ཤེས་རིག་སྤྱི་ཚོགས་ཀྱི་མངོན་རྟགས་གཙོ་བོ་ཞིག་ནི་རིག་གཞུང་གི་ལམ་སྲོལ་གྲུབ་པ་དེ་ཡིན་ཞིང་། དཔྱོད་ཤེས་ཀྱི་རིགས་པ་དང་རིག་གཞུང་སྒྲུབ་ཐབས་ཀྱིས་ཤེས་པའི་སྤྱི་ཚོགས་འཛུགས་གཉེར་བྱེད་པ་དེ་ཡིན། བོད་ལའང་ཉེ་རབས་ནས་བཟུང་འཛམ་གླིང་ཐུན་མོང་གི་རིག་གཞུང་སྒྲིག་སྲོལ་ལ་བསྟུན་པའི་རིག་གཞུང་དཔྱད་ཞིབ་ཀྱི་དབུ་བརྩམས་པ་ཡིན་ལ། ད་ལྟའི་ཆར་ཧ་ལམ་རིག་གཞུང་གི་འགྲོ་ལུགས་སྤྱིར་བཏང་བ་ཞིག་གྲུབ་ཡོད་པས། འདི་ནི་ང་ཚོ་ཤེས་རིག་སྤྱི་ཚོགས་ལ་མངོན་པར་ཕྱོགས་པའི་རྟགས་མཚན་ཞིག་ཏུ་མཐོང་།

དེ་ལྟ་ནའང་། བོད་རང་མིའི་གཟབ་ནན་མིན་པའི་རིག་གཞུང་འདུ་ཤེས་ལ་རྒྱ་ནག་ནང་ལོགས་ཀྱི་ཤེས་དབང་བརྗེ་འཚོང་གི་རིག་གཞུང་གོམས་སྲོལ་གྱིས་ཤན་ཐེབས་འོག རིག་གཞུང་རུལ་སུངས་ཀྱི་ཁ་དབུགས་ཤིག་ཡོངས་ཁྱབ་ཏུ་མཆེད་ཀྱིན་པ་དང་། ང་ཚོ་ཤེས་མེད་དུ་དེ་ལ་གོམས་ཀྱིན་པའི་བཟོ་ཞིག་ཐོན་བཞིན་འདུག རིག་གཞུང་རུལ་སུངས་ལ་རྒྱུ་རྐྱེན་སྣ་མང་ཞིང་མངོན་ཚུལ་ཐ་དད་ལ་འབྲས་བུ་ཆེ་ཕྲ་མངའ་བས་ན། ང་ཚོས་དོ་སྣང་མ་བྱས་ཚེ་ཤེས་རིག་སྒྲིག་སྲོལ་གྱི་གེགས་དང་སྐྱོན་དུ་འགྱུར་ངེས་སོ། །

བོད་ཀྱི་རིག་གཞུང་ལས་རིགས་ལ་བགས་ཀྱིས་མཇལ་ན། གཅིག་ན་རིག་གཞུང་གི་རིག་ཚན་མི་འདྲ་བའི་མ་ལག་གཙང་མ་ཆགས་མེད་པ་དང་གཉིས་ན་ཆེད་ལས་སྒྲིག་སྲོལ་གྲུབ་མེད་ལ། གསུམ་ན་ཆེད་ལས་བར་ཁྱད་མི་གསལ་ཞིང་བཞི་ན་རིག་གཞུང་ཐབས་ཤེས་ཀྱིས་དབུལ་བ་དང་། ལྔ་ན་རིག་གཞུང་འདུ་ཤེས་ཧ་ཅང་ཞན་པ་བཅས། བོད་དུ་རིག་གཞུང་ངོས་གཙང་བ་ཞིག་ད་དུང་གྲུབ་མ་ཐུབ་པར་ཡན་པོར་མཆིས་པའི་ངང་ཚུལ་མཐོང་།

དེང་སང་བོད་ཀྱི་རིག་གཞུང་གཙང་མའི་ལམ་དུ་ཞུགས་དཀའ་བའི་གེགས་རྐྱེན་ནི། རིག་གཞུང་རང་སྟེང་གི་རྨང་ཞན་པའི་ཉམས་ཞིབ་ལས་གཞན། སྒྲུབ་པ་པོ་དག་གི་བཅའ་སྲོལ་ལས་སྲོལ་ལའང་འབྲེལ་བ་དམ་པོ་འདུག་སྟེ། དཔེར་ན་རིག་གཞུང་གི་དཔྱད་ཐབས་ངེས་གཏན་མེད་པར་ཞིབ་འཇུག་ཙམ་པོ་བ་བྱེད་པ་དང་། རྩོམ་ཡིག་བྲིས་བྲིས་རིག་གཞུང་དུ་འཁྲུལ་བ། སྒེར་གྱི་མོས་པའི་སྟེང་གི་ལྟ་ཚུལ་དང་རིག་གཞུང་ལྟ་ཚུལ་ཁྱད་མེད་དུ་འཛིན་པ། བསམ་གཞིག་དང་རྟོག་ཞིབ་མེད་པའི་རིག་གཞུང་དཔྱད་རྩོམ་འབྲི་བ། འཆར་ཡན་བསམ་གཞིག་དང་རྟོག་གེའི་བསམ་གཞིག་ཁྱད་མི་ཕྱེ་བ། རིག་གཞུང་སྦྱོང་བརྡར་མེད་པར་རིག་གཞུང་གི་ལམ་པར་རློམ་པ། ཆེད་ལས་རིག་གཞུང་གི་བརྡ་ཆད་ཙམ་ཡང་མི་འབྱོངས་པར་ཆེད་ལས་དཔྱད་རྩོམ་སྤེལ་བ། ཆེད་ལས་འགྱུར་ལྡོག་མང་ལ་གཟབ་ནན་བསམ་གཞིག་མེད་པ། རིག་གཞུང་ནི་རང་གི་སྙན་གྲགས་འཚོལ་བྱེད་དང་གོ་ས་འབྱེད་བྱེད་དུ་བལྟ་བ། སྲིད་དོན་ཚོགས་བསོག་དང་རང་ཁེ་སྒེར་དོན་སྒྲུབ་བྱེད་ལ་རིག་གཞུང་རྩེད་སྤྱད་དུ་སྤྱོད་པ་སོགས་ལྟ་བུ་དང་། དེ་ལས་ཀྱང་ཚབས་ཆེ་བ་ནི། དབང་ཆ་དང་རིག་གཞུང་ཆ་མཉམ་དུ་བལྟ་བའི་ཤེས་དབང་བརྗེ་འཚོང་གི་བྱ་བྱེད་དང་། སྤྱི་ཚོགས་འཚོ་བའི་དགྲ་གྲོགས་དང་རིག་གཞུང་ལམ་ཁའི་རིག་སྨྲ་ཕན་ཚུན་ལྷན་བསྲེས་ཀྱིས་རིག་གཞུང་གཉེར་བ་དེའོ། །

གོང་སྨོས་མཐའ་མ་གཉིས་པོ་བྱེ་བྲག་ཏུ་བཤད་ན། མི་གང་ཞིག་ལ་སྲིད་དང་འབྱོར་བའི་དབང་ཆ་ཡོད་ན་རིག་གཞུང་སྨྲ་བའི་ཞྭ་མོ་བསྐོན་ཏེ་རིག་གཞུང་གི་དེད་དཔོན་ལྟ་བུར་བརྫུ་བ་དེ་དང་། རང་གི་གྲོགས་དང་གཉེན་ཉེ་བསྐུལ་ཏེ་རིག་གཞུང་གྲུབ་མཐའི་ལམ་སྲོལ་གསར་འཛུགས་ཀྱིས་ཆེད་མཁས་ཟོལ་རྫུ་བྱེད་པ་སྟེ། ཆེད་ལས་མིན་པའི་མི་དག་ཆེད་མཁས་སྟེགས་བུའི་ས་རུ་འགྱིངས་པ་དེ་རེད། རིག་གཞུང་ལས་ཀ་ནི་སྲིད་ཀྱི་གཡོ་འཕྲུལ་ཙམ་དང་འབྱོར་བའི་གཡོ་སྐོང་ཙམ་དང་གྲོགས་པོའི་ངོ་སོ་ཙམ་གྱིས་ག་ལ་འགྲུབ་སྟེ། འགྲུབ་ན་ཚང་མ་རིག་གཞུང་སྨྲ་བར་གྱུར་ཡོད་ངེས་པས་སོ། །ད་ལྟའི་ཆར་བལྟས་ན། ཁ་ཤས་རིག་གཞུང་ཉམས་ཞིབ་སྤུ་ཙམ་མེད་པར་ཞིབ་འཇུག་པའི་སྡེ་རུ་མགོ་འཚང་ལུས་འཚང་བྱེད་པ་དང་། ལ་ཤས་དེ་རིང་ཆོས་པ་ཡིན་ན་སང་ཉིན་ལོ་རྒྱུས་པ་ཡིན་པ་དང་། དེ་རིང་དམངས་སྲོལ་གཉེར་མཁན་ཡིན་ན་སང་ཉིན་གློ་བུར་སྐད་བརྡའི་མཁན་པོར”བཟོ་བ”སོགས། རིག་གཞུང་སྐབས་འཚོལ་བའི་ཚུལ་འཛིན་གང་སར་མཐོང་རྒྱུ་འདུག་པ་བཞིན་ནོ། །དེ་བཞིན་རིག་གཞུང་གི་སྐད་ཆའི་ཁོར་ཡུག་མི་བསྐྲུན་པར་རྫུན་དང་ཤོབ་དང་ལབ་ལ་མགོ་འཁོར་བའི་རིག་གཞུང་ཁྲམ་པ་སྐོར་ཞིག་ཀྱང་མདོ་དབུས་ཁམས་གསུམ་དང་ཐ་ན་ཕྱི་ལོགས་ལའང་ངང་གིས་འབྱུང་གིན་པ་ནི། རིག་གཞུང་ལ་གས་ཆག་ཤོར་བའི་ལྟས་སུ་མཐོང་འོས་སོ། །

དེ་ལྟ་མོད་ཀྱང་། དེང་གི་ཆར་རིག་གཞུང་ལ་ཐུགས་ཁུར་ཟབ་བཞེས་ཀྱིས་འགན་ཁུར་འདུ་ཤེས་མངའ་བའི་རྒན་རབས་རིག་གཞུང་སྨྲ་བ་ཁག་ཅིག་གི་སྩོལ་བ་དང་། རིག་གཞུང་འདུ་ཤེས་ལ་ཆེད་ལས་སྦྱོང་བརྡར་ཡོད་པའི་གཞོན་རབས་པ་གང་མང་ཞིག་གི་འབད་པ་ལས། ཁོ་བོས་མ་འོངས་པའི་བོད་ཀྱི་རིག་གཞུང་ལམ་ཁ་ངོས་གཙང་བ་ཞིག་ཏུ་བགྲོད་པར་ཡིད་ཆེས་རེ་ལྟོས་བྱེད་ཀྱིན་ཡོད་ལ། རིག་གཞུང་ལམ་ཁའི་གྲོགས་སུ་གྱུར་བ་གང་མང་ལ་མཉམ་དུ་འབད་འཐབ་བྱ་རྒྱུའི་གྲོས་གཞི་ཡང་འདོན་གྱིན་ཡོད། འོན་ཀྱང་རིག་གཞུང་ལ་རྣག་ཁྲག་འདྲེས་པའི་རུལ་སུངས་ཀྱི་དྲི་མ་འགོས་ཤིང་ཤེས་དབང་བརྗེ་འཚོང་གི་ལམ་སྣ་འདི་རྩ་ལག་རྒྱས་པ་ཡིན་ན། ང་ཚོའི་རྨང་གཞི་ཞན་པའི་རིག་གཞུང་ལ་གོད་ཆག་འབྱུང་ངེས་ཐག་ཆོད་སྙམ་པས། འདིར་ཀུན་ལ་གསལ་འདེབས་ཤིག་ཞུས་པ་ལགས།

2016.8.18 ཟི་ལིང་།