འདྲེན་ཚིག དད་པ་ནི་སྐྱེས་བུ་སྒེར་གྱི་བླ་ན་མེད་པའི་ཐོབ་ཐང་གཙོ་བོ་ཞིག་ཡིན་པ་རེད། དེ་དོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི«ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང»དུ་གསལ་པོར་བཀོད་ཡོད་པ་རེད།

གང་ལ་དད་པ་དང་། དད་པ་ཇི་ལྟར་བྱེད་རྒྱུ་ནི་སྐྱེས་བུ་སྒེར་གྱི་རང་དབང་ཡིན་པས། དྲག་པོས་ཐེ་གཏོགས་སམ་ཕན་ཚུན་བཙན་སྒྱུར་ནི་གཏན་ནས་བྱེད་མི་རུང་བ་རེད། དེ་ནི་སྲིད་གཞུང་དང་ཚོགས་པ་གང་རུང་ལ་བལྟོས་ཏེ་བཤད་པ་རེད། ཡང་སྐྱེས་བུ་སྒེར་སོ་སོར་མཚོན་ན་ཕན་ཚུན་རིགས་པས་དཔྱད་བསྡུར་དང་ཞི་བའི་འཆད་རྩོད་གང་འཚམ་བྱས་ཆོག་ཀྱང་། དད་པ་ཅན་སོ་སོའི་རྩིས་ཐང་ལ་ངེས་པར་དུ་བརྩི་འཇོག་བྱེད་དགོས་པ་རེད། དེང་སང་དཔལ་ཡོན་ལྡན་པའི་མི་རྣམས་ལ་འདི་འདྲའི་བཤད་ཚུལ་ཅིག་འདུག་སྟེ། “ཁྱོད་ནི་དེ་ལ་མོས་པ་མེད་ཀྱང་བརྩི་འཇོག་བྱེད་དགོས་པ་རེད”ཟེར། ཡང་རང་ཉིད་དད་པའི་དགོངས་བཞེད་གང་ཞིག་གཞན་སྟེང་དུ་བཙན་འགེལ་བྱེད་མི་ཆོག་པ་དང་། ལྷག་པར་དུ་སྐྱེས་བུ་སྒེར་གྱི་དད་པའི་ཆ་དེ་ཚོགས་པ་གང་ཞིག་གི་བྱ་བྱེད་ཀྱི་རྩ་དོན་དུ་སྦྱོར་ཡང་རུང་བ་མ་ཡིན་ནོ།།

དད་པའི་སྟོབས་ནི་ཧ་ལས་པ་ཡིན་ཏེ། ཡོ་རོབ་གནའ་རབས་ཀྱི་ལོ་རྒྱུས་ལ་བལྟས་ནའང་ཆོས་དོན་ནམ་དད་པའི་ཕྱིར་དུ་རང་སྲོག་ཕངས་མེད་སྦྱིན་པའི་དཔེ་ནི་བགྲང་གིས་མི་ལང་བ་མཆིས། ལོ་རྒྱུས་དེབ་ཐེར་དུ་ཁོང་ཚོར“ཆོས་དོན་དུ་སྲོག་སྦྱིན་མཁན”ཞེས་ཟེར། “ཆོས་དོན་དུ་སྲོག་སྦྱིན་མཁན”ཚོས་བཙན་ཤེད་གཏུམ་དབང་ཅན་ཚོ“གཡུང་ལ་ཕབ”ཅེས་བཤད་སྲོལ་ཡོད་ལ་ཁོང་ཚོས་གཅེས་སྲོག་གིས་འགྲོ་མིའི་བདེན་མཐའ་གསལ་བར་བྱས་མྱོང་། འོན་ཀྱང་། དེ་དང་དད་མོས་ཀྱི་ཕྱིར་དུ་དྲག་ལས་སྤྱོད་པའི་འཇིགས་སྐུལ་རིང་ལུགས་པ་གཉིས་གཏན་ནས་མི་འདྲ་སྟེ། སྔ་མ་ནི་གཞན་གྱིས་བཙན་དྲག་ལ་བརྟེན་ནས་རང་གི་དད་མོས་ཚར་གཅོད་པར་བརྩམས་པས་དང་། ཕྱི་མས་ནི་རང་གི་ལྟ་གྲུབ་དང་ཆོས་དོན་དུ་སྐྱེ་བོ་གཞན་གྱི་ཚེ་སྲོག་ལ་རྒོལ་བ་དང་སྐྱེས་བུ་གཞན་གྱི་དད་མོས་བཙན་བསྒྱུར་བྱེད་པ་རེད།

དད་པ་ནི་སྐྱེས་བུ་སྒེར་གྱི་ལྷན་སྐྱེས་ཀྱི་རང་དབང་དང་རྩིས་ཐང་ལ་ཐུག་ཡོད་པས། ཇི་སྐད་དུ། “ལམ་གྱི་བྱེ་བྲག་གང་ལ་མོས་པ་དང་། རིག་གནས་ལྟ་བ་གང་ལ་དད་པ་ནི་སུས་ཀྱང་བཙན་ཤུགས་ཀྱིས་རྒོལ་མི་རུང་བའི་བླ་ན་མེད་པའི་ཐོབ་ཐང་ཉིད་དེ། དེ་ནི་བདེན་དོན་ཡིན་ལ་དེ་ནི་གནས་ལུགས་ཀྱང་ཡིན་པར་འདོད”ཅེས་དང་།“སྲོག་དང་བྲལ་ཀྱང་སླ་ཡི། དད་པ་དོར་བ་ནི་དེ་ལྟ་མ་ཡིན་ནོ”ཞེས་དང་། “ཆོས་ཀྱི་དོན་དུ་སྲོག་བཏང་བ་ནི་ཆོ་འཕྲུལ་གྱི་མཆོག་ཡིན་ནོ”ཞེས་དང་། “དད་མོས་བཙན་སྒྱུར་གྱི་ལས་སུ་ཤ་ཐང་ཐང་གིས་འབད་མཁན་དག་ལ་ནི། གཡོ་དང་སྒྱུ་ལ་བྱང་བའི་ཐབས་རྩལ་ཆེ་ན་ཡང་། ཁ་བདེ་ལྕེ་བདེས་བསྒྲིགས་པའི་གཏན་ཚིགས་མོད་ན་ཡང་། དམག་དང་མཚོན་གྱི་རུ་དཔུང་ཅི་འདོད་ལྡན་ན་ཡང་། ཁོ་ཚོའི་རིགས་ལམ་དེས་མི་གཤིས་ཀྱི་ཆོས་ཉིད་ལ་བསྙོན་ཡོད་ཅིང་། ཁོ་ཚོའི་ལམ་ལུགས་དེ་མི་སྒེར་གྱི་བློ་མོས་དང་འགལ་ཡོད”ཅེས་སོ།། —སྒྲིག་པ་པོས།


དེ་ཡང་འདི་སྐད་ཅེས་ཐོས་ཏེ། འདི་ནས་ཡར་བརྩིས་པའི་བགྲང་བྱའི་ཉག་མ་སུམ་བརྒྱ་ལྷག་གི་གོང་རོལ་ན། རྒྱ་གར་ཡུལ་དབུས་ཀྱི་རྒྱལ་པོ་སལིམ་པ་ཞེས་གྲགས་པ་ཞིག་ཡོད་དེ། རྒྱལ་པོ་དེ་ནི་དྲག་ཤུལ་ལོག་པའི་ལས་ལ་རྒྱུན་དུ་སྤྱོད་པ་ཞིག་ཡིན་ཁར། དབྱི་སི་ལམ་གྱི་ཆོས་ལ་རིས་ཆད་ཀྱི་ཞེན་པ་མཐའ་གཅིག་ཏུ་བྱེད་མཁན་ཞིག་ཀྱང་ཡིན་པས། རང་གི་ཆབ་འབངས་སུ་གཏོགས་པའི་ཆོས་ཀྱི་ལྟ་གྲུབ་གཞན་དང་གཞན་གྱི་རྗེས་སུ་འཇུག་པ་རྣམས་ལ་འོས་མིན་གྱི་འཚེ་བ་རྟག་ཏུ་བྱེད་པར་གྲགས་སོ།།

ནམ་ཞིག་ན། རྒྱལ་པོ་རང་གི་བུ་ཁུ་ས་རབ་ཅེས་པས་སྲིད་དབང་གི་ཕྱིར་དུ་ཡབ་ལ་ངོ་ལོག་པའི་སྦྱོར་བ་བརྩམས་ཤིང་དཔུང་གི་ཚོགས་དང་བཅས་གཡུལ་འགྱེད་པའི་སྟ་གོན་ལ་ཞུགས། རྒྱལ་པོ་སལིམ་པ་ཡིས་ཀྱང་ཁོང་ཁྲོ་དྲག་པོས་དམག་གི་དཀྱིལ་འཁོར་ཆེན་པོ་བཤམས་ཏེ་བུ་དང་འཐབ་ཏུ་ཕྱིན། ཅང་མ་འགོར་བར་རྒྱལ་སྲས་ཀྱི་ཕྱོགས་ཕམ་པར་གྱུར་ཅིང་། ཁུ་ས་རབ་རང་ཉིད་ཡུལ་གཞན་དུ་བྲོས་ན་ཡང་། རྗེས་འདེད་ཀྱིས་ཟིན་ནས་ལྕགས་སྒྲོག་ཏུ་བཅུག་སྟེ་ཁྲིད། ཕོ་བྲང་དུ་སླེབས་པ་དང་མིག་གཉིས་བཏོན་པ་སོགས་ཁྲིམས་ཀྱི་མནར་གཅོད་ཡ་ང་བ་དུ་མ་བྱས་ནས་ཚེ་བཙོན་དུ་བཞག་པས་མཐར་བཙོན་འོག་ཏུ་ཤི་བ་རེད།

སྔར་རྒྱལ་སྲས་ཁུ་ས་རབ་འབྲོས་བཞིན་པའི་སྐབས་སུ། ལམ་བགྲོད་ཀྱི་ངལ་དུབ་དང་གསོད་པའི་དངངས་སྐྲག་གིས་ཤིན་ཏུ་ཉམ་ཐག་པར་གྱུར་པའི་ཚུལ་དེ། སིག་རྣམས་ཀྱི་སློབ་དཔོན་སྲིད་སྒྲུབ་ཅེས་པས་གཟིགས་པ་ན། དེ་ལ་ཤས་མི་བཟོད་པའི་སྙིང་རྗེ་དྲག་པོ་འཁྲུངས་ཏེ་དངུལ་དང་ལམ་ཆས་སོགས་ཀྱི་མཐུན་རྐྱེན་ཉེ་བར་སྦྱར་བ་རེད། རིམ་གྱིས་གནས་ཚུལ་དེ་ཉིད་རྒྱལ་པོ་སལིམ་པ་ཡི་རྣ་བར་སོན་པས། དམག་བཏང་སྟེ་སློབ་དཔོན་བཙོན་དུ་བཟུང་ཞིང་། “ཉེས་པ་ཅན་ཁྱོད་ཀྱིས་ནི། ད་ནས་བཟུང་རང་གི་ཆོས་ལུགས་དོར་ཏེ་དབྱི་སི་ལམ་གྱི་ཆོས་སུ་ཞུགས་དགོས”ཞེས་སྨྲས་ཏེ། མི་ཆོས་ལས་འདས་པའི་མནར་གཅོད་སྣ་དགུ་བྱས་ན་ཡང་། རང་གི་ཆོས་ལ་དད་དམ་གཙང་བའི་སློབ་དཔོན་གང་གིས་ནི། ཆོས་ཀྱི་དད་མོས་ཐད་ནས་གཏུམ་པོ་སལིམ་པ་ལ་བསྟུན་པའི་རྣམ་འགྱུར་ཕྲ་མོ་ཙམ་ཡང་མ་བསྟན་པ་རེད།

སྲོག་དང་བྲལ་ཡང་རང་གི་ཆོས་ཀྱི་དད་པ་གཅིག་ཏུ་མི་འདོར་བའི་ངང་ཚུལ་དེས་རྒྱལ་པོ་ཡང་ཐབས་ཟད་དེ། སློབ་དཔོན་ལ། “ཁྱོད་རང་གི་ཆོས་ལ་དེ་ཙམ་ཆགས་ན་ཆོ་འཕྲུལ་ཙམ་སྟོན་ནུས་རྒྱུ་ལ་དེ་ཡང་མི་སྣང”ཟེར་བར། སློབ་དཔོན་གྱིས། “ཤོག་བུ་དང་སྨྱུ་གུ་ཁྱེར་ཤོག་དང་། ཆོ་འཕྲུལ་ཡོད་དོ”གསུངས། ཇི་ལྟར་གསུངས་པ་བཞིན་སྤྲད་པ་ན། སློབ་དཔོན་གྱིས་ཤོག་དྲིལ་ཞིག་ཏུ་ཡི་གེ་འགའ་བྲིས་ནས་སྐེ་ལ་བཏགས་ཤིང་། “ད་ཁྱོད་ཚོས་ངའི་སྐེ་ལ་རལ་གྲིས་སྣུན་དང་། ཆོ་འཕྲུལ་སྟོན་ཆོག”གསུངས་པས། རྒྱལ་པོས་ནི་བདེན་སྙམ་ནས་གཤེད་མ་ལ་བརྡ་བསྟན། གཤེད་མས་ཀྱང་ཤུགས་དྲག་པོས་རལ་གྲིས་བསྣུན་པ་ན་སློབ་དཔོན་གྱི་དབུ་དམར་ཙ་རེ་ཐང་དུ་གྲིལ། ཆོ་འཕྲུལ་ནི་གང་ཡང་མ་བྱུང་། དེ་མ་ཐག་ཤོག་དྲིལ་ཁ་ཕྱེ་ཚེ། “ངས་ཆོས་ཀྱི་དོན་དུ་སྲོག་བཏང་བ་འདི་ཆོ་འཕྲུལ་གྱི་མཆོག་ཡིན་ནོ”ཞེས་བྲིས་ཡོད་པར་གྲགས་སོ།།

སྔོན་གྱི་ལོ་རྒྱུས་དུམ་བུ་དེ་ནི། རང་གི་མོས་པས་ལྷུར་བླངས་པའི་ཆོས་ལ་དད་དམ་གཅིག་ཏུ་གཙང་ཞིང་། རང་དབང་དང་བདེན་དོན་ལ་མོས་པའི་སྐྱེས་བུ་ཞིག་སྒེར་གཅོད་གཏུམ་སྲིད་ཀྱི་ཟིལ་ཤུགས་ལས་རྣམ་པར་རྒྱལ་བའི་སྙིང་སྟོབས་ཀྱི་བྱུང་བ་ཡིན་ཏེ། གཏུམ་པོ་སལིམ་པ་ལ་དྲག་པོའི་དཔུང་སྟོབས་ཤིན་ཏུ་དར་ན་ཡང་། གདུག་རྩུབ་ཀྱི་ཁྲིམས་ལས་རབ་ཏུ་མོད་ན་ཡང་། སློབ་དཔོན་གང་གི་དད་མོས་བཙན་གྱིས་སྒྱུར་བའི་སྟོབས་ནུས་མ་མཆིས་ཤིང་། སྐྱེས་བུ་སྒེར་གྱི་རང་དབང་གཞི་མེད་དུ་འཇོམས་པའི་ཐབས་རྩལ་མི་ལྡན་ཏེ། སློབ་དཔོན་གང་ཉིད་རང་གིས་བདམས་པའི་ལམ་ལ་རྩེ་གཅིག་ཏུ་མོས་པའི་དམ་ཚིག་གི་མདུན་ན། “སྲོག་དང་བྲལ་ཡང་སླ་ཡི། དད་པ་དོར་པ་ནི་དེ་ལྟ་མ་ཡིན་ནོ”སྙམ་པའི་སྙིང་སྟོབས་ཀྱི་སྔུན་ན། བཙན་དབང་སྒེར་གཅོད་ཀྱི་རྒྱལ་པོ་སལིམ་པ་དང“སལིམ་པ་དག”ནི། རང་གི་འདོད་པ་བཞིན་མངོན་དུ་གྱུར་མ་ཐུབ་པས་ངོ་གནོངས་ཤིང་ཁ་སྐྱེངས་ཏེ་ཡིད་ཕམ་རེ་ཆད་ཀྱི་མགོ་བོ་ནང་དུ་གུག་པ་ལས་ཅི་ཞིག་བྱེད་ཨང་།

གཏམ་རྒྱུད་ནང་གི་སློབ་དཔོན་སྲིད་སྒྲུབ་ཀྱིས་ནི། རང་ཉིད་སིག་གི་ཆོས་ལ་མོས་ཤིང་དད་པ་དེ། དབང་དང་གྲགས་པ་གང་ལའང་བསྟུན་མི་དགོས་པའི་སྒེར་གྱི་དོན་དག་ཅིག་ཏུ་སེམས་ཡོད་པར་མ་ཟད། ལུས་སྲོག་གི་འཇིགས་པ་ཆེན་པོའི་སྔུན་ནས་ཀྱང་བག་ཙམ་འདོར་མི་རུང་བའི་རང་ལུགས་རྣལ་མ་ཉིད་དུ་བལྟས་ཡོད་པ་རེད། ཡིན་ན་ཡང་། རང་ཉིད་སིག་གི་ཆོས་ལ་གཞར་ཡང་མི་ཕྱེད་པའི་དད་མོས་ལྡན་པ་དེ་ཡིས། སྐྱེས་བུ་གཞན་དང་གཞན་གྱི་དད་འདུན་མི་འདྲ་བ་དག་ལ་ནི་སྡང་སེམས་མེད་ལ་འཁོན་དུ་ཡང་མི་འཛིན་ཏེ། དབྱི་སི་ལམ་གྱི་ཆོས་ཀྱི་རྗེས་སུ་ཞུགས་པའི་རྒྱལ་སྲས་ཁུ་ས་རབ་ལ་ཡང་སྙིང་བརྩེ་བའི་སེམས་ཀྱིས་རམ་འདེགས་ཞུས་པ་མ་ཡིན་ནམ།

འོན་ཀྱང་། གཏུམ་པོ་སལིམ་པའི་གཏན་ཚིགས་ནི་དེ་དང་ཤིན་ཏུ་སོ་སོ་བ་སྟེ། ཁོ་ལ་མཚོན་ན། རང་གི་དད་མོས་ཁོ་ན་ཉིད་མ་ནོར་བ་དང་། ཡང་དག་པ། སྐྱོན་གྱི་ཆ་ཙམ་དབེན་པ་ཉིད་ཡིན་གྱི་དེ་དང་མི་མཐུན་པའི་དད་པ་དང་། མོས་པ། དགའ་བ་སོགས་ནི་ཤིན་ཏུ་ཐ་ཆད་པ་དང་། གཏི་མུག་པ། ལོག་པར་སྤྱོད་པ་འབའ་ཞིག་གི་རང་བཞིན་དུ་གནས་པར་ལྟ་བས། དེ་དག་ཚར་གཅོད་པའི་ཕྱིར་དུ་ཐོས་ན་སྙིང་འགས་པའི་དྲག་པོའི་ལས་འཇིགས་སུ་རུང་བ་ཅི་ཞིག་སྤྱད་ཀྱང་དགེ་བའི་ལེགས་ཚོགས་དམ་པ་ཞིག་གོ་སྙམ་དུ་སེམས་ཡོད་པ་རེད།

ལྟ་ཚུལ་སྔ་མའི་རིགས་ཀྱིས་ནི། སྐྱེས་བུ་སྒེར་གྱི་རང་དབང་ཉིད་གནད་ཀ་ཡོངས་ཀྱི་དོན་པོར་བཟུང་ཡོད་ཕྱིར། དེ་ཡི་ལུགས་ལྟར་ན། འཇིག་རྟེན་གྱི་སྐྱེས་བུ་སུ་ལ་མཚོན་ན་ཡང་། ལམ་གྱི་བྱེ་བྲག་གང་ལ་མོས་པ་དང་། རིག་གནས་ལྟ་བ་གང་ལ་དད་པ་ནི་སུས་ཀྱང་བཙན་ཤུགས་ཀྱིས་རྒོལ་མི་རུང་བའི་བླ་ན་མེད་པའི་ཐོབ་ཐང་ཉིད་དེ། དེ་ནི་བདེན་དོན་ཡིན་ལ་དེ་ནི་གནས་ལུགས་ཀྱང་ཡིན་པར་འདོད་པས། བསམ་བློ་དེ་རིགས་ཀྱི་ཞིང་ས་ལས་ནི། སྐྱེས་བུ་སྒེར་རེ་རེའི་ཐོབ་ཐང་ལ་འགན་སྲུང་ཡོད་པའི་ཆབ་སྲིད་དམངས་གཙོའི་ལམ་ལུགས་ཀྱི་སྔོ་ལྗང་མྱུ་གུའི་ཕོན་པོ་ཡང་ཐོལ་གྱིས་ཐོལ་གྱིས་འཁྲུངས་པ་མ་རེད་དམ།

ལྟ་ཚུལ་ཕྱི་མའི་རིགས་ཀྱིས་ནི། ལྟར་སྣང་ཙམ་དུ་ཆོས་དང་གྲུབ་མཐའི་ཁེ་ཕན་ནམ། རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་སོགས་སྤྱི་པའི་དོན་བྱ་རགས་པ་ཞིག་དམིགས་ཡུལ་དུ་འཛིན་ཁུལ་གྱི་བརྟུལ་ཞུགས་ལེན་ན་ཡང་། སྐྱེས་བུ་སྒེར་གྱི་ཚུགས་ཐུབ་ཀྱི་སྙིང་སྟོབས་དང་། བདེན་ལུགས་ཀྱི་གཏམ་བརྗོད། རང་མོས་ཀྱི་དད་འདུན་སོགས་ནི་ཉེས་པ་ཀུན་གྱི་འབྱུང་རྩར་ལྟ་བར་མ་ཟད། སྤྱི་བམ་བམ་གྱི་དམིགས་ཡུལ་གང་ཞིག་མངོན་གྱུར་ལ་བརྩོན་པའི་གོ་རིམ་ཁྲོད་དུ་ཉེས་མེད་སྐྱེ་བོ་ཁྲི་སྟོང་གི་ཚེ་སྲོག་ལ་རྡོག་བརྫིས་བྱས་པའང་རླབས་ཆེན་རྒྱལ་ཁའི་ཁོངས་སུ་བསྡུ་བར་བྱེད།

རྒྱུ་འབྲས་ངོ་བོ་བཅས་ཀྱི་ཆོས་གསུམ་ཆར་ནས་ཡོངས་སུ་མི་འདྲ་བའི་ལྟ་ཚུལ་དེ་གཉིས་ཀས། ས་གཞི་ཟླུམ་པོ་འདི་ཡི་ཕྱོགས་ཟུར་མི་འདྲ་བ་སོ་སོ་རུ། རང་རང་གི་ཚུལ་དང་མཐུན་པའི་ཁྲིམས་ལུགས་དང་ལམ་ལུགས་བཟོས་ཏེ། སྲིད་འབྱོར་རིག་གསུམ་གྱི་གནས་བབ་ཤིན་ཏུ་ཐ་དད་པའི་ཡུལ་ལུང་དང་། རྒྱལ་ཁབ་དུ་མ་བསྐྲུན་ཡོད་པ་རེད།

སྐྱེས་བུ་སྒེར་གྱི་ཐོབ་ཐང་ལ་གཙིགས་སུ་འཛིན་པའི“སྲིད་སྒྲུབ་དང་སྲིད་སྒྲུབ་དག”གིས་དབང་སྒྱུར་བའི་འཇིག་རྟེན་རྣམས་སུ་ནི། ལྟ་ཚུལ་སྣ་ཚོགས། དད་མོས་སྣ་ཚོགས། ལབ་གླེང་སྣ་ཚོགས། བསམ་བློ་སྣ་ཚོགས་བཅས་མདོག་མི་མཚུངས་པའི་ཚོན་རྩི་དུ་མས་ཁོ་ར་ཁོར་ཡུག་ཐམས་ཅད་བརྒྱན་ཡོད་ལ། དེ་རུ་གནས་བཅས་པའི་མི་རྣམས་ནི། ཕྱི་ནས་བལྟས་ན་ཟང་ཟིང་འུར་འུར་གྱི་རྙོག་གྲས་དུས་འདའ་བཞིན་པ་འདྲ་མོད། དོན་དུ་ཞི་བདེ་དང་རང་དབང་གི་དཔལ་ལ་རྣམ་པར་རོལ་གྱིན་པར་སུ་ཞིག་ཚོམ།

“རིང་ལུགས་ཆེན་མོ”རྣམས་དང་། “རླབས་ཆེན་དགོངས་བཞེད”དག་གི་ཕྲིན་ལས་ཀྱི་ཕྱིར་དུ། སྐྱེས་བུ་སྒེར་རེ་རེའི་བདེ་སྡུག་ཡལ་བར་དོར་པའི“སལིམ་པ་དང་སལིམ་པ”རྣམས་ཀྱིས་དབང་སྒྱུར་བའི་འཇིག་རྟེན་རྣམས་སུ་ནི། ལྟ་ཚུལ་སྣ་གཅིག་དང་། ལམ་ལུགས་རིགས་གཅིག དད་མོས་ཕྱོགས་གཅིག་ཁོ་ན་བླ་མེད་མཆོག་རབ་ཏུ་བཀུར་དགོས་ཤིང་། ཡུལ་དེ་རུ་མི་བརྒྱ་མགྲིན་གཅིག་གིས་བསྟོད་གླུ་རིགས་གཅིག་ལས་ལེན་མི་ཆོག་སྟེ། སུ་ཞིག་གི་ཡན་ལག་དང་ཉིང་ལག་གི་རྐྱོང་སྐུམ་གྱི་ཆ་ཤས་ཙམ་ཡང་ར་བ་དེ་ལས་བརྒལ་ཚེ། དེ་མ་ཐག་བཙོན་དུ་འཇུག་པ། ཚེ་སྲོག་འཕྲོག་པ་སོགས་སྐྱི་གཡའ་བའི་སྦྱོར་བ་སྣ་ཚོགས་ལག་བསྟར་བྱེད་པ་རེད། ཕྱི་ནས་བལྟས་ཚོད་ལ་ཡུལ་ལུང་དེ་དག་གི་མི་རྣམས་ཀྱང་། འཇམ་ཐིང་ངེར། ལྷོད་ཤིག་གེར། ས་བདེ་དུས་འཇམ་གྱི་ཁ་གཡང་ཁྲོད་དུ་གནས་ཡོད་ན་ཡང་། དོན་ལ་ནི“ཚད་མེད་པའི་དབང་ཤུགས”ལྕི་མོས་ངེས་མེད་ཁྲིམས་གཅོད་ཀྱི་འོག་ན་སྐྲག་འཇིགས་དང་དོགས་ཟོན་གྱི་ངང་དུ་སྐད་ཅིག་ལ་ཡང་བདེ་བའི་སྐལ་པ་ཡོད་ག་ལ་སྲིད།

མི་ལོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ཁྲོད་དུ། འཛམ་གླིང་ཡུལ་གྲུ་གང་སར་དང་། ལྷག་པར་དུ་ནུབ་ཕྱོགས་རྒྱལ་ཁབ་དག་ཏུ། རང་དབང་ལ་དགའ་བའི“སྲིད་སྒྲུབ་རྣམས”དང་། བཙན་དབང་གྱི་བྱེད་པོ“སལིམ་པ་རྣམས”ཡང་དང་ཡང་དུ་འཐབ་པའི་ཡིད་འགུལ་ངོ་མཚར་གྱི་གཏམ་རྒྱུད་ཁྲི་སྟོང་མང་པོ་བྱུང་སྟེ། ལ་ལས་མགོ་བོ་བྲེགས་ཀྱང་རང་མོས་ཀྱི་དད་པ་མ་དོར། ལ་ལས་མེ་རུ་བསྲེགས་ཀྱང་གནས་ལུགས་ལ་རྒྱབ་འགལ་མ་བྱས། ལ་ལས་བཙོན་དུ་བཅུག་ཀྱང་བཙན་དབང་ལ་བསྟུན་ཐབས་མ་བྱས་པ་རེད། འདོད་སྲེད་ཀྱི་འདུན་པ་དྲག་པོས་རང་ཉིད་ཁོ་ན་ཕྱོགས་ལས་རྣམ་པར་རྒྱལ་བའི་རྟགས་སུ་རིག་གནས་བཙན་སྒྱུར་དང་། དད་མོས་བཙན་སྒྱུར་གྱི་ལས་སུ་ཤ་ཐང་ཐང་གིས་འབད་མཁན་དག་ལ་ནི། གཡོ་དང་སྒྱུ་ལ་བྱང་བའི་ཐབས་རྩལ་ཆེ་ན་ཡང་། ཁ་བདེ་ལྕེ་བདེས་བསྒྲིགས་པའི“གཏན་ཚིགས”མོད་ན་ཡང་། དམག་དང་མཚོན་གྱི་རུ་དཔུང་ཅི་འདོད་ལྡན་ན་ཡང་། ཁོ་ཚོའི་རིགས་ལམ་དེ་མི་གཤིས་ཀྱི་ཆོས་ཉིད་ལ་བསྙོན་ཡོད་ཅིང་། ཁོ་ཚོའི་ལམ་ལུགས་དེ་མི་སྒེར་གྱི་བློ་མོས་དང་འགལ་ཡོད་པས། རྒྱབ་གཏོད་ཀྱི་སྤོབས་པ་གཟེངས་སུ་འདེགས་མཁན་ཇེ་མང་ནས་ཇེ་མང་དུ་སོང་བར་མ་ཟད། འཛམ་གླིང་ཡུལ་གྲུ་མང་པོ་ཞིག་ཏུ་ག་ལེ་ག་ལེར་སྒེར་གཅོད་ཀྱི་ལྟ་གྲུབ་དང་། བཙན་དབང་གི་སྲིད་ལུགས་རྣམས་ཀྱི་བྱ་བྱེད་ལས་གསུམ་པོ་རེ་རེའི་ཁ་ལ་མི་ཤིགས་རྡོ་རྗེའི་རྒྱ་གྲམ་རེ་རེ་བཀོད་ཅིང་འགོད་ཀྱིན་པ་མ་ཡིན་ནམ། དེ་ལྟར་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་དར་འཕེལ་དུ་སོང་བའི“སྲིད་སྒྲུབ་རྣམས”ཀྱི་གྲུབ་མཐའ་དེ། དེ་རིང་གི་དུས་སུ་འཛམ་གླིང་གི་གཙོ་རྒྱུགས་བསམ་བློ་རུ་ཆགས་ཀྱི་ཡོད་པས། མི་རྣམས་ཀྱིས“ཡོངས་ཁྱབ་རིན་ཐང”ཞེས་འབོད་ཀྱིན་པའི་ཆབ་རྒྱུན་གཙང་མ་དེས་དེང་གི་འཇིག་རྟེན་ཧྲིལ་པོ་རིམ་གྱིས་ཁྱབ་པར་བྱས་སོ།།

སློབ་དཔོན་སྲིད་སྒྲུབ་ཀྱིས་དད་པའི་ཆེད་དུ་སྐུ་སྲོག་བཏང་བའི“རྣམ་ཐར”མཇལ་ཐེངས་རེ་དང་། རང་དབང་གི་ཕྱིར་དུ་མགོ་བོ་བྱིན་པའི“རྟོགས་བརྗོད”དྲན་ཐེངས་རེ་ལ། ད་དུང“སལིམ་པ”ཡི་ལྟ་གྲུབ་ཀྱི་འོག་ཏུ་འཚོ་བའི་རང་རེ་ཚོ་ངའི་ཡིད་ལ་ཡང་ཡང་འཁོར་གྱི་འདུག ཆོས་ཀྱི་དད་པ་ཡང་གཞུང་གི་བཀོད་སྒྲིག་ལ“བསྟུན”དགོས་པའི་ང་ཚོས་ནི། མི་ཡི་དགའ་ཕྱོགས་ཀྱང་སྲིད་ཀྱི་ལངས་ཕྱོགས་དང་“མཐུན”དགོས་པའི་ང་ཚོས་ནི། ཡོད་ཚད“སལིམ་པའི”འདོད་མོས་ལ་གཅིག་ཏུ་སྟུན་གྱིན་རང་སེམས་གསོ་བའི་གཏན་ཚིགས་མང་པོ་བསྒྲིགས་ནས་སྡོད་པ་ལ་བལྟས་ན། མཚམས་ལན་རེར། ང་ཚོ་ལ་དོན་དམ་པའི་དད་པ་གང་འདྲ་ཞིག་ཡོད་དམ་སྙམ་དུ་སོམ་ཉི་སྐྱེ་ཡི་འདུག རང་སེམས་གསོ་ལ་མཁས་པའི་འུ་ཚོའི་གཏན་ཚིགས་ལྟར་ན་ནི། སློབ་དཔོན་སྲིད་སྒྲུབ་ཀྱིས་མགོ་བོ་དད་པའི་ཕྱིར་དུ་བྱིན་པ་ཡང་ལྐུགས་རྟགས་ཤིག་ཡིན་སྲིད་དེ། “གཙོ་བོ་སེམས་མ་འགྱུར་ན། ཁ་ནས་ཅི་ཞིག་སྨྲས་རུང་མི་སྐྱོན”ཟེར་བའི་ཕྱིར་རོ།།

མ་གཞི་དད་པ་དད་པ་ཞེས་པའི་ཚིག་འདི་ང་ཚོའི་ངག་ཏུ་བཟླས་ནས་ལོ་ངོ་སྟོང་ཕྲག་འགོར་ཡོད་ལ། དད་པ་དད་པ་ཞེས་པའི་དོན་དེར་ང་ཚོའི་རེ་བ་བཅོལ་ནས་ཀྱང་མི་རབས་མང་པོ་ཕྱིན་ཡོད། ད་དུང་བོད་མིའི་སེམས་ཀྱི་འཇིག་རྟེན་དད་པས་གྲུབ་ཅིང་། བོད་མིའི་མི་ཚེའི་འཚོ་བ་དད་པར་ཐིམ་ཡོད་ཅེས་ཕྱི་ནང་ཀུན་གྱིས་སྨྲ་བར་མ་ཟད། མི་གཡོ་བའི་དད་པ། མི་འགྱུར་བའི་དད་པ། མི་ཕྱེད་པའི་དད་པ་སོགས་ཐ་སྙད་ཀྱི་རྣམ་གྲངས་ཤིན་ཏུ་མང་པོ་སྤུངས་ནས་ང་ཚོས་རང་གི་དད་འདུན་གང་ཞིག་རི་རབ་ལྟ་བུར་བརྟན་ལ། རྒྱ་མཚོ་ལྟ་བུར་ཡངས་པའི་ཆོས་ཅན་ཉིད་དོ་ཞེས་རྟག་ཏུ་ངོམ་སོ་བྱེད།

ཡིན་ནའང་། རང་རེའི་དད་པའི་ལོ་རྒྱུས་ལ་ཁ་ཕྱིར་འཁོར་ནས་ཞིབ་ཏུ་བལྟས་ཚེ། གནད་འགག་གི་དུས་དང་བསྐལ་པ་རྣམས་སུ་ང་ཚོའི་དད་པ་ནི་ཆུ་ཡི་ཆུ་བུར་བཞིན་གཡོ་སླ་ཞིང་འཇིག་སྐྱེན་པ་ཞིག་ཏུ་མཐོང་བས། ང་ཚོ་དད་ལྡན་མི་རིགས་སུ་གདགས་པར་ཁོ་བོ་ཐེ་ཚོམ་དང་དོགས་འཆར་མི་སྐྱེ་བའི་རང་དབང་ག་ལ་ཡོད། “རིག་གནས་གསར་བརྗེར”གྲགས་པའི་སྨྱོན་པའི་ལོ་ཟླ་ནག་པོའི་སྐབས། “སལིམ་པ་དག”གིས་འུ་ཚོ་ཁྱུ་དང་ཁྱུ་བྱས་ནས་བསྡུས་ཏེ། “ཁྱེད་ཅག་གི་ལུགས་ཀྱི་ལྷ་མེད་ལ་ཆོས་ཡང་མེད་པས། གང་ཞིག་དེ་ཡི་བྱ་སྤྱོད་ཀྱི་ཆ་ཤས་སུ་གཏོགས་པ་ཚུན་ཆད་སེམས་ཅན་ལ་གནོད་པའི་དུག་དང་། རྫས་ངན་ལྟ་བུར་ཡལ་བར་འདོར་དགོས་ལ། ལོག་སྤྱོད་ཀྱི་ངོ་བོ་མཚོན་པའི་ཆོས་ལུགས་དགོན་སྡེ་ཡོད་ཚད་དྲག་པོའི་སྦྱོར་བས་རྩ་མེད་དུ་གཏོང་དགོས། དུག་ལྟ་བུའི་ལུགས་རྙིང་ཡོད་ཚད་རྩ་གཏོར་བྱས་ཚར་རྗེས། ངེད་ཁོ་ནའི་ལུགས་ལ་སྐྱབས་འཆའ་ན་ནི་དུས་དང་རྣམ་པ་ཀུན་ཏུ་ལམ་གྱི་འཇུག་ལྡོག་ལ་མི་རྨོངས་པའི་མཆོག་འཐོབ་པ་ཉིད་དོ”ཞེས་སུ་བརྗོད་པ་ན། དེ་མ་ཐག་བདེན་པའི་མགོ་བོ་ལྕོག་ལྕོག་ལྡེམ་པའི་བོད་མི་མང་པོ་ཐོལ་གྱིས་བྱུང་བ་མ་ཡིན་ནམ། ད་རུང་ཁོ་པ་ཚོས་དགྲ་སྟ་དང་། རལ་གྲི། མེ་མདའ། འཇོར་སོགས་ཐོགས་ནས་ལས་ཀྱི་སྦྱོར་བ་ཤས་མི་བཟོད་པ་སྣ་ཚོགས་བརྩམས་པ་མ་ཡིན་ནམ།

གནའ་བོའི་རིན་ཆེན་རིག་དངོས་ཡོད་ཚད་ཐལ་བའི་རྡུལ་དུ་རླག་མཁན་དེ་དག་གི་ཁྲོད་ན། གཙུག་ལག་གསུང་རབ་ཀྱི་ཕུང་པོ་རི་ལྟར་སྤུངས་ནས་མེ་རུ་སྒྲོན་མཁན་དེ་དག་གི་ཁྲོད་ན། རང་གི་སློབ་དཔོན་དང་བླ་མའི་ཞལ་ལ་གཅིན་ལྡུད་མཁན་དེ་དག་གི་ཁྲོད་ན། ཉེས་མེད་སྐྱེ་བོ་ཁྲི་སྟོང་མང་པོའི་ཚེ་སྲོག་ལ་རྡོག་པས་རྫི་མཁན་དེ་དག་གི་ཁྲོད་ན། ཕྱག་སྐོར་བཟླས་བརྗོད་ལ་གཅིག་ཏུ་བརྩོན་མྱོང་བའི་སེར་སྐྱ་ཕོ་མོ་སྣ་ཚོགས་ཡོད་པར་མ་ཟད། གཞུང་ཆེན་འདོམ་ལ་འཇལ་མྱོང་བའི་དགེ་བཤེས་དང་། སེངྒེའི་ཁྲི་ལ་བཞུགས་མྱོང་བའི་སྤྲུལ་སྐུ་ཡང་ཡོད་པ་མ་ཡིན་ནམ།

ཡང་ལོ་རབས་བརྒྱད་ཅུ་པའི་ནང་ཙམ་ལ། “དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པའི”སྤྲུལ་སྒྱུར་མཁན་པོ་ཚོས། “དེ་སྔའི་ལས་སུ་བྱ་བ་དག་ནི་མི་བཞིའི་ཕྱོགས་ཁག་གིས་གནོད་པས་ལན་གྱི་ངེད་ཅག་གི་དོན་དམ་པའི་ལུགས་མ་ཡིན་ཏེ། ངེད་ཀྱི་ལུགས་ལ་ནི་མི་རྣམས་ཆོས་ཀྱི་དད་མོས་ལ་གང་བསམ་དུ་འཇུག་པར་རུང་ངོ”ཞེས་བརྗོད་པ་ན། གཞན་དག་ལྟ་ཅི། “རིག་གསར”སྐབས་ཀྱི“དཔའ་པོ་དཔའ་མོ”དག་གིས་ཀྱང་དེ་མ་ཐག་ཐོད་པ་ས་ལ་གཏུགས། བུ་ཕྲུག་དགོན་པར་བསྐྱལ། རྒྱུ་ནོར་བླ་མར་ཕུལ། མ་ཎི་དུང་ཕྱིར་བགྲངས་ཏེ་གཞན་དང་གཞན་ལ་དད་པ་ཡོད་མེད་ཀྱི་གླེང་གཞི་བཙལ་ནས་མིག་ལོག་གིས་ཅེར་ཅེར་ལྟ་བཞིན་པ་མ་ཡིན་ནམ།

བསམ་ཞིང་བསམ་དུས། རང་རེའི་དད་པ་ནི་མི་ཆོག་ཟེར་དུས་དབྱིངས་སུ་ཡལ་འགྲོ་བ་ཞིག་དང་། ཆོག་ཟེར་དུས་མདུན་ལ་སླེབས་འོང་བ་ཞིག་ཏུ་མཐོང་གི་འདུག་པས། དེ་ནི་དུས་ཀྱི་ངོ་སོ་བསྟོད་པའི་རྣམ་འགྱུར་ཙམ་དང་། དབང་ཤུགས་ལ་མགོ་བོ་སྒུར་བའི་སྐྲག་འཛུམ་ཙམ་ལས་ཅི་ཞིག་ཡོད་ཨང་།

འུ་ཚོའི་ཤ་ནས་རུས་པ་དང་། རུས་པ་ནས་རྐང་གི་བར་དུ་ལག་སྙོབ་བྱེད་ཀྱིན་པའི“སལིམ་པ་དག”གིས་ནི། རང་ཉིད་འབའ་ཞིག་འཇིག་རྟེན་གྱི་ཚད་མ་ཡིན་མདོག་གིས། “འདི་ལ་དད་ན་ངེད་ཀྱི་ཁྲིམས་དང་མཐུན། དེ་ལ་དད་ན་ངེད་ཀྱི་ཁྲིམས་དང་འགལ”ཞེས་ཚུལ་མིན་གྱི་ཧམ་བཤད་ཇི་ལྟར་བྱས་རུང་། བདེན་ལུགས་ཀྱི་མགོ་བོ་ཀྲོག་ཀྲོག་དང་། ཉན་འདོད་ཀྱི་རྣ་བ་ཅོར་ཅོར་བྱེད་པའི་ང་དང་ང་ཚོ་ལགས། ཁྱེད་ཀྱི་མི་ཕྱེད་པའི་དད་པ་གང་དུ་བྲོས་སོང་། མི་འགྱུར་བའི་དམ་ཚིག་གང་དུ་ཡལ་སོང་། “བཞད་གད་ཙམ་གྱི་ཕྱིར་དུ་ཡང་སྐྱབས་གཏོང་བའི་ཚིག་མི་སྨྲ་བའི་བསླབ་བྱ”གང་དུ་འཕུར་སོང་།

དེ་ལྟར་བརྟགས་ན་ང་ཚོ་ལ་ནི། དཔག་ཚད་ཁྲི་སྟོང་བརྐྱངས་ཕྱག་གིས་བརྒལ་བའི་སྡུག་རུས་ཙམ་ལས། དད་མོས་ཀྱི་ཕྱིར་དུ་བཙན་དབང་ལ་མགོ་བོ་མི་སྒུར་བའི་སྙིང་སྟོབས་ཤིན་ཏུ་དཀོན་པར་སྙམ། བསོགས་པའི་རྒྱུ་ནོར་ཡོད་ཚད་དགོན་པར་འབུལ་བའི་གཏོང་ཕོད་ཙམ་ལས། བདེན་དོན་གྱི་ཆེད་དུ་ཉི་ཚེ་བའི་ཁེ་ཕན་བློས་གཏོང་གི་སྤོབས་པ་རབ་ཏུ་ཞན་པར་སྣང་། “ཆོས་ཀྱི་དོན་དུ་སྲོག་གཏོང་བ”ཞེས་པའི་གཞུང་ཚིག་དེར་འགྲེལ་པ་ཡང་འགྲེལ་སྣ་ཚོགས་རྩོམ་ཐུབ་པའི་རྣམ་དཔྱོད་ཙམ་ལས། དད་མོས་ཀྱི་རང་དབང་ནི་རང་གི་ཚེ་སྲོག་ཏུ་ལྟ་བའི་ཤེས་རབ་ཀྱི་རྟོགས་པ་ལྷག་ཏུ་དམན་པར་སེམས། སུ་ཞིག་ལ་དད་པ་ཡོད་མེད་ཀྱི་གླེང་གཞི་དང“ཞྭ་མོ”བཟོ་བའི་རྩོམ་རྩལ་ཙམ་ལས། དད་འདུན་ལ་རྡོག་བརྫིས་བྱེད་མཁན་གྱི་སྐྱོན་མཚང་སྔོག་པའི་སྨྲ་ལྕེ་ཡོངས་སུ་འཁུམས་པར་མཐོང་ངོ་།

རེད། འུ་ཅག་གི་ངོས་གཅིག་ནས་བལྟས་ན། དངོས་གནས་ཞེ་མེར་ལ། ཡི་ག་ལོག་པའི་ངང་ཚུལ་དེ་འདྲ་ཞིག་ཡིན་པར་སུས་ཀྱང་བསྙོན་དུ་མི་དམིགས་ནའང་། ཡང་ངོས་གཞན་ཞིག་ཏུ་ནི། རང་རིགས་ཀྱི་ཁྲོད་དུ་ཡང་དད་མོས་རང་དབང་དང་། གནས་ལུགས་བདེན་དོན་གྱི་ཆེད་དུ། བཙན་ཤུགས་ལ་བསྟུན་ཐབས་མི་བྱེད་པའི་སྐྱེས་བུ་སྙིང་རུས་ཅན་མང་པོ་སྔོན་ཆད་བྱུང་མྱོང་ལ་ད་ལྟ་འབྱུང་བཞིན་པའང་ཡིན་པས། དེ་ནི་ང་ལ་མཚོན་ན། འཁྱག་སིབ་སིབ་ཀྱི་སེམས་པ་སྲོ་བའི་དྲོད་ཐིགས་ཤིག་ཅི་ལ་མིན།

མཚམས་འདིར་ངའི་ཡིད་ལ། མེས་པོ་སྒལ་ཚིགས་ཅན་ཞིག་གི་དམར་སྨུག་གི་ཞལ་རིས་དྲན་བྱུང་། བོད་མི་རུས་རྐང་ཅན་ཞིག་གི་ཚེ་མཐའ་ཡི་ཞལ་ཆེམས་དྲན་བྱུང་། ཁོང་གི་མཚན་དུ་མངའ་བདག་ཡེ་ཤེས་འོད་ཅེས་འབོད་ལ། ཁོང་ནི་དད་མོས་རང་དབང་གི་ཕྱིར་དུ་གཅེས་པའི་ལུས་སྲོག་བཏང་བའི་སྔོན་རབས་སྐྱེས་མཆོག་ཅིག་རེད།

གར་ལོག་རྒྱལ་པོའི་བཙོན་ཁང་དུ། ལོ་ན་ཅུང་ཟད་རྒས་པའི་ཕོ་རྒོད་ཅིག་ཡན་ལག་ཐམས་ཅད་ལྕགས་སྒྲོག་གིས་བཅིངས་ནས་བཞག་ཡོད་ཅིང་། ལུས་ཀྱི་ཆ་ཤས་ཀུན་ཏུ་ལྕག་གིས་གཞུས་པའི་རྨ་ཤུལ་དང་ཁྲག་རྗེས་ཤ་ཤུར་དུ་དོད་ཡོད། དེ་ནི་བཙན་པོའི་གདུང་སྲས་འཁྲུལ་མེད་དེ།   སྟོད་མངའ་རིས་ཀྱི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་རེད། གར་ལོག་གི་རྒྱལ་པོ་གཏུམ་སྤྱོད་ཅན་དེ་ཡིས། ཨམ་གཙིགས་སྡོམ་གྱིན་མགོ་བོ་མི་སྒུར་བའི་ཁོང་ལ་ལམ་མི་འདྲ་བ་བཞི་ཡི་འདམ་ག་བསྐོར་ཡོད་དེ། གཅིག སངས་རྒྱས་ཀྱི་ཆོས་ལ་སྐྱབས་སུ་འགྲོ་བ་དོར་ནས་ཁོ་པའི་ཆོས་ལ་དད་པར་བྱས་ན་བཙོན་གྲོལ་ཡོང་རྒྱུ། གཉིས། རྒྱལ་གཞིས་མངའ་སྡེ་དང་བཅས་པ་གར་ལོག་གི་མངའ་འོག་ཏུ་འཛུལ་ན་བཙོན་གྲོལ་ཡོང་རྒྱུ། གསུམ། གསེར་རང་གི་ལུས་ཚད་དང་མཉམ་པ་ཞིག་སྤྲད་ན་བཙོན་གྲོལ་ཡོང་རྒྱུ། བཞི། དེ་གསུམ་གང་ཡང་མི་བསྒྲུབ་ན་གསོན་པོར་སྡིག་པ་རྭ་ཙའི་དོང་དུ་གཡུགས་ནས་ངན་གསོད་བྱ་རྒྱུ་བཅས་རེད།   བློ་ཡུལ་ལས་འདས་པ་ཞིག་ལ། རང་གིས་བདམས་པའི་དད་མོས་བཙན་དབང་གིས་སྒྱུར་མི་མོས་ཤིང་། ཡབ་མེས་ཀྱི་ཕ་ཁྱིམ་དྲོན་མོ་དགྲ་ལག་ཏུ་འཇོག་མི་འདོད་པར་མ་ཟད། རིན་ཆེན་གསེར་གྱི་ཕུང་པོའང་གཏུམ་སྤྱོད་པར་སྤྲོད་མི་བསམ་པའི་ཁོང་གིས་ནི། ཐེ་མི་ཚོམ་པར་གཅེས་པའི་ལུས་སྲོག་འདོར་རྒྱུའི་བློ་ཐག་བཅད་པ་རེད།

རང་གི་ཁུ་བོ་བླུ་བའི་ཕྱིར་ག་ས་གང་དུ་གསེར་འཚོལ་གྱིན་པའི་སྐུ་དབོན་བྱང་ཆུབ་འོད་ཀྱང་བཙོན་ཁང་དུ་ཁོང་ལ་གཟིགས་པར་ཕེབས་ནས། ངོ་གདོང་མཆི་མས་བཀང་སྟེ། “ངས་གསེར་ཁྱེད་ཀྱི་ལུས་འདྲ་བ་ཞིག་རྙེད་བྱུང་ནའང་དབུ་ཙམ་ཞིག་ད་དུང་མ་ཚང་། འོན་ཀྱང་མྱུར་ཏུ་རྙེད་ཐབས་བྱས་ཏེ་བླུར་འོང་གི དེའི་བར་དུ་སྔོན་གྱི་ལས་སེམས་པ་དང་། དཀོན་མཆོག་ལ་གསོལ་བ་འདེབས་པ་དང་། སྙིང་པོ་ཆེ་བྲང་ཁོག་ཏུ་བཅུག་པའི་སོ་ནམ་མཛད་དགོས་པ་ཡིན།” ཞེས་གསོལ་བ་ན། མངའ་བདག་ཆེན་པོ་དེ་ཉིད་བཞད་ཙམ་མཛད་ནས། “ཁྱོད་ལའང་གཅེས་ཕྲུག་སྣུམ་ཟན་མའི་པགས་ཤིག་ཡོད། དཀའ་སྤྱད་དང་སྙིང་རུས་མི་ནུས་སྙམ་པ་ཡིན་ཏེ། ང་ཤི་ཡང་ཁྱོད་ཀྱིས་ཕ་མེས་ཀྱི་རྣམ་སྲོལ་སྐྱོང་བར་སྣང་། ཁྱོད་ཀྱི་དེ་གོ་བ་ཆེ། ང་ལ་དེས་ཆོག” ཅེས་དང་། “སྔར་ཚེ་འཁོར་བ་ཐོག་མེད་ནས་ཆོས་ཀྱི་ཕྱིར་ཤི་བ་གཅིག་ཀྱང་མེད། ད་ལན་ཆོས་ཕྱིར་ཤི་ན་ལེགས་པ་ཡིན་པས། རྒྱལ་པོ་འདི་ལ་གསེར་སེ་བ་ར་ཏི་ཅིག་ཀྱང་མི་སྟེར།”ཞེས་སོགས་གསུངས་བྱུང་བས། དབོན་བྱང་ཆུབ་འོད་ནི་སྨྲ་བ་མེད་པར་ལུས་ཤིང་མིག་ཆུའི་ཕྲེང་བ་ཤམ་ཤམ་དུ་བཞུར། ཁུ་དབོན་གཉིས་ཀའི་མཐའ་མཇུག་གི་མཇལ་འཛོམས་དེ་ལྟར་མཇུག་རྫོགས་སོང་།

དེ་ནས་ཅང་མ་འགོར་བའི་ཉིན་ཞིག་ལ། གཤེད་མས་སྔ་ཕྱིར་དེད་པའི་ཁོང་གི་གོམ་ཁ་སྡིག་པ་རྭ་ཙའི་བཙོན་དོང་དང་ཇེ་ཉེ་ཇེ་ཉེར་ཕྱིན། གཤེད་མ་དག་གིས་ཁོང་ཉིད་ཤུགས་ཆེན་པོས་མུན་ནག་འཇིགས་རུང་གི་བཙོན་དོང་དུ་གཡུགས་མ་ཐག མི་ཟན་གྱི་སྲོག་ཆགས་དུ་མས་སྐྱེས་བུ་གང་གི་སྐུ་ཡི་མེ་ཏོག་ཚལ་བ་ཚལ་བུར་གཤགས་སོང་།

གཅེས་པའི་ཚེ་སྲོག་ཤོར་ཡང་རང་མོས་ཀྱི་དད་འདུན་མ་བསྒྱུར་པའི་ཁོང་ནི། རང་ལུས་དུམ་བུར་གཤགས་ཀྱང་མེས་པོའི་ཕ་ཁྱིམ་མ་བྱིན་པའི་ཁོང་ནི། སྐུ་ཚེའི་འདུ་བྱེད་རྫོགས་ཀྱང་ཕྲིན་ལས་ཀྱི་ཆབ་རྒྱུན་མ་ཟད་པའི་ཁོང་ནི། ང་ཡི་སེམས་ཀྱིས་གུས་འདུད་འབུལ་ས་ཡིན་ལ། བོད་མིའི་ལོ་རྒྱུས་ཀྱིས་ཕྱིར་དྲན་ཞུ་ས་ཡང་ཅིས་མ་ཡིན།

མདོར་ན་དད་པ་ནི། སྐྱེས་བུ་སྒེར་དང་སྒེར་གྱི་བློ་མོས་ཀྱི་སྤུ་རིས་འབྱེད་པའི་ས་རྟགས་ཤིག་རེད་ལ། དད་པ་ནི་ཚོགས་པ་སྤྱི་དང་སྤྱི་རྣམས་ལྷན་ཅིག་འདུ་སའི་ཁྱིམ་གཞིས་ཤིག་ཀྱང་རེད། དད་པའི་དབང་གིས་སྤུན་མཆེད་ཡིན་ཡང་མི་ཚེའི་འདམ་ག་སོ་སོར་ཆགས་ཀྱི་ཡོད་ཅིང་། དད་པའི་དབང་གིས་རྒྱ་མཚོའི་ཕ་རོལ་གྱི་མི་ལའང་འདྲིས་ཤིང་གཤིབས་ནས་སྡོད་ཀྱི་ཡོད། ནང་ཆོས་ལ་དད་པ་དང་། ཡེ་ཤུའི་ཆོས་ལ་དད་པ། ཁ་ཆེའི་ཆོས་ལ་དད་པ། ཧིན་རྡུའི་ཆོས་ལ་དད་པ། ཡ་ཧུ་དཱའི་ཆོས་ལ་དད་པ། དེ་བཞིན་སྒྱུ་རྩལ་ལ་དད་པ། རྩོམ་རིག་ལ་དད་པ། སྙན་ངག་ལ་དད་པ་སོགས་ཀུན་ཀྱང་རིགས་དང་ངོ་བོ་བྱ་བྱེད་མི་འདྲ་བའི་དད་པ་ཤ་སྟག་སྟེ། དེ་དག་ཐམས་ཅད་ཀྱང་རིན་ཐང་ལྟ་ཚུལ་མི་མཚུངས་པའི་གང་ཟག་སྒེར་རེ་རེའི་ཤེས་རབ་ཀྱི་མངོན་ཚུལ་རེ་རེར་བརྩི་རུང་བའི་ཕྱིར།

དད་པ་ཞེས་པའི་ཚིག་འདི་ཐོས་མ་ཐག མི་རྣམས་ཀྱི་སེམས་ལ་ཆོས་ལུགས་དང་འབྲེལ་བའི་དོན་གང་ཞིག་གི་རྣམ་པ་གཅིག་པོ་འཆར་ངེས་ནའང་། སྒྲ་ཡི་འཇུག་པ་ཡངས་པོར་བྱས་ཏེ་བརྟགས་ན། དད་པ་ཟེར་བ་དེ་ཆོས་ཀྱི་དད་པ་གཅིག་པུའི་བྱེ་བྲག་གི་རིགས་ལ་གོ་དགོས་པའི་ངེས་པ་ཡང་མེད་དེ། ཀུན་བཏུས་སུ། “དད་པ་གང་ཞེ་ན། ཡོད་པ་ཉིད་དང་། ཡོན་ཏན་ཅན་དང་། ནུས་པ་རྣམས་ལ་མངོན་པར་ཡིད་ཆེས་པ་དང་། དང་བ་དང་། འདོད་པ་སྟེ། འདུན་པའི་ལས་ཅན་ནོ།” ཞེས་བྱུང་བ་ལྟར། ཤེས་རབ་ལ་རྟོན་ཞིང་གནས་ལུགས་ལ་འདུན་པ་ཞིག་ཡིན་ཕྱིན། རང་གི་མོས་པ་གཙོ་བོར་བྱས་ཏེ་ཡུལ་གྱི་ཁྱད་པར་གང་ཞིག་ལ་ཡིད་ཆེས་པ་དང་སྤྲོ་འདུན་ཟབ་པ་ན། སྐྱེས་བུ་དེ་ཉིད་ཆོས་ཀྱི་དད་པ་དང་ལྡན་མིན་ཇི་ལྟར་ཡང་དེ་ལ་རང་གི་མོས་པ་ལྷུར་བླངས་པ་ལས་སྐྱེས་པའི་དད་པ་ཞིག་ཡོད་དོ་ཞེས་སུ་གདགས་པར་ཡང་རིགས་སོ།།

དེས་ན་དད་པ་ལ་རིགས་ཀྱི་རྣམ་གྲངས་རབ་ཏུ་མོད་ན་ཡང་། ཐུན་མོང་གི་ཆོས་ཉིད་ཅིག་ཀྱང་འཇོག་ཆོག་སྟེ། དད་པ་ནི། སྐྱེས་བུ་སྒེར་ཉིད་ཀྱི་བཟློག་ཏུ་མེད་པའི་སེམས་སྟོབས་ཡིན་འོས་ལ། དད་པ་ནི། སྐྱེས་བུ་སྒེར་ཉིད་འཚོ་ཞིང་གནས་པའི་རེ་བའང་ཡིན་འོས་སོ།།

2009.8.10

 

ཟུར་ཞུ། འདིར་བཀོད་པའི་རྩོམ་ཡིག་དག་བཙན་པོའི་དྲ་བའི་རྩོམ་སྒྲིག་པ་དང་༼གཞོན་ནུའི་རབ་བྱེད༽གཙོ་སྒྲིག་པ་སྐུ་ཞབས་ཉི་གཞོན་ལགས་ལ་དགོངས་ཞུ་མེད་པར། གང་འདོད་ཀྱིས་དེབ་དང་འཕྲིན་སྟེགས། དྲ་བ་སོགས་གང་ལ་འང་མི་སྤེལ་རྒྱུར་གསོལ་བ་ལན་བརྒྱར་འདེབས།