡིན་ན་ཡང། ངས་ལན་འདེབས་ཤེས་ཀྱི་མི་འདུག

འོན་ཀྱང། ད་དུང་ཕྲུ་གུ་ཞིག་དཔེ་མཛོད་ཁང་གི་ཉེ་འགྲམ་དུ་བསྡད་ཡོད་སྟབས་ཉིན་ལྟར་དཔེ་མཛོད་ཁང་དུ་ལྟ་སྐོར་འགྲོ་ཡི་ཡོད། མིང་ལ་ཨམ་ཇ་དི་ཟེར་ཞིང་ལོ་ ༡༤ ཡིན། ཁོ་ལ་མཚོན་ན་ཁང་པའི་སྟེང་དུ་འགྲོ་བ་ལས་དཔེ་མཛོད་ཁང་དུ་ཕྱིན་ན་དེ་ལས་བདེ་འཇགས་ཡོད། ཁོ་སྤྲོ་སེམས་ཆེན་པོས་དཔེ་མཛོད་ཁང་དེར་ཡང་ཡང་འགྲོ་ཡི་ཡོད་སྟབས། དཔེ་མཛོད་ཁང་གི་དོ་དམ་པ་གཞོན་པར་བསྐོས་འདུག

ངས་ཨ་ན་སི་ལ་(Skype) བརྒྱུད་ནས་བཅར་འདྲི་ཞུས་པའི་གླེང་མོལ་གཅིག་གི་ནང་དུ། ཁོང་གིས་དཔེ་མཛོད་ཁང་འདིས་དགེ་རྒན་དང། ཨེམ་ཆི། སོ་སྨན་པ་བཅས་ལ་སྨན་བཅོས་ཀྱི་ཐབས་རྩལ་དང་སློབ་གཉེར་གྱི་དཔེ་དེབ་མཁོ་སྤྲོད་བྱེད་ཀྱིན་ཡོད་པ་དང་། དེར་མ་ཟད། མི་མང་པོ་ཞིག་དཔེ་དེབ་ཀློག་ཡ་དགའ་མོས་ཅན་ཤ་སྟག་ཡིན་ལ། སྐད་གྲགས་ཅན་གྱི་དཔེ་དེབ་མང་ཆེ་བ་ནི་ཨ་རབ་ཀྱི་སྙན་ངག་དང་ཟློས་གར་རྩོམ་པ་པོ་གྲགས་ཅན་ནམ་ཡང་ན་སྙན་ངག་གི་རྒྱལ་སྲས་སུ་གྲགས་པའི་ཨ་མེ་ཊི་ཤ་ཀི་དང། གཞན་ཡང་ཨ་རབ་ཀྱི་གྱེན་ལོག་དེབ་ཐེར་འབྲི་མཁན་དང་སི་རི་ཡའི་རྩོམ་པ་པོ་ཨལ་ཏ་ན་ཝི་ཟེར་བ་རྣམས་ཀྱི་དཔེ་དེབ་རྣམས་ཡིན་པ་དང་། ད་དུང་སྤྲོ་ངར་སྐྱེད་པའི་རྩོམ་པ་པོ་འགའ་ཞིག་ནུབ་ཕྱོགས་སུ་རྒྱུས་མཚན་སྙན་གྲགས་ལྡན་པ་རྣམས་ཡིན་ཟེར།

རང་ལོ་ཉི་ཤུའི་དཀྱིལ་དུ་བསླེབས་ཡོད་ཅིང་སློབ་ཟུར་ཨ་དུལ་བྷ་སེ་ཊ་ཡིས “ངས་ཧྥ་རན་སི་རྩོམ་པ་པོ་རྣམས་ཀྱིས་བྲིས་པའི་དཔེ་དེབ་འགའ་ཞིག་ཀློག་གིན་ཡོད། ཡིན་ན་ཡང། ངའི་དགའ་ཤོས་ནི་རྩོམ་པོ་ཧམ་ལེ་ཊི་ཡིན། དེ་ཡང་། ཤེ་ཀི་སི་ཧྥར་གྱི་འབྲི་རྩལ་ནི་སྟབས་བདེ་ཞིང་མཛེས་སྡུག་ལྡན་པ་ཞིག་རེད། ཁོང་གིས་གློག་བརྙན་ཁང་ཞིག་ཏུ་མིག་མདུན་དུ་སྟོན་བཞིན་པའི་གློག་བརྙན་ཞིག་ལྟར་གནད་དོན་རེ་རེ་བཞིན་ཁྲ་ལམ་མེར་བྲིས་འདུག དྲང་པོ་བཤད་ན་ངས་ལས་ཀ་སར་ནས་ཧེམ་ལེ་ཊིའི་དཔེ་དེབ་ཀློག་མགོ་བཙུགས་ཏེ་ཧ་ཅང་དབྱིངས་ཞུགས་དྲག་ནས་མཐའ་མར་རང་ཉིད་ལ་ད་མཚམས་ཞོག་ཅེས་ལབ་དགོས་ཐུག་མྱོང་”ཟེར།

ངས་ཁོང་ལ་ཉེ་བའི་ལོ་ ༤ ཡི་རིང་ལ་དམག་འཁྲུག་གིས་མཐའ་ནས་བསྐོར་ཞིང། རོགས་སྐྱོར་ཐེངས་གཉིས་ལས་ངོས་ལེན་མ་བྱས་པའི་གྲོང་རྡལ་འདིར་དཔེ་དེབ་ཀློག་རྒྱུ་ལས་ཟ་མ་འཚོལ་རྒྱུ་ལ་སྤྲོ་ཤུགས་ཆེ་བ་སྐྱེ་ཡི་མི་འདུག་གམ་ཞེས་དྲིས་པས། ཁོང་གིས “ངས་བལྟས་ན་ཀླད་པ་ནི་ཤ་སྒྲིམ་ལྟ་བུ་ཞིག་རེད། འོན་ཀྱང། དཔེ་ཀློག་གིས་ངའི་ཀླད་པ་ནུས་ལྡན་དུ་བཟོ་བ་གཏན་ཁེལ་རེད། ཀླད་པ་གྲུང་པོ་ཆགས་པ་དེས་ད་ནི་ཚེ་སྲོག་ཡར་སྐྱེད་འབྱུང་བ་ལའང་ཕན་བྱུང།”ཞེས་ཟེར།

“ཕྱོགས་གཅིག་ནས་དཔེ་མཛོད་ཁང་གིས་ངའི་ཚེ་སྲོག་བསྐྱར་དུ་གསོན་བཅུག་བྱུང་། དེ་ཡང་དེས་རང་ཉིད་ལས་ན་ཚོད་སྨིན་པའི་མི་དང་ཐུག་འཕྲད་ཀྱིས། གནད་དོན་མང་པོའི་སྐོར་བགྲོ་གླེང་དང་། བློ་བསྐྱེད་གསར་པ་རག་གི་འཇུག་གི་འདུག ངས་འདི་འདྲ་ཟེར་གྱི་ཡོད། དཔེར་ན། གཟུགས་པོར་ལྟོ་དགོས་པ་ལྟར་ཚེ་སྲོག་ལ་དཔེ་དེབ་དགོས་ཞེས་ལབ་ཀྱི་ཡོད།”ཅེས་ཟེར།

དེ་ལ་བརྟེན་ནས་ཐ་ན་གྲོང་རྡལ་སྲུང་སྐྱོབ་ཀྱི་འགན་འཁུར་ལེན་པའི་སི་རི་ཡའི་རང་དབང་འཐབ་འཛིང་པ་རྣམས་ཀྱང་དཔེ་ཀློག་ལ་སྤྲོ་སྣང་ཅན་དུ་གྱུར། ཨར་ལས་སློབ་ཟུར་དང། ད་ལྟ་གྲོང་རྡལ་སྲུང་སྐྱོབ་པ་ཨོ་མར་གྱིས “དཔེ་མཛོད་འདི་ང་ཚོ་ཚང་མའི་སེམས་སུ་བཅིངས་ཡོད། འདིའི་ཉེ་འགྲམ་དུ་མེ་མདའ་འཕེན་ཐེངས་རེར་དེ་ལ་གཏོར་སྐྱོན་མི་ཐེབས་པའི་སྨོན་ལམ་འདེབས་ཀྱིན་ཡོད།”ཅེས་ཟེར།

“དཔེ་མཛོད་ཁང་འདི་ང་ཚོ་ཚང་མའི་སེམས་དབུས་ཀྱི་ས་ཆ་དམིགས་བསལ་བ་ཞིག་ཡིན་པར་ངས་སེམས་ཐག་ཆོད་ལབ་ཀྱི་འདུག”ཅེས་ཟེར།

དུས་རྟག་ཏུ་ཁོང་གིས་དམག་གི་སྣེ་ཁྲིད་དེ་དམག་སར་འགྲོ་ཐེངས་རེར་དང་པོ་དཔེ་དེབ་རེ་ཉོས་ཏེ་འགྲོ་ཡི་ཡོད་པ་དང་། དམག་སར་འབྱོར་བ་དང་ལག་པ་ཡ་གཅིག་གིས་མེ་མདའ་བཟུང་ཞིང་། ཡ་གཅིག་གིས་དཔེ་དེབ་བཟུང་སྟེ་ཀློག་གིན་ཡོད།

ཁོང་གིས “དམག་ས་རུ་ང་ལ་དཔེ་སྒྲོམ་ཞིག་ཡོད། ངས་དེ་ལ་དཔེ་མཛོད་ཆུང་ཆུང་ཞེས་བཏགས་པ་ཡིན། ཕྱོགས་ཡས་མས་སུ་འགྲོ་སྐབས་དཔེ་དེབ་རྣམས་བསྒྲུགས་ཏེ་དེར་འཇོག་གི་ཡོད། ང་འདིར་ཚོུད་ ༦ དང་ ༧ བསྡད་དེ་དཔེ་དེབ་ཀློག་གིན་ཡོད།”ཅེས་ཟེར།

ཁོང་གི་བློ་མཐུན་དམག་མི་རྣམས་ལ་ཡང་དམག་སའི་མདུན་དུ་དཔེ་སྒྲོམ་ཆུང་ངུ་རེ་ཡོད་ཅིང་། དེ་ཡང་བར་ཐག་མེ་ཊར་ ༥༠ ལྡན་པའི་སྲུང་སྐྱོབ་ར་བ་རེ་རེ་ཡི་མཚམས་སུ་ཕྱོཊ་ཡས་མས་ནས་གཡར་ཏེ་ཡོང་བའི་དཔེ་དེབ་ཕྱོགས་བསྡུ་བྱས་པ་རེ་འདུག

“དཔེར་ན། ངས་དམག་ས་ནས་དཔེ་དེབ་ཅིག་ཀློག་ཚར་རྗེས། དེ་ཁྱེར་ནས་དམག་རོགས་གཞན་སར་སོང་སྟེ། ཁོང་གིས་བཀླཊ་པའི་དཔེ་དེབ་ཅིག་དང་བརྗེ་རེས་བྱེད་ཀྱི་ཡོད། དེ་ནི་དཔེ་དེབ་བརྗེ་རེས་ཡིན་པ་མ་ཟད། ད་དུང་བསམ་བློ་བརྗེ་རེས་བྱེད་སྟངས་ཡག་པོ་ཞིག་ཀྱང་རེད།”ཅེས་ཟེར།

འོན་ཀྱང། སྟབས་མ་ལེགས་པ་ཞིག་ལ་ཨོ་མར་དང་ཁོང་གི་འཐབ་རོགས། ད་དུང་རྡ་ར་ཡའི་ཡུལ་མི་རྣམས་ལ་གང་མགྱོགས་དཔེ་ཀློག་གི་དུས་ཚོད་ཐུང་ངུ་ཞིག་ལས་མེད་པ་ཆགས་ངེས་ཡིན། གང་ཡིན་ཟེར་ན། འདས་པའི་གཟའ་འཁོར་གཉིས་ལ་སི་རི་ཡའི་གཞུང་གི་དཔུང་དམག་དང་། ཁོ་ཚོའི་དཔུང་རོགས་ཧེ་ཛ་བྷོ་ལའི་ཕྱོགས་ཁག་གྲོང་འདབས་ཉེ་འཁོར་གྱི་ས་ཞིང་དང་། ཐ་ན་ཡུལ་མི་གནས་སྡོད་བྱ་ས་འགའ་ཞིག་ཏུའང་འབྱོར་ཟིན་ཡོད།

དེ་གའི་ཡུལ་མི་ཞིག་གིས་ཟེར་ན། ལོ་ ༤ ལ་ཉེ་བའི་དམག་འཁྲུག་གི་ཁྲོད་ནས་གནས་པའི་རྡ་ར་ཡའི་ས་ཆ་འདི་ཉིན་ཤས་ནང་ཚུན་ལ་འགྱེལ་སྲིད་པའི་སྔོན་དཔག་བྱེད་ཀྱིན་འདུག

འོན་ཀྱང། ཨ་མར་གྱིས་གསུངས་པ་ལྟར་ན་དཔེ་མཛོད་འདིས་གྲོང་རྡལ་འདི་སྲུང་སྐྱོབ་དང་ད་དུང་འཐབ་འཛིང་ལའང་སྟོབས་ཤུགས་རྒྱས་འཇུག་གི་ཡོད། དེ་ཡང་ཁོང་གིས “དཔེ་དེབ་ཀྱིས་ང་ཚོས་མུ་མཐུད་མདུན་དུ་བསྐྱོད་པའི་སྐུལ་སློང་བྱེད་པ་དང། ང་ཚོས་འདས་པའི་དུས་ཀྱི་མི་རྣམས་ཀྱིས་རྒྱལ་ཁབ་དམིགས་བསལ་བ་ཞིག་གི་ཆེད་དུ་འཐབ་འཛིང་གིས་རྒྱལ་ཁབ་གསར་འཛུཊ་བྱས་པའི་སྐོར་གྱི་དེབ་ཀློག་གིན་ཡོད། དེ་ལྟར་བྱས་ན་ང་ཚོ་ཡང་ཁོང་ཚོ་ལྟར་ཆགས་ཐུབ་ཀྱི་རེད། དཔེ་དེབ་དེ་དག་གིས་ང་ཚོར་ཨ་སའི་གཞུང་མཇུག་བསྒྲིལ་རྗེས་འཚོ་གནས་ཇི་ལྟར་བྱེད་པའི་འཆར་གཞི་གཏིང་བར་ཕན་འདོགས་ཀྱིན་འདུག དེ་ནི་ང་ཚོས་ད་ལྟ་ཀློག་བཞིན་པའི་དཔེ་དེབ་དེ་དག་ལ་བརྟེན་ནས་བསྒྲུབ་ཐུབ་པ་ཞིག་རེད། ང་ཚོས་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱེད་འདོད་ཡོད། རེ་བ་ལ་ང་ཚོས་དཔེ་ཀློག་བརྒྱུད་ནས་དེ་ལྟར་འཛུགས་སྐྲུན་བྱེད་ཐུབ་ངེས་ཡིན།”ཞེས་ཟེར།།

མ་ཡིག http://www.bbc.com/news/magazine-36893303

བསྐྱར་བཅོས།: ༢༠༡༦/༠༨/༡༡
དྲ་གཞན་ལས་བཤུས། རྩོམ་བདག་ལ་དགོངས་དག་ཞུ།