index-3[1]

བོད་ཀྱི་སྐད་ཡིག་དེ་རྒྱུན་གནས་ཡོང་བར་བརྩོན་མཁན་ཞིག་ལ་མཚོན་ན། རང་རིགས་བྱིས་པ་ཚོར་རང་གི་སྐད་ཡིག་ཤེས་སུ་འཇུག་རྒྱུ་དེ་རེད། བྱིས་པ་ཚོས་རང་གི་སྐད་ཡིག་ཤེས་པ་ལ་བྱིས་པ་དང་མཐུན་པའི་བྱིས་སྒྲུང་ནི་མེད་ཐབས་མེད་པ་ཞིག་རེད། དེར་བརྟེན་བྱིས་སྒྲུང་གསར་བ་༼ནེ་ཙོ་དང་གྲྭ་བ་ཆུང་ཆུང་།༽ཟེར་བ་ཞིག་སྐུ་བལྟམས་འདུག ཨ་རིར་ང་དང་ས་གནས་གཅིག་པར་གནས་སྡོད་བྱེད་མཁན་དོན་གྲུབ་ལགས་ནས་བྱིས་སྒྲུང་གསར་བ་༼ནེ་ཙོ་དང་གྲྭ་བ་ཆུང་ཆུང༽ ཟེར་བ་ཞིག་བརྩམས་ཡོད་པ་དྲ་ལམ་ཁག་ནས་མཐོང་བས། དོན་གྲུབ་ལགས་ལ་དེའི་ཐད་ནས་ཁ་བརྡ་བྱས་པ་ཡིན།

དོན་གྲུབ་ཀྱིས་བཤད་ན། ད་ཐེངས་པར་དུ་བསྐྲུན་པའི་བྱིས་སྒྲུང་༼ནེ་ཙོ་དང་གྲྭ་བ་ཆུང་ཆུང་༽ ཞེས་པ་འདི། གོང་ས་མཆོག་གིས་ཕྱི་མི་དག་ལ་ཐེངས་མང་གསུང་མྱོང་བའི་སྒྲུང་ཞིག་རེད། གོང་ས་མཆོག་དེ་སྔོན་བོད་དུ་ནོར་གླིང་ཕོ་བྲང་དུ་བཞུགས་སྐབས་དངོས་སུ་བྱུང་གི་སྒྲུང་ཞིག་སྟེ། གོང་ས་མཆོག་དང་ཁོང་གི་ཞབས་ཞུ་བ། ནེ་ཙོ་བཅས་ཀྱི་བར་གྱི་སྒྲུང་རེད། སྒྲུང་དེས་བསྟན་དོན་ནི་བཙན་པོ་དབང་ཡོད་ལས་བྱམས་སྐྱོང་བྱས་ན། ཕན་ཚུན་གྲོགས་པོ་དང་འཆམ་པོ་ཆགས་ཀྱི་ཡོད་པ་དེ་བསྟན་ཡོད། འོན་ཏེ་སྒྲུང་རང་ལ་མཚོན་ན་མཇུག་ཏུ་འཆམ་པོ་ཆགས་པའི་རྣམ་པ་མེད་ཀྱང་། ངས་སྒྲུང་དེའི་མཇུག་ལ་འགྱུར་བ་ཕྲན་བུ་བཏང་སྟེ། བྱིས་པའི་སེམས་ཁམས་དང་མཐུན་པའི་ནེ་ཙོ་དང་གྲྭ་ཆུང་གྲོགས་པོ་གྱུར་བར་བཟོས་ཡོད། ཅེས་བྱིས་སྒྲུང་དེའི་ཡོང་ཁོངས་དང་བརྒྱུད་རིམ་ཞིག་ཁ་བརྡ་བྱས་སོང་།

རེད་རེད། བྱིས་སྒྲུང་དེའི་ཡོང་ཁོངས་དང་བསྟན་དོན་གསལ་བོ་ཆགས་སོང་། རེད་དེ་བྱིས་སྒྲུང་དེའི་རི་མོ་དང་ཚིག་བེད་སྤྱོད་གཏོང་སྟངས་སོགས་ཧ་ཅང་གལ་ཆེན་ཞིག་ཡིན་རྒྱུ་རེད། དེའི་ཐད་ནས་ག་འདྲ་ཡིན་མིན་ཁ་བརྡ་ཞིག་བྱས་ན།

ཨོ་ཡིན་ད་ཡིན། དོན་གྲུབ་ཀྱིས་རི་མོ་དང་ཚིག་ག་འདྲ་བེད་སྤྱོད་བྱེད་མིན་གལ་ཆེན་དོན་ཆེན་རེད། བྱིས་སྒྲུང་འདི་བྱིས་པ་ལོ་གསུམ་བཞི་ལོན་པ་དེའི་རིགས་ལ་དམིགས་ཡོད། ཁོང་ཚོའི་སེམས་ཁམས་དང་དགའ་ཕྱོགས། འཚར་ལོང་བཅས་ལ་འབྲེལ་བ་ཡོད་པ་རེད། ངའི་བྱིས་སྒྲུང་འདིའི་རི་མོ་དང་མིང་ཚིག་དག་ལ་དོ་ནན་གྱིས་ཁོང་ཚོ་དང་འཚམས་པ་ཞིག་ཡོང་ཐབས་ལ་འབད་ཡོད། གཙོ་བོ་ནི་བྱིས་པ་ཚོས་བོད་ཀྱི་སྐད་ཡིག་ལ་ལོ་ཚོད་ལ་དཔག་པའི་གང་འཚམས་ཤེས་སུ་འཇུག་རྒྱུ་དེ་རེད། དེ་ཤེས་པའི་ཐབས་ལ་བྱིས་པ་ཚོར་སྒྲུང་བཤད་ཀློག་བྱ་རྒྱུ་དེ་མེད་དུ་མི་རུང་བ་ཞིག་རེད་ལ། ཐེངས་འདིའི་ངའི་བྱིས་སྒྲུང་དེ་ཡང་དེའི་ཆེད་དུ་རེད། ངས་བྱིས་པ་ལོ་ལྔ་མན་ཆད་ལ་བོད་ཡིག་བསླབ་དེབ་བརྩམས་པ་འདི་ཐེངས་གསུམ་པ་དེ་ཡིན་ཞིང་། བྱིས་སྒྲུང་གི་དེབ་དང་པོ་དེ་ཡིན་ལ་མུ་མཐུད་དུ་དེའི་ཐད་ནས་ལས་འཆར་འགའ་བསྒྲིགས་ནས་ཡོད། ཅེས་བྱིས་པའི་སྒྲུང་དེབ་དེའི་ཁྱད་ཆོས་ཐད་ནས་ག་འདྲ་ཡིན་མིན་བཤད་སོང་།

ཁྱོད་ཀྱི་ཁ་བརྡ་ལ་ཉན་གྱིན་ཉན་གྱིན་ང་ལ་འདྲི་བ་ཞིག་རང་བཞིན་གྱིས་བསླེབས་སོང་། འདྲི་བ་ནི་བྱིས་པ་ཚོ་གཉིད་ཉར་ཁར་བོད་ཀྱི་ཕ་མ་ཚོར་བྱིས་སྒྲུང་བཀླགས་ཏེ་གཉིད་ཉར་བའི་གོམས་གཤིས་ཡོད་མེད་དང་དེའི་གནས་སྟངས་ག་འདྲ་ཞིག་རེད། དེའི་ཐད་ནས་ཁ་བརྡ་ཞིག་བྱེད་རོགས།

ཨོ་དེའི་ཐད་ང་ལ་བསམ་ཚུལ་ཡོད། དོན་གྲུབ་ཀྱིས་བོད་ཀྱི་ཕ་མ་ཚོས་བྱིས་པར་སྒྲུང་ཀློག་བཞིན་གཉིད་ཉར་བའི་གོམས་གཤིས་དེ་སྐྱོ་བོ་རེད་བསམ། སྤྱིར་བོད་ཡུལ་དུ་བྱིས་པ་ཚོར་གནའ་གཏམ་བཤད་པའི་སྲོལ་སྔོན་མ་ནས་ཡོད་ལ། བྱིས་པ་གཉིད་ཁུག་པའི་གླུ་ཟེར་བ་སོགས་ཡོད་ཀྱང་། དེ་དག་དེང་སང་གི་བྱིས་པར་སློབ་གསོ་སྤྲོད་པའི་མཐུན་རྐྱེན་དུ་འཁྱེར་མ་ཐུབ་པའམ། དེ་དག་ཉམས་མུས་སུ་འགྲོ་བཞིན་པའི་རྣམ་པ་ཞིག་མཐོང་གིན་འདུག ནུབ་ཕྱོགས་ཀྱི་མི་མང་ལ་མཚོན་ན་དེ་དག་གལ་ཆེན་དུ་བརྩིས་ཏེ་ལོ་མང་པོ་འགྲོ་ཚར་བ་རེད་ལ། དེའི་ཐད་ནས་བྱིས་པའི་ལོ་ཚོད་འདྲ་མིན་དང་མཐུན་པའི་སྒྲུང་སོགས་མཐུན་རྐྱེན་འཛོམས་པོ་རེད། བོད་པ་ཚོས་ཀྱང་ངེས་པར་དུ་དེ་དག་ལ་མིག་དཔེ་བལྟས་ཏེ་ལེགས་ཆ་ལེན་པ་དང་བོད་པ་རང་གི་སྲོལ་རྒྱུན་ན་ཡོད་པའི་བྱིས་པ་ཚོར་གནའ་གཏམ་བཤད་སྲོལ་དག་རྒྱུན་འཛིན་བྱས་ཏེ། བོད་ཕྲུག་ཚོས་རང་གི་སྐད་ཡིག་ཤེས་པ་དང་། བོད་པའི་གཤིས་ཀ་ཡོད་པ་ཞིག་གསོ་སྐྱོང་བྱེད་དགོས་པ་ནི་ད་ལྟའི་དུས་འདིར་གནད་འགག་ཆེན་པོ་ཆགས་འདུག ཅེས་འགན་ཡོད་པ་དང་བསམ་བློ་བཏང་བའི་སྐད་ཆ་ལྗིད་པོ་ཞིག་བཤད་སོང་།

མི་སྒེར་དང་ཚོགས་སྡེ། སློབ་གྲྭ་གང་ལ་དགོས་མཁོ་ཡོད་ན་དྲ་ལམ་འདི་ནས་ tibetanbabybooks.com འབྲེལ་བ་བྱེད་ཆོག་ལ། ཉོ་མཁན་ལ་སྡེབ་ཚོང་དང་སིལ་ཚོང་གཉིས་ཀ་བྱེད་བཞིན་ཡོད་འདུག

དྲ་བ་གཞན་ལས་བཤུས། རྩོམ་བདག་ལ་དགོངས་དག་ཞུ།