བཀའ་དྲིན་མཉམ་མེད་དྲིན་ཅན་རྩ་བའི་བླ་མའི་ཞབས་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ།།

སྣང་བས་སྟོང་བ་མི་འགོག་བདེ་བའི་མཆོག།།སྟོང་བས་སྣང་བ་མི་འགོག་དབྱིངས་ལ་འདྲེས།།སྣང་སྟོང་མཛའ་བར་འཐམས་པའི་ལྟད་མོ་ལ།།རྟག་ཏུ་གཡེངས་པའི་བློ་བཟང་རྒྱལ་བར་མཆོད།།
དེ་ལ་བརྗོད་གཞི་བཅུ་དྲུག་པ་ལ་ལན་གྱི་སྟངས་ཀ་ཅུང་ཟད་བྱེད་པ་ལ། ལེགས་བཤད་སྙིང་བོ་ལས། གཉིས་པ་ལ་གསུམ། བདག་མེད་རྟོགས་པ་དང་། བདག་འཛིན་ཕྲ་རགས་སོགས་ཀྱི་ཐུན་མོང་མིན་པའི་ཁྱད་པར་དང་། ཞེས་སོགས་ཀྱི་ས་བཅད་གསུམ་གྱིས་ཐལ་འགྱུར་ཐུན་མོང་མིན་པའི་ཁྱད་ཆོས་རྣམས་བསྟན་པས། འཇུག་པའི་རྣམ་བཤད་དང་། ལེགས་བཤད་སྙིང་བོ། དཀའ་གནས་བརྒྱད་ཀྱི་ཟིན་བྲིས་རྣམས་ལས་དངོས་སུ་བགྲངས་པའི་ཁྱད་ཆོས་རྣམས་ཀྱི་ངོས་འཛིན་དང་། བགྲང་ཚུལ་མི་འདྲ་བའི་ཁྱད་པར། ཁྱད་ཆོས་སུ་སོང་བའི་རྒྱུ་མཚན། དཀའ་གནས་བརྒྱད་ཅེས་པའི་མིང་གི་ཐ་སྙད་འདི་རྗེ་བླ་མའི་དངོས་རྩོམ་གྱི་ལེགས་བཤད་གང་ན་ཡོད། དཀའ་གནས་བརྒྱད་ཀྱི་ཟིན་བྲིས་ལས། དེ་ལའང་འགྲེལ་བཤད་གཞན་དང་མི་མཐུན་པའི་ཁྱད་ཆོས་ཕྲ་མོ་མཐའ་ཡས་ཀྱང་གནད་དུ་ཆེ་བ་ནི་བརྒྱད་ཡིན་གསུང་སྟེ། ཞེས་དཀའ་གནས་ལ་གཞུང་དེར་འཆད་འགྱུར་བརྒྱད་དུ་གྲངས་ངེས་པར་ཚིག་གི་ནུས་པས་ཀྱང་ཐོན་འདུག་པས། ཞིག་པ་དངོས་པོ་འདི་རྩ་ཤེའི་ཊིཀ་ཆེན་དུ་ལས་འབྲས་ཀྱི་རྣམ་བཞག་ལ་ཆེས་ཤིན་ཏུ་གནད་ཆེ་བར་གསུངས་ཀྱང་གཞུང་འདིར་ཅིའི་ཕྱིར་དཀའ་གནད་དུ་མ་བགྲང་། འབྲས་བུའི་སྐབས་སུ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཇི་སྙེད་པ་མཁྱེན་ཚུལ་དཀའ་གནད་དུ་དམིགས་ཀྱིས་བཀར་ནས་གསུངས་འདུག་པ་འདི་ལ་གོ་རྒྱུ་དམིགས་བསལ་ཅི་ཡོད། ཇི་ལྟ་བ་མཁྱེན་ཚུལ་ཡང་དཀའ་གནད་དུ་མ་བགྲང་བའི་རྒྱུ་མཚན་ཅི་ལ་ཐུག་ཚུལ་སོགས་ལ་དཔྱད་རྩོམ་རིན་ཐང་དང་ལྡན་པ་སྤེལ་རྒྱུ།

དེ་དག་ལས་དང་བོ་འཇུག་པའི་རྣམ་བཤད་དང་། ལེགས་བཤད་སྙིང་བོ། དཀའ་གནས་བརྒྱད་ཀྱི་ཟིན་བྲིས་རྣམས་ལས་ཐལ་འགྱུར་ཐུན་མོང་མིན་པའི་ཁྱད་ཆོས་རྣམས་དངོས་སུ་བགྲངས་པའི་ངོས་འཛིན་དང་། འདྲེན་ཚུལ་ལ་ཅུང་ཟད་མི་འདྲ་བའི་ཁྱད་པར་ནི། ཐོག་མར་འཇུག་པའི་ཊིཀ་ཆེན་དུ། འཕགས་པའི་གཞུང་གི་འགྲེལ་ཚུལ་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་རྡུལ་ཙམ་ཡང་མེད་ཀྱང་། བྱ་བྱེད་ཐམས་ཅད་བཞག་པས་ཆོག་པའི་འགྲེལ་ཚུལ་གྱི་ལུགས་ཐུན་མོང་མ་ཡིན་པ་འདི་ལ་བརྟེན་ནས། རྣམ་པར་དག་པའི་གྲུབ་མཐའ་འགྲེལ་བྱེད་གཞན་དང་ཐུན་མོང་མ་ཡིན་པ་མང་དུ་ཡོད་དེ། དེ་གང་ཞེ་ན་རེ་ཞིག་གཙོ་བོ་རྣམས་བརྗོད་ན། ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞི་རྣམ་ཤེས་དང་། རང་རིག་འགོག་ལུགས་ཐུན་མོང་མ་ཡིན་པ་དང་། རང་རྒྱུད་ཀྱི་སྦྱོར་བས་ཕྱི་རྒོལ་གྱི་རྒྱུད་ལ་དེ་ཁོ་ན་ཉིད་ཀྱི་ལྟ་བ་སྐྱེད་པར་ཁས་མི་ལེན་པ་གསུམ་དང་། ཤེས་པ་ཁས་ལེན་པ་བཞིན་དུ་ཕྱི་རོལ་གྱི་དོན་ཡང་ཁས་ལེན་དགོས་པ་དང་། ཉན་རང་ལ་དངོས་བོ་རང་བཞིན་མེད་པར་རྟོགས་པ་ཡོད་པ་དང་། ཆོས་ཀྱི་བདག་འཛིན་ཉོན་མོངས་སུ་འཇོག་པ་དང་། ཞིག་པ་དངོས་པོ་ཡིན་པ་དང་། དེའི་རྒྱུ་མཚན་གྱིས་དུས་གསུམ་གྱི་འཇོག་ཚུལ་ཐུན་མོང་མ་ཡིན་པ་སོགས་ཡིན་ནོ།།

དཀའ་གནས་བརྒྱད་ཀྱི་བརྗེད་བྱང་ལས་བཀོད་པ་འདི་ལྟར། གཞིའི་སྐབས་སུ་ཐ་སྙད་དུའང་རང་མཚན་དང་། ཀུན་གཞི་ཁས་མི་ལེན་ཞིང་། ཕྱི་དོན་ཁས་ལེན་པ་དང་། ལམ་གྱི་སྐབས་སུ་དེ་ཁོ་ན་ཉིད་རྟོགས་པའི་ཐབས་སུ་རང་རྒྱུད་དང་། རང་རིག་ཁས་མི་ལེན་ཞིང་། སྒྲིབ་གཉིས་འཇོག་ཚུལ་དང་། ཉན་རང་གི་ཆོས་ལ་རང་བཞིན་མེད་པར་རྟོགས་པ་ཁས་ལེན་པའི་ཚུལ་དང་། འབྲས་བུའི་སྐབས་སུ་སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཚུལ་ཏེ། ཁས་ལེན་པའི་དམ་བཅའ་བཞི་དང་། མི་ལེན་པའི་ཕྱོགས་བཞིའོ།། ཞེས་པའོ།།

ལེགས་བཤད་སྙིང་བོར། བདག་མེད་རྟོགས་པ་དང་བདག་འཛིན་ཕྲ་རགས་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་པར་དང་། ཕྱི་དོན་འཇོག་ཅིང་ཀུན་གཞི་དང་རང་རིག་ཁས་མི་ལེན་པའི་ཐུན་མོང་མ་ཡིན་པའི་ཁྱད་པར་དང་། རང་རྒྱུད་ཁས་མི་ལེན་པའི་ཐུན་མོང་མ་ཡིན་པའི་ཁྱད་པར་བཤད་པའོ།། ཞེས་གསུངས་སོ།།

གཉིས་པ་བགྲང་ཚུལ་མི་འདྲ་བའི་ཁྱད་པར་ནི། འཇུག་པའི་ཊིཀ་ཆེན་དུ་ཞིག་པ་དངོས་པོ་ཡིན་པ་དང་། དེའི་རྒྱུ་མཚན་གྱིས་དུས་གསུམ་གྱི་འཇོག་ཚུལ་ཐུན་མོང་མ་ཡིན་པ་བགྲངས་ཤིང་། དཀའ་གནས་བརྒྱད་ཀྱི་བརྗེད་བྱང་ལྟར་རང་མཚན་ཁས་མི་ལེན་པ་དང། འབྲས་བུའི་སྐབས་སུ་སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཚུལ་མ་བགྲངས་ལ་ཅིག་ཤོས་ཀྱིས་དེ་ལས་ལྡོག་སྟེ་བགྲངས་པ་ནི་དེ་གཉིས་ཀྱི་ཁྱད་པར་རོ།།སྟོང་ཐུན་དུའང་གཉིས་པ་སེམས་ཙམ་པ་སོགས་དང་ཐུན་མོང་མ་ཡིན་པའི་ཁྱད་པར་གཞན་ཡང་བཤད་པ་ལ། དུས་གསུམ་གྱི་རྣམ་བཞག་ཐུན་མོང་མ་ཡིན་པ་བཤད་པ། ཞེས་འཇུག་པའི་ཊིཀ་ཆེན་དང་མཐུན་པར་གསུངས་ཤིང་། བླ་མ་རྗེ་བཙུན་པས་འཇུག་ཊིཀ་དང་མཐུན་པར་གསུངས་ཤིང་རང་མཚན་མེད་པ་དེ་དག་གི་གྲངས་སུ་འདྲེན་མི་རིགས་ཏེ། དེ་དག་ལུགས་འདིའི་ཐུན་མོང་མ་ཡིན་པར་འཇོག་པའི་རྒྱུ་མཚན་ནམ་རྩ་བ་ཡིན་པའི་ཕྱིར་ཞེས་གསུངས་སོ། །པཎ་ཆེན་ཡིག་ཆར་རྣམ་བཤད་དྲངས་ཏེ་བཤད་པ་མཛད་སྟངས་ལ་བལྟས་ན་འཇུག་ཊིཀ་ཇི་ལྟ་བ་བཞིན་བཞེད་པར་མངོན་ལ། འོན་ཀྱང་དེར་ཊིཀ་ཆེན་ལས་འབྱུང་བའི་སོགས་སྒྲ་དང་། ཤེས་སྒྲིབ་མཚམས་གང་ནས་སྤོང་བ་མི་འདྲ་བ་སོགས་ཀྱི་ཁྱད་པར་མང་བོ་ཞིག་ཡོད་དོ།། ཞེས་གསུངས་པ་ལ་དགོངས་ཏེ་བརྒྱད་ཀྱི་གྲངས་ངེས་ལ་གོ་རྒྱུ་མེད་པར་གསུངས་སོ།། སེར་སྨད་མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་དུ། གྲུབ་མཐའ་འོག་མ་རྣམས་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱི་གཙོ་བོ་ལ་དུ་མ་ཡོད་དེ། རྩ་བའི་དམ་བཅའ་བརྒྱད་དང་། འཕྲོས་པ་ཡན་ལག་ལྟ་བུའི་དམ་བཅའ་དང་བཅས་ཡོད་པའི་ཕྱིར། དང་བོ་བརྒྱད་ཡོད་དེ། རང་བཞིན་གྱིས་མ་གྲུབ་པ་གཞིར་བྱས་པའི་སྒོ་ནས་འཕགས་པ་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་མྱོང་དང་། བདེན་འཛིན་ཉོན་སྒྲིབ་དང་། ཕྱི་དོན་ཡོད་པ་དང་། ཞིག་པ་དངོས་པོར་ཡོད་པ་དང་བཅས་པའི་སྒྲུབ་པའི་དམ་བཅའ་བཞི་དང་། ཀུན་གཞི་མེད་པ་དང་། རང་རིག་མེད་པ་དང་། རང་རྒྱུད་ཀྱི་གཏན་ཚིགས་མེད་པ་དང་། གཞན་སྐྱེ་མི་འདོད་པ་དང་བཅས་པའི་དགག་པའི་དམ་བཅའ་བཞི་དང་བཅས་བརྒྱད་ཡོད་པའི་ཕྱིར།ཞེས་གཞན་སྐྱེ་མེད་པ་ཡ་གྱལ་གཅིག་ཏུ་འདྲེན་པར་མཛད་དོ།།

གསུམ་པ་ཁྱད་ཆོས་སུ་སོང་བའི་རྒྱུ་མཚན་ནི། རང་གི་མཚན་ཉིད་ཀྱིས་མ་གྲུབ་པས་དགག་སྒྲུབ་ཀྱི་དམ་བཅའ་འམ་དཀའ་གནད་དེ་བྱུང་བ་ཡིན་པས་གཞན་ལ་མེད་པའི་ཁྱད་ཆོས་སུ་སོང་བ་ཡིན་ནོ།། གཞུང་ལ་ལར་རང་མཚན་གྱིས་མ་གྲུབ་པ་ལ་བརྟེན་ནས་བཏགས་པ་འཐད་པའི་རྒྱུ་མཚན་གྱིས་ཞེས་རྗེས་ཐོབ་སྒྱུ་མ་ལྟ་བུ་ལ་སྦྱར་བའང་ཡོད་མོད་དོན་འདྲའོ།། དེ་ཡང་ཞིབ་ཏུ་བཤད་ན། སྤྱིར་འཕགས་པ་ཡབ་སྲས་ཀྱི་དགོངས་པ་མཐར་ཐུག་སེམས་ཙམ་དུ་བཀྲལ་བ་དང་། སློབ་དཔོན་ཤནྟི་བས་རྩ་ཤེའི་དགོངས་པ་ལྟ་བའི་ཆ་ནས་སེམས་ཙམ་དུ་བཀྲལ་བར་གྲགས་པ་དང་། གནས་བརྟན་ཆོས་སྐྱོང་གིས་བཞི་བརྒྱ་བ་སེམས་ཙམ་དུ་བཀྲལ་བ་དང་། ཡང་ལྟ་བའི་ཆ་ནས་སེམས་ཙམ་ལས་ཁྱད་དུ་འཕགས་པའི་དབུ་མ་བར་བཀྲལ་ཡང་ཐ་སྙད་ཀྱི་རྣམ་བཞག་མང་བོ་སེམས་ཙམ་དང་སྒོ་བསྟུན་ཏེ་བཀྲལ་བ་ཞི་བ་འཚོ་ཡབ་སྲས་ལྟ་བུས་ཕྱི་དོན་ཁས་མི་ལེན་ཞིང་། རང་རིག་ཁས་ལེན་པ་དང་། ཡང་སློབ་དཔོན་ལེགས་ལྡན་འབྱེད་སོགས་ཐ་སྙད་དུ་རང་མཚན་གྱིས་གྲུབ་པ་དང་།རང་རྒྱུད་ཀྱི་རྟགས་དང་དམ་བཅའ་ཁས་ལེན་པ། བདེན་འཛིན་ཤེས་སྒྲིབ་ཏུ་འདོད་པས་ཉན་རང་འཕགས་པའི་ལམ་བགྲོད་པ་ལ་སྟོང་ཉིད་ཕྲ་མོ་རྟོགས་མི་དགོས་པར་བཞེད་པ་སོགས་འཕགས་པའི་དགོངས་པར་བཀྲལ་བ་ལྟ་བུ་ནི་ཡབ་སྲས་དེ་དག་གི་དགོངས་པ་མཐར་ཐུག་མིན་པས་རྩ་བ་ཤེས་རབ་དང་བཞི་བརྒྱ་བ་སོགས་ཀྱི་དགོངས་པར་འགྲེལ་དུ་མི་རུང་ལ།དེས་ན།འཕགས་པ་ཡབ་སྲས་དེ་དག་གི་དགོངས་པ་ནི་ཐུན་མོང་མ་ཡིན་པའི་ཚུལ་དུ་འདི་ལྟར་འགྲེལ་དགོས་སོ་ཞེས་ཁྱད་ཆོས་སམ་དཀའ་གནད་བརྒྱད་། བཅུ གཅིག བཅུ་གཉིས། ཉེར་གཉིས་སོགས་གྲུབ་མཐའ་ཐུན་མོང་མ་ཡིན་པ་མང་ངོ་།། འདི་དག་ལས་ལ་ལ་ཞིག་ལྟ་བའི་ཆ་ནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་སོང་བ་དང་། ཉོན་སྒྲིབ་མ་ལུས་པར་མ་སྤངས་པར་ཤེས་སྒྲིབ་མི་སྤོང་བ་སོགས་ལ་ལ་ཞིག་ལམ་གྱི་བགྲོད་ཚུལ་མི་འདྲ་བའི་སྟེང་ནས་དབུ་སེམས་གཞན་དང་མི་འདྲ་བའི་ཁྱད་ཆོས་སུ་སོང་བ་ཡིན་ནམ་སྙམ་མོ།།

བཞི་བ་དཀའ་གནས་བརྒྱད་ཅེས་པའི་མིང་གི་ཐ་སྙད་འདི་རྗེ་བླ་མའི་དངོས་རྩོམ་གྱི་ལེགས་བཤད་གང་ནའང་མེད་མོད། འཇུག་པའི་རྣམ་བཤད་ཀྱི་གཞུང་ཚན་དེའི་གྲངས་འདྲེན་ལ་ཞིག་པ་དངོས་པོ་ཡིན་པ་དང། དེའི་རྒྱུ་མཚན་གྱིས་དུས་གསུམ་གྱི་འཇོག་ཚུལ་ཐུན་མོང་མ་ཡིན་པ་སོགས་ཡིན་ནོ།། ཞེས་པ་གཉིས་ལོགས་སུ་བགྲངས་ན་བརྒྱད་ཡོད་པས་གྲངས་ཀྱིས་ཐོབ་པ་ལྟ་བུ་དང་། དཀའ་གནས་བརྒྱད་ཀྱི་བརྗེད་བྱང་དུ་འགྲེལ་བྱེད་གཞན་དང་མི་མཐུན་པའི་ཁྱད་པར་ཕྲ་མོ་མཐའ་ཡས་ཀྱང་གནད་དུ་ཆེ་བ་བརྒྱད་ཡིན་གསུང་སྟེ། ཞེས་གྲངས་དངོས་སུ་ཐོན་པའོ།། དེས་ན་དཀའ་གནས་བརྒྱད་དུ་གྲངས་ངེས་སམ་ཞེ་ན། མ་ངེས་པ་འདྲ་སྟེ། འཇུག་ཊིག་ཆེན་མོར་གསུངས་པའི་སོགས་ཁོང་ནས་འདྲེན་རྒྱུ་ཞིག་དགོས་པ་མ་ཟད། དེ་ལ་འོག་དེ་མ་ཐག་ཏུ་ཉོན་མོངས་ཀྱི་ངོས་འཛིན་ཕྲ་རགས་གཉིས་དང་། མི་རྟག་སོགས་བཅུ་དྲུག་གི་ལམ་ཙམ་གྱིས་གྲོལ་མི་གྲོལ་གྱི་འདོད་ཚུལ་གཉིས་དང་། ཤེས་སྒྲིབ་མཚམས་གང་ནས་སྤོང་བ་མི་འདྲ་བ་སོགས་ཀྱི་ཁྱད་པར་མང་བོ་ཞིག་ཡོད་དོ།། ཞེས་གསུངས་སོ།། འོན་ཀྱང་འདི་དག་ནི་ཡན་ལག་ཡིན་གྱི་རྩ་བ་མིན་པས་བརྒྱད་ཀྱི་གྲངས་ངེས་མི་འཇིག་གོ་ཞེ་ན། དེ་དག་ལ་རྩ་བ་དང་ཡན་ལག་གམ་གཙོ་ཕལ་གྱི་ཁྱད་པར་འབྱེད་མི་ནུས་པའི་ཕྱིར། དཀའ་གནས་བརྒྱད་ཀྱི་ཟིན་བྲིས་ལས། དེ་ལའང་འགྲེལ་བཤད་གཞན་དང་མི་མཐུན་པའི་ཁྱད་ཆོས་ཕྲ་མོ་མཐའ་ཡས་ཀྱང་གནད་དུ་ཆེ་བ་ནི་བརྒྱད་ཡིན་གསུངས་སྟེ། ཞེས་བརྒྱད་དུ་གསུངས་པ་མ་གཏོགས་གྲངས་ངེས་པར་ཚིག་གི་ནུས་པས་ཀྱང་ཐོན་འདུག་གསུངས་པ་ནི་སྒྲ་ཇི་བཞིན་པར་དཀའ་འམ་སྙམ། ཞིག་པ་དངོས་པོ་འདི་རྩ་ཤེའི་ཊིཀ་ཆེན་དུ་ལས་འབྲས་ཀྱི་རྣམ་བཞག་ལ་ཆེས་ཤིན་ཏུ་གནད་ཆེ་བར་གསུངས་ཀྱང་གཞུང་འདིར་ཅིའི་ཕྱིར་དཀའ་གནད་དུ་མ་བགྲང་པ་ནི། གཞུང་འདིར་གཞི་ལམ་འབྲས་གསུམ་གྱི་དབང་དུ་བྱས་ཏེ་གཞན་དང་མི་མཐུན་པའི་ཁྱད་ཆོས་གནད་དུ་ཆེ་བ་བརྒྱད་གསུངས་ཤིང་དེ་ཡང་ཀུན་གཞི་མི་བཞེད་པའི་ཁུངས་སུ་བསྡུས་ཏེ་འཆད་ནུས་པའི་རྒྱུ་མཚན་གྱིས་ཡིན་ནམ་སྙམ་མོ།། གོང་དུ་གཞུང་དེ་དག་ཏུ་དཀའ་གནད་འདྲེན་ཚུལ་མི་འདྲ་བའི་ཁྱད་བྱུང་བའང་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་གཞི་ལམ་འབྲས་གསུམ་གྱི་དབང་དུ་བྱས་པ་དང་། ཡང་ཐལ་འགྱུར་བའི་གྲུབ་མཐའ་སྤྱིའི་བཞེད་ཚུལ་ཐུན་མོང་མ་ཡིན་པའི་དབང་དུ་བྱས་པ་སོགས་ཀྱིས་ཡིན་པས་འགལ་ཆ་ཅི་ཡང་ཡོད་པ་མ་ཡིན་ནོ།།

ལྔ་བ་འབྲས་བུའི་སྐབས་སུ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཇི་སྙེད་པ་མཁྱེན་ཚུལ་དཀའ་གནད་དུ་དམིགས་ཀྱིས་བཀར་ནས་གསུངས་འདུག་པ་འདི་ལ་གོ་རྒྱུ་དམིགས་བསལ་ཅི་ཡོད་ཅེ་ན།སངས་རྒྱས་ཀྱིས་ཡེ་ཤེས་ནི་སྟོང་བ་ཉིད་ལ་མཉམ་གཞག་འབའ་ཞིག་གི་ངང་དུ་གནས་པ་མ་ཟད་མཉམ་གཞག་དེའི་ངང་ནས་ཇི་སྙེད་པ་མངོན་སུམ་དུ་གཟིགས་པ་ནི་སངས་རྒྱས་ཀྱི་སར་གསར་དུ་ཐོབ་པ་ཡིན་ལ། དེ་ལྟར་མཉམ་བཞག་འབའ་ཞིག་གི་ངང་ནས་གཟིགས་པའི་ཇི་སྙེད་པ་དེ་དག་དོན་དམ་དུ་ཐལ་ལམ་སྙམ་པའི་དོགས་པ་ཧ་ཅང་ཆེ་བས་དམིགས་ཀྱིས་བཀར་ཏེ་གསུངས་པ་ཡིན་ནམ་སྙམ། ཇི་ལྟ་བ་མཁྱེན་ཚུལ་ཡང་དཀའ་གནད་དུ་མ་བགྲང་བའི་རྒྱུ་མཚན་ཡང་འདི་ལ་དོགས་པ་དེ་ལྟ་བུ་མེད་པས་ཡིན་ནོ།།༼སྟོང་བ་རྟེན་འབྱུང་དང་རྟེན་འབྱུང་སྟོང་གཉིས་ཀྱིས་དགག་བྱ་ལ་མི་འདྲ་བའི་ཁྱད་པར་ཅུང་ཟད་ཀྱང་མེད་ལ།…༽

དཔྱད་དཔྱད་འདྲ་ཡང་མ་དཔྱད་ལ།།ངེས་ངེས་འདྲ་ཡང་མ་ངེས་པའི།། རྣམ་རྟོག་རི་མོར་བརྒྱུས་པ་འདི།།དཔྱོད་པའི་རྟེན་དུ་ཅིས་མི་རིགས།།

ཞེས་པ་འདི་ནི་མདོ་སྨད་རེབ་གོང་རིག་འབྱུང་བའི་གྲོང་ཁྱེར་དུ་སྐྱེས་པའི་རིགས་པ་སྨྲ་བ་བློ་བཟང་དཔལ་ལྡན་ནས་ཕུལ་བའོ།།

 imageརྩོམ་པ་པོའི་ལོ་རྒྱུས་བསྡུས་པ། མདོ་སྨད་རེབ་གོང་རོང་བོ་དགོན་ཆེན་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་གི་གྲྭ་སྐོར་དགེ་བཤེས་བློ་བཟང་དཔལ་ལྡན་མཆོག་ནི།ཕྱི་ལོ་(1976/2/10)ཉིན་མདོ་སྨད་ལྷོ་རྒྱུད་ཀྱི་ཆར་གཏོགས་པ། རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་ལེ་ལག སྨད་པ་སྡེ་བདུན་དུ་འབོད་པའི་ཡ་གྱལ། སྡོང་སྐམ་སྡེ་བའི་ཡབ་བན་དེ་བཀྲ་ཤིས་དང་ཡུམ་ཀླུ་མོ་རྒྱལ་གཉིས་ལ་བུ་བུ་མོ་དྲུག་ཡོད་པ་ལས་བཞི་བར་འཁྲུངས། མཚན་ལ་ཤ་བོ་བན་དེ་བཏགས་ཤིང་རང་ལོ་བདུན་ནས་ས་དེའི་སློབ་ཆུང་དང་དམའ་འབྲིང་གཉིས་པའི་བར་བཏོན། ཕྱི་ལོའི་ཆིག་སྟོང་དགུ་བརྒྱ་གོ་གཅིག་ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔའི་ཉིན་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་མཚན་ལ་༧བློ་བཟང་དཔལ་ལྡན་དུ་གསོལ། སྤེན་དཀར་ཐང་ཕུན་ཚོགས་དར་རྒྱས་གླིང་དུ་ཚོགས་ཞུགས་མཛད། ཨ་ཁུ་སྦྱིན་པ་ལགས་ཀྱི་མདུན་ནས་འདོན་ཆོས་སྤྱོད་སྐོར་བློ་འཛིན་བྱེད་ཞོར་སུམ་རྟགས་དག་གསུམ་ལ་སྦྱངས། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་གོ་ལྔ་ལོའི་ཧོར་ཟླ་གསུམ་ཚེས་ཉེར་ལྔའི་ཉིན་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གི་ཡ་གྱལ་གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་དུ་ཚོགས་ཞུགས་མཛད་ནས་དགེ་བའི་བཤེས་གཉེན་ཆེན་མོ༧ཨ་ཁུ་བློ་བཟང་ཆོས་གྲགས་ཀྱི་མདུན་ནས་བསྡུས་གྲྭ་ནས་བློ་རྟགས་བར་ཆོས་མཐུན་གྲོགས་པོ་རྣམས་དང་ལྷན་ཤ་ཆོད་རུས་ཆོད་ཀྱིས་ལེགས་པར་སྦྱངས་པདང་ཆབས་ཅིག་འཛིན་གྲྭ་གོང་མའི་དཔེ་ཁྲིད་དང་རྩོད་པའང་མགོ་མིག་བཏོད་པའི་ཚུལ་དུ་སྦྱང་བ་ལྷོད་མེད་མཛད། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་གོ་བདུན་ལོའི་ཧོར་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་དབུས་ཀྱི་གདན་ས་གསུམ་གྱི་ཡ་གྱལ་སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་གི་ཆོས་གྲྭར་ཞུགས། ཡང་དར་བསྟན་པའི་གསལ་བྱེད་དམ་པ་༧རྗེ་བཙུན་ངག་དབང་ཟླ་གྲགས་མཆོག་གི་མདུན་ནས་གུས་རྟག་སྦྱོར་བའི་བརྩོན་པ་སྔོན་དུ་བཏང་སྟེ་དྲང་ངེས་ལེགས་བཤད་སྙིང་བོའི་སེམས་ཙམ་སྐོར་དང་། རྣམ་འགྲེལ་ཐར་ལམ་གསལ་བྱེད། རྗེ་བཙུན་པའི་རྣམ་འགྲེལ་གྱི་སྐོར་ཕལ་ཆེ་བ་དང་། དབུ་མའི་སྤྱི་དོན་སྐལ་བཟང་མགུལ་རྒྱན་ཆ་ཚང་བ། ལྷག་པར་དུ་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོས་མཛད་པའི་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་དང་རྩ་ཤེའི་ཊིཀ་ཆེན་རིགས་པའི་རྒྱ་མཚོ་གཉིས་མཛུབ་ཁྲིད་ཀྱི་རྣམ་པས་ཞིབ་རྒྱས་སུ་གསན་ཞོར་ཆོས་གྲྭར་ཆག་མེད་ངང་གྲོགས་རིགས་པ་སྨྲ་བ་རྣམས་དང་ལྷན་དུ་བགྲོ་གླེང་ལ་ཤིན་ཏུ་བརྩོན་པར་བྱས་པས་ཉིན་སྐྱེད་ཞག་སྐྱེད་ལྟ་བུ་བྱུང་བས་ཡིད་ལ་སྤྲོ་བ་བླ་ལྷག་ཏུ་བརྟས། སྐབས་འདི་དག་ཏུ་ཤིན་ཏུ་བརྩོན་པ་སྐྱེད་དྲགས་པས་ལུས་སྐམ་སེང་ངེར་སོང་ཞིང་རྩོད་པའི་སྐབས་ཕྱག་གཉིས་ཐལ་མོ་བརྡབས་ཏེ་མཛུབ་བར་ཐམས་ཅད་སེར་གར་སོང་བ་སོགས་དཀའ་སྤྱད་དཔག་མེད་བྱས།སེ་ར་ཚོགས་ཆེན་གྱི་འདུ་ཁང་ཆེན་མོར་ཤོང་ཙམ་གྱི་དོན་གཉེར་བ་མང་བོ་དང་ལྷན་དུ་ལམ་རིམ་རྣམ་གྲོལ་ལག་བཅངས་དང་པཎ་ཆེན་བདེ་ལམ་ལྟོ་སྤྲད་པའི་ཁྲིད་ཉིན་ཉེར་གཅིག་ཏུ་གནང་བ་དགའ་དད་སྤྲོ་གསུམ་གྱིས་ཡོངས་སུ་རྫོགས་པ་ཞུས་པ་ལ་གང་ཅིར་སྔར་མ་བྱུང་བའི་སྐྱེད་ཆེན་པོ་ཐོན། སེ་ར་སྨད་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་༧རིགས་པའི་དབང་ཕྱུག་རྒན་བཀྲ་ཤིས་རྒྱལ་མཚན་མཆོག་གི་མདུན་ནས་ཕར་ཕྱིན་ཡོངས་རྫོགས་དང་།དྲང་ངེས་ལེགས་བཤད་སྙིང་བོས་གཙོ་བྱས་རྒོལ་ངན་ཚར་གཅོད། རྣམ་འགྲེལ་ཐར་ལམ་གསལ་བྱེད།འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ། མཉན་བྱའི་དབང་བོའི་ཟུར་བཀོལ་སོགས་དང་། མདོ་སྔགས་གཞུང་ལུགས་སྨྲ་བའི་ཁྱུ་མཆོག་༧རྒན་བློ་བཟང་མཁྱེན་རབ་ཀྱི་མདུན་ཕར་ཕྱིན་དང། ལྷག་པར་དུ་ལེགས་བཤད་སྙིང་བོའི་སེམས་ཙམ་གྱི་སྐོར་གཅིག་པུའང་ཟླ་ངོ་ཧྲིལ་བོ་བདུན་ཙམ་དུ་གསན་པ་སོགས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་ལེགས་པར་བསྟེན་ནས་དབུ་ཕར་ཚད་གསུམ་འདུལ་མཛོད་བཅས་གཞུང་ལུགས་རབ་འབྱམས་ལ་ཞིབ་ཏུ་སྦྱངས་ཤིང་།ཁྱད་པར་དུ་དབུ་ཕར་ཚད་གསུམ་ལ་ལྟ་རྒྱ་ཐོས་རྒྱ་དང་གོ་རིགས་གང་ནས་ཀྱང་ཁྱད་ཐོན་པས་འཇང་དགུན་ཆོས་ཆེན་མོའི་དམ་བཅའ་ལའང་ཐེངས་ཁ་ཡར་བཞུགས་ཏེ་གདན་ས་གསུམ་གྱི་གཙོས་པའི་དགེ་བའི་བཤེས་གཉེན་རྣམ་པ་དང་ཆོས་ཀྱི་གྲོགས་པོ་ཀུན་གྱིས་བསྔགས་བརྗོད་ཀྱང་ལོ་ལྟར་བདག་གིར་བཞེས། དུས་འདི་ནས་ད་ལྟའི་བར་མདོ་དབུས་ཁམས་གསུམ་གྱི་ཆོས་གྲྭ་མང་པོར་ཕེབས་ཏེ་དཔེ་ཁྲིད་དང་བགྲོ་གླེང་འཇང་དགུན་ཆོས་སོགས་ལ་ཕེབས་ནས་བསྟན་པའི་ཞབས་འདེགས་སུ་འགྲོ་ངེས་མཛད། ཉིས་སྟོང་དྲུག་ལོར་འཕགས་ཡུལ་དུ་ཕེབས་ནས་༧གོང་ས་རྒྱལ་བའི་དབང་བོ་ཐམས་ཅད་མཁྱེན་པའི་མདུན་ནས་བསྙེན་པར་རྫོགས་པའི་སྐལ་བཟང་མངོན་དུ་གྱུར་ཏེ་ཐེག་པ་ཆེན་པོའི་ཆོས་སྐོར་མང་བོ་དང་།ཁྱད་པར་དུ་རྒྱུད་གསང་བ་འདུས་པའི་གཙོ་བྱས་པའི་སྔགས་བླ་མེད་སྐོར་གྱི་དབང་ལུང་ཁྲིད་གསུམ་སོགས་འདོད་ཆོས་མང་པོ་གསན་ཏེ་ཕྱིར་ཕེབས། ཉིས་སྟོང་བརྒྱད་ལོར་ཞིང་ལྗོངས་བདུན་གྱི་དགེ་འདུན་པ་དྲུག་བརྒྱ་ལྷག་དང་མཉམ་དུ་རང་རང་གི་ཕ་ཡུལ་དུ་ལོག་དགོས་བྱུང་། 2009ལོར་དབུས་འགྱུར་སེ་ར་ཐེག་ཆེན་གླིང་ནས་༸བཀའ་དྲིན་མཚུངས་མེད་༸རིགས་པའི་དབང་ཕྱུག་༸དགེན་བཀྲ་ཤིས་རྒྱལ་མཚན་མཆོག་རང་དགོན་སྤེན་དཀར་ཐང་དུ་གདན་དྲངས་སྟེ་མཛོད་རྩ་བ་དང་སྤྱོད་འཇུག་ཆེན་མོ་རྩ་བའི་སྟེང་ནས་ཡང་བསྐྱར་མཛུབ་ཁྲིད་ཀྱི་ཚུལ་དུ་གསན་ཅིང་། ལོ་དེ་ནས་བཟུང་ད་ལྟའི་བར་རོང་པོ་དགོན་ཆེན་དུ་དབུ་ཕར་ཚད་གསུམ་གྱི་གཙོས་གཞུང་མང་བོའི་དཔེ་ཁྲིད་བར་མ་ཆད་དུ་གནང་བཞིན་ཉམ་ཆུང་སློབ་གཉེར་བ་རྣམས་ལ་འཚོ་ཆས་ཀྱི་རོགས་སྐྱོར་ཡང་ཡང་གནང་མྱོང་། ད་རེབ་ཀྱི་བགྱི་བ་རླབས་ཆེ་བ་འདིའང་བསྟན་འགྲོའི་ཆེད་དུ་དགོངས་པ་རྒྱ་ཆེན་བཞེས་པའང་གྲྭ་སྐོར་གྱི་གོ་རིམ་ལ་རྒྱུས་ཡོད་པ་རྣམས་ཀྱིས་མཁྱེན་ངེས་ཡིན་སྙམ་མོ།། འདི་ལྟར་བགྱིས་པའི་བསོད་ནམས་དཔག་མེད་ཀྱིས༎ བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན༎ དེ་འཛིན་སྐྱེས་བུ་ས་སྟེང་ཡོངས་ཁྱབ་སྟེ༎ བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས༎ འཇིག་རྟེན་ཁམས་ཀུན་བདེ་ཞིང་སྐྱིད་པར་ཤོག།