འདྲེན་ཚིག  མང་མང་གིས་རང་ཚུགས་ཀྱིས་བསམ་བློ་གཏོང་མི་ནུས་པའི་གནས་སྐབས་སུ། ཅི་ནས་ཀྱང་བསམ་བློའི་མཛུབ་སྟོན་མཁན་ཞིག་འབྱུང་བ་རེད། དེས་ནི་རང་ཉིད་ཀྱི་དབང་གྲགས་ལ་བརྟེན་ནས་བདེན་པ་རང་འཁོད་ཀྱིས་མང་མང་གི་ཚབ་ཏུ་བསམ་བློ་གཏོང་བ་དང་། མང་མང་གི་ཚབ་ཏུ་སྐད་ཆ་བཤད་པ་རེད། མང་མང་གིས་ཀྱང་དོན་ཆེན་དོན་ཆུང་གང་ཡིན་ལ་བརྡར་ཤ་གཅོད་པའི་འགན་འཁྲི་གང་དེར་བཅོལ་ཏེ། རང་ལ་བསམ་གཞིགས་གཏོང་བའི་འགན་བབས་ཅི་ཡང་མེད་པར་བྱས་འགྲོ་བ་རེད། རིམ་གྱིས་རིམ་གྱིས་མགོ་མཇུག་བར་གསུམ་གྱི་བསམ་བློ་རེངས་ཤིང་མཁྲེགས་པར་གྱུར་ཏེ། སྒེར་གཅོད་པ་རྣམས་བདེ་བླག་གིས་ལྟོས་མེད་ཀྱི་དབང་ཆའི་གསེར་ཁྲི་ལ་འགྱིངས་འགྲོ་བ་དང་། མང་མང་ནི་རང་བཞིན་གྱིས་གང་གི་བྲན་དུ་འགྱུར་འགྲོ་བ་རེད། ཡ་མཚན་པ་ཞིག་ནི་བྲན་དང་བྲན་བདག་ཐམས་ཅད་ཀྱིས་དུས་རྣམ་ཀུན་ཏུ་རང་སྣང་སྐྱིད་པའི“གཞས་དབྱངས”སྒྲ་གདངས་གཅིག་གིས་གྱེར་ཏེ་དུས་འདའ་བར་བྱེད་པ་རེད། དཔེར་ན་ཕ་རོལ་པོར“ཤོག་བུའི་སྟག”དང“ལོག་སྤྱོད་པ” དང“ཅེ་སྤྱང”ཞེས་སྡང་སྡིགས་ཚ་པོས་སྒྲོག་ཅིང་། རང་ཉིད་ལ་ནི“རླབས་ཆེན”དང“ཡང་དག”དང“གཟི་བརྗིད”དང“འཐབ་ན་མི་རྒྱལ་བ་མེད་པ”ཞེས་འུད་ཆེན་པོས་སྒྲོག་པ་ལྟ་བུ། གལ་ཏེ་མང་མང་གི་ནང་ནས་རེ་གཉིས་ཀྱི་གདངས་དབྱངས་འདེགས་འཇོག་ཅུང་ཟད་མ་མཐུན་ན། ཕྱིན་ཅི་ལོག་པ་དང་། ལོག་བཤད་དང་། དགྲ་བོར་བརྩིས་ཏེ་རྨེག་མེད་བཟོ་བ་རེད།

དེ་ལྟའི་དངོས་ཚུལ་རྗེན་ནེ་བར་ཞིབ་འདང་རེ་བརྒྱབ་ནས་ང་ཚོས་གཤམ་དུ་བཀོད་པའི་སྒྱུར་རྩོམ་འདི་དང་། སྒྱུར་པ་པོས་སྦྱར་པའི་ལྷག་བསམ་གསོང་པོའི་གཏམ་འདི་བཀླག་པར་བྱ། ཐེངས་གཅིག་བཀླགས་རྗེས་ང་ཚོས་འདི་འདྲའི་གནས་ལུགས་ཤིག་ག་ལེར་རྟོགས་ཡོང་སྟེ། ཆེས་འཇིགས་སུ་རུང་བ་ནི་བསམ་ཚུལ་བཤད་ཚུལ་མི་མཐུན་པ་དེ་མ་ཡིན་པར། མང་མང་གིས་དུས་རྣམ་ཀུན་ཏུ་སྒྲ་གདངས་གཅིག་གིས“གཞས་དབྱངས”གཅིག་གྱེར་བའི་ངང་ཚུལ་དེ་ཡིན་པ་དང་། དེ་འདྲའི་ཉེན་ཁའི་གནས་བབ་བསྒྱུར་དགོས་ན་ཏག་ཏག་ང་ཚོ་ཚང་མས་རང་བློའི་སྒོ་མོ་འབྱེད་དགོས་པ་དེ་ཡིན་ནོ།།   —སྒྲིག་པ་པོས།

 


ཉིན་ཞིག བཀའ་གསུང་གཉན་པའི་རྔ་བྱ་ཁ་ཆེན་དབང་ཆེན་ཞིག་གིས་རྔ་བྱ་གཞོན་ནུའི་ཚོགས་ལ། རང་རིགས་ནི་སེམས་ཅན་ཀུན་ལས་ཀྱང་ཁྱད་དུ་འཕགས་ཞེས་འཆད་ཀྱིན་འདུག ཁོ་ན་རེ། “འུ་ཅག་གིས་རོ་མ་པ་ངོ་ཤེས་ཏེ། ཡང་དག་པར་བཤད་ན། རོ་མ་པས་འུ་བུ་ཅག་ངོ་ཤེས་པ་རེད། ཁོ་པ་ཚོས་འུ་ཅག་ལavis struthio(ལ་ཐིན་སྐད་དེ་རྔ་བྱའོ)ཞེས་འབོད་ལ་འུ་ཅག་གིས་ཁོ་པ་ཚོར“རོ་མ་པ”ཞེས་འབོད། ཀེ་རི་སེ་པས་འུ་ཅག་ལstrouthionཞེས་འབོད་ཅིང་། དེ་ནི‘བྱ་དྲང་མོ’ཞེས་པའི་དོན་རེད། འུ་བུ་ཅག་ནི་འཛམ་གླིང་འདིའི་བྱ་ཆེ་ཤོས་ཡིན་པས་བཟང་ཤོས་ཀྱང་ཡིན་ནོ”ཟེར།

ཉན་པོ་ཀུན་འུར་དིར་རེར“དེ་ག་རང་རེད!”ཟེར་ཀྱང་། མནོ་བསམ་གཏོང་མཁས་པའི་ཨོ་ལི་ཧྥེར་གྱིས་ལེགས་སོ་བྱིན་མ་སོང་། ཁོ་པས་དེ་ལས་ལྡོག་སྟེ། “འུ་བུ་ཅག་བྱེའུ་མཐེ་བོང་ལྟར་ལྡོག་སྟེ་འཕུར་མི་བཏུབ”ཅེས་སྐད་གསང་མཐོན་པོས་སྨྲས་པ་རེད།

རྔ་བྱ་རྒན་པ་དེ་ན་རེ། “བྱེའུ་མཐེ་བོང་ལྡོག་སྟེ་འཕུར་བ་ནི་ཝ་བྲོས་རེད། སྔོན་ལ་བགྲོད་པ་ནི་མདུན་སྐྱོད་ཡིན། འུ་བུ་ཅག་ནམ་ཡང་མདུན་ནས་མདུན་དུ་སྐྱོད་པ་ཡིན”ཟེར།

“དེ་ག་རང་རེད! དེ་ག་རང་རེད!” ཨོ་ལི་ཧྥེར་མ་གཏོགས་རྔ་བྱ་གཞན་ཚང་མ་འུར་ཟིང་ངེར་སོང་།

“འུ་བུ་ཅག་གི་སྒོ་ང་ཆེ་ཤོས་ཡིན་པས་བཟང་ཤོས་ཀྱང་ཡིན་ནོ” ཞེས་རྟོག་གེ་མགོ་མཁྲེགས་དེས་མུ་མཐུད་དེ་ལབ།

“བྱེའུ་ཀྲི་ཀེན་གྱི་སྒོ་ང་ལྷག་ཏུ་མཛེས་པོ་འདུག” ཨོ་ལི་ཧྥེར་གྱིས་དེ་སྐད་བཤད་པ་རེད།

རྔ་བྱ་རྒན་པ་དེ་ན་རེ། “བྱེའུ་ཀྲི་ཀེན་གྱིས་བྱེའུ་ཀྲི་ཀེན་རང་གི་སྒོ་ང་ལས་གང་ཡང་གཏོང་ཤེས་ཀྱི་མེད། དེར་མ་ཟད་བྱེའུ་ཀྲི་ཀེན་ནི་འབའ་འབུའི་དགྲ་གཤེད་རེད་དོ”ཟེར།

“དེ་ག་རང་རེད! དེ་ག་རང་རེད!” ཨོ་ལི་ཧྥེར་མ་གཏོགས་རྔ་བྱ་གཞན་ཚང་མ་འུར་ཆིལ་ལེར་སོང་།

“འུ་བུ་ཅག་སྡེར་མོ་བཞིར་བརྟེན་ནས་འགྲོ་ཡི་ཡོད། ཡིན་ཡང་མི་བུ་དག་ལ་བཅུ་དགོས་པ་རེད།” རྟོག་གེ་མགོ་མཁྲེགས་དེས་སློབ་བུ་ཚོར་དྲན་གསོའི་ཚུལ་དུ་དེ་སྐད་ལབ།

“དེ་ལྟ་ནའང་མི་ཙོག་ནས་འཕུར་ཐུབ་ཀྱི། འུ་ཅག་དེ་འདྲ་དཔེ་མི་སྲིད།” ཨོ་ལི་ཧྥེར་གྱིས་མི་མཐུན་སྨྲས་པ་རེད།

རྔ་བྱ་རྒན་པ་དེས་སྔོན་ལ་མིག་གཡས་པ་དང་དེ་ནས་མིག་གཡོན་པས་ཨོ་ལི་ཧྥེར་ལ་སྡང་མིག་ཅིག་བགྲད་དེ་ན་རེ། “མི་བུ་དག་འཕུར་བ་མགྱོགས་དྲགས། སའི་གོ་ལ་ཟླུམ་རིལ་ཡིན་པས་གཞུག་མས་སྔ་མའི་རྗེས་ཆོད་དེ་ཕན་ཚུན་ཐུག་རྒྱག་གི་རེད། མ་ཟད་ཁོ་ཚོས་རྒྱབ་ལོགས་ནས་ཐུག་རྒྱག་མཁན་དེའང་མི་རང་ཡིན་པ་ཤེས་མི་སྲིད”ཟེར།

“དེ་ག་རང་རེད! དེ་ག་རང་རེད!” ཨོ་ལི་ཧྥེར་མ་གཏོགས་རྔ་བྱ་གཞན་ཚང་མ་འུར་ཆེམ་མེར་སོང་།

སྐབས་དེར། རྟོག་གེ་མགོ་མཁྲེགས་དེ་འུར་ཆེན་པོ་ལངས་ནས། “ཉེན་ཁའི་གནས་སུ་བཅར་ཚེ། འུ་བུ་ཅག་གིས་རང་མགོ་བྱེ་མའི་ནང་དུ་བཅུག་སྟེ་གང་ཡང་མི་མཐོང་བ་བཟོ་ཤེས། སེམས་ཅན་གཞན་གང་གིས་ཀྱང་དེ་ལྟ་བྱེད་མི་ཐུབ”ཟེར།

“དེ་བྱས་ན། འུ་ཅག་རང་གིས་གཞན་མི་མཐོང་ཡང་གཞན་གྱིས་འུ་ཅག་མཐོང་ཐུབ་མིན་ཇི་ལྟར་ཤེས”ཞེས་ཨོ་ལི་ཧྥེར་གྱིས་གནད་དུ་དྲིས་པ་རེད།

“ལོག་བཤད!” རྔ་བྱ་རྒན་པ་དེས་འདི་སྐད་བཙན་གཏམ་བཏང་། ཨོ་ལི་ཧྥེར་མ་ཐེ་བའི་རྔ་བྱ་ཚང་མས་ཀྱང“ལོག་བཤད!” ཅེས་དམོད་ཚིག་བོར། ཡིན་ཡང“ལོག་བཤད”ཅེས་པའི་དོན་ཅི་ཡིན་པ་ཁོ་པ་ཚོས་ཧ་མ་གོ

ཏག་ཏག་སྐབས་དེར། དགེ་སློབ་ཚང་མས་ཉན་པ་རྣ་བས་མི་བཟོད་པའི་སྒྲ་སྐྱི་གཡའ་བ་སྟེ། འབྲུག་སྟོང་ལྷན་ཅིག་ལྡིར་འདྲ་ཞིག་ཐག་རིང་རྒྱང་ནས་ཇེ་ཉེ་ཇེ་ཉེར་གྲགས་འོང་བ་ཐོས་བྱུང་། གང་ལྟར་དེ་ནི་རྫི་ཆར་མ་འོང་གོང་གི་འབྲུག་འཁྱུག་མ་ཡིན་པར། ཅི་ཞིག་ལ་འདྲོགས་པའི་གླང་བོ་ཆེའི་ཁྱུ་འབྱེར་བའི་རྡིག་སྒྲ་ཡིན་ཤག་ཤག་རེད། ཨོ་ལི་ཧྥེར་མ་ཐེ་བའི་རྔ་བྱ་རྒན་པ་དང་བཅས་པའི་དེ་བྱིངས་ཚང་མས་ལམ་སེང་རང་མགོ་བྱེ་མའི་ནང་དུ་བཅུག་པ་རེད། ཨོ་ལི་ཧྥེར་ཚམ་ཚོམ་མེད་པར་ཉེ་ལོགས་ཀྱི་ཕ་བོང་ཆེན་པོ་དེའི་ཕག་ཏུ་ཡིབས་ནས་གླིང་ཆེན་སྨྱོན་པའི་ཁྱུ་ཚོགས་བྱེར་ཚར་རྗེས་ད་གཟོད་ཕྱིར་ཐོན་པ་རེད། ཐོན་ནས་ཀྱང་ཞིབ་ཏུ་བལྟས་ཙ་ན། བྱེ་མའི་ཐང་དུ་བྱ་སྒྲོ་དང་བྱ་རུས་ཙམ་ལས་གང་ཡང་མཐོང་མ་བྱུང་སྟེ། དེ་དག་ནི་རྟོག་གེ་མགོ་མཁྲེགས་དེ་དང་ཁོང་གི་སློབ་བུ་ཚོས་ཤུལ་དུ་བཞག་པ་འབའ་ཞིག་རེད་དོ།། དེ་དེ་བཞིན་དུ་མཆིས་ཀྱང་རང་སེམས་དག་པའི་ཆེད་དུ་ཨོ་ལི་ཧྥེར་གྱིས་མིང་ཐོ་འབོད་འགོ་བརྩམས། ཡིན་ན་ཡང་ལན་སློག་མཁན་གཅིག་ཀྱང་མ་བྱུང་། མཇུག་མཐར་ཁོས“ཨོ་ལི་ཧྥེར”ཞེས་རང་ཉིད་བོས་པ་དང་།

“ལེགས་སོ! ལེགས་སོ!” ཞེས་རང་གིས་རང་ལ་ལན་བཏབ། འདི་ནི། རྒྱང་རིང་གནམ་སའི་མཚམས་སུ་ཁད་ཀྱིས་ཡལ་འགྲོ་བཞིན་པའི་གླང་ཆེན་གྱི་རྡིག་སྒྲ་ལས་གཞན། མཐའ་ཡས་པའི་བྱེ་ཐང་དེའི་སྒྲ་ཉག་ཅིག་རེད་དོ།།

རྒྱ་ཡིག་གི་དུས་དེབ《ཀློག་པ་པོ》ལས་བདམས་ཏེ་བསྒྱུར།

 

སྒྱུར་པ་པོའི་གཏམ།

 

འུ་ཚོར་བློ་འབྱེད་དགོས་དོན་ཅི་རེད

 

1784ལོར་ཁན་ཐི་ཡིས《བློ་འབྱེད་གོ་དོན་ཐད་ཀྱི་དྲིས་ལན》ཞེས་པའི་དཔྱད་རྩོམ་དུ། བློ་འབྱེད་ཅེས་པ་ནི་སྐྱེ་བོ་དག་རང་གིས་རང་ལ་བཟོས་པའི་བྱིས་བློའི་ཚུལ་བབ་ལས་སྒྲོལ་བར་བྱེད་པ་ལ་གོ་དགོས་ཞེས་གསུངས་འདུག འདི་ལས་ང་ཚོས་དོན་དག་གཉིས་ཤེས་ཐུབ་པ་ནི། སྐྱེ་བོ་ལ་བྱིས་པའི་སྐྱེ་བོ་དང་དར་མའི་སྐྱེ་བོའི་ཁྱད་པར་ཡོད་པ་དང་། བྱིས་པའི་སྐྱེ་བོ་ལས་དར་མའི་སྐྱེ་བོར་འཕགས་པར་བྱེད་པ་བློ་འབྱེད་ལ་རག་ལས་ཞེས་པ་དེ་རེད། འདིར་བྱིས་པ་དང་དར་མ་ནི་མིའི་ན་ཚོད་ལ་མི་གོ་བར་སྐྱེ་བོ་སྤྱིའི་རྟོགས་པའི་མཐོ་དམའ་ལ་གོ་གི་ཡོད་པས། བྱིས་པའི་སྤྱི་ཚོགས་དང་དར་མའི་སྤྱི་ཚོགས། ཡང་ན་བྱིས་པའི་མི་རིགས་དང་དར་མའི་མི་རིགས་ཞེས་ཀྱང་ཟེར་སྲོལ་ཡོད་པ་རེད།

ཚད་ངེས་ཅན་ཞིག་ནས་བལྟས་ན། བོད་ཀྱི་ཤེས་ཡོན་ཅན་དག་ནི་ལུང་འཛིན་གྱི་ཆེད་དུ་སྐྱེ་བ་ལྟར་སྣང་སྟེ། ལུང་གི་དོན་དུ་གནས་ལུགས་འདོར་ལ་ལུང་གི་དོན་དུ་འཚོ་གནས་ཀྱང་སྤོང་ཚོད་རེད། ཁོ་པ་ཚོས་རང་ཉིད་མི་གཙོ་སྐྱབས་གནས་གཙོ་བ་དང་དེ་བས་ཀྱང་རྡོ་རྗེའི་བཀའ་ལུང་ཞེས་ལུང་གཙོ་བོར་འཛིན་པ་རེད། མཐའ་གཅིག་ཏུ་ལུང་ཚད་མར་འཛིན་པས་རིགས་པ་མཁོ་མེད་དུ་བཟོ་ཡི་འདུག་ཅིང་། ཁོ་པ་ཚོས་ཁ་ནས་དབང་རྣོན་རིགས་པའི་རྗེས་འབྲང་ཞེས་ཟློ་ཡང་། དོན་དུ་ལུང་དེ་ཡང་དག་པར་སྒྲུབ་བྱེད་ཙམ་དུ་ཟད་པས་རིགས་པ་དེ་ནི་རིགས་པ་ཙམ་པོ་བར་སོང་འདུག་པ་རེད། གལ་ཏེ་སུ་ཞིག་གིས་ལུང་དེར་དོགས་དཔྱོད་ཙམ་བྱས་ཚེ་ཀུན་གྱིས་དེར་སྡིགས་མཛུབ་སྟོན་ཞིང་། སྔར་ལམ་དུ་ཤར་མར་འགྲོ་བ་ལས་བདེན་མིན་ལ་བརྟག་པ་ཙམ་ཡང་བྱེད་མི་སྲིད། དཔེར་ན། འཇམ་དཔལ་རྩ་རྒྱུད་དུ་བཀོད་པ་ནི་བལ་ཡུལ་གྱི་སྐོར་ལས་བོད་ཡུལ་གྱི་སྐོར་མིན་པ་དགེ་འདུན་ཆོས་འཕེལ་གྱིས་ཡང་དག་པར་སྒྲུབ་འདུག་པ་དང་། ལུས་འཕགས་སོགས་གླིང་བཞི་ག་ཡང་ཕྱོགས་ཀྱང་མ་འཛོལ་བར་རྒྱ་གར་གྱི་ཡུལ་བཞི་རུ་ངོས་བཟུང་བ་སོགས་བོད་ཀྱི་ཤེས་རིག་ཐད་ཀྱི་འཁྲུལ་ཤེས་དང་ལོག་ཤེས་ཅི་རིགས་ཤིག་སེལ་འདུག་རུང་། དུས་ད་ལྟའང་དོན་དངོས་དེ་དག་ཁས་ལེན་མཁན་སྲིད་མཐའ་ཙམ་རེད། དེ་ལྟར་ལུང་སོགས་ལ་རྨོངས་ཞེན་ཆེ་དྲགས་པས། ཐ་ན“རྒྱ་གར་པའི་སྲོལ་ཞེས་ཡར་འཇོག་བྱེད་པ་དང་། བོད་དང་བོན་གྱི་ལུགས་ཞེས་བསྙད་ཐབས་སུ་བྱེད་པའི”(དགེ་ཆོས་ཀྱི་ཚིག)གཞན་མཆོག་འཛིན་དང་རང་དམན་འཛིན་གྱི་སེམས་ཁམས་འདུ་ཤེས་ཤིག་ཀྱང་ངང་གིས་ཆགས་འདུག་པ་རེད། སྤྱིར་ན་ཤེས་ཡོན་ཅན་གྱི་སྡེ་ནི་བདེན་པ་འཚོལ་མཁན་སྤྱི་ཚོགས་ཀྱི་གཟུར་གནས། བྲན་གཤིས་མེད་པ་མི་མང་གི་སྙིང་ཕུར་ལྟ་བུ་ཞིག་ཡིན་དགོས་མོད། འོན་ཀྱང་འུ་ཅག་གི་ཤེས་ཡོན་ཅན་གྱི་སྡེ་ཡི“མ་འོངས་ལུང་སྟོན”དང“འདི་ཕྱི་མངོན་མཁྱེན”སོགས་ཀྱི་ཕྱི་ཤུན་མཛེས་པོ་དག་བཤུས་ཚེ། ལུང་ཁོ་ནའི་གཡམ་ལ་རྒྱུག་མཁན་མ་ཡིན་པ་དང་རང་རྩིས་མ་ཤོར་ཞིང་རང་ཚུགས་ཡོད་པ་ག་ཚོད་ཡོད་དམ། དེ་ལྟར་བསམ་ན། ཁོ་པ་ཚོ་ཡང་རྔ་བྱ་སྨྲ་མཁས་ཅན་མགོ་མཁྲེགས་དེ་དང་ཅི་ཁྱད། འོ་ན་འདི་ལྟ་བུ་ཞིག་ཏུ་ཇི་ལྟར་ཆགས་པ་རེད་ཅེ་ན། ཁ་ཅིག་གིས་རང་གི་ལྟོ་ཕོར་བསམས་ནས་མཁྲེགས་འཛིན་བྱེད་པ་རེད་ལ། ཕལ་མོ་ཆེ་ནི་རྨོངས་དད་ཀྱི་དམུ་གབ་ཀྱིས་བློ་མིག་བསྒྲིབས་པས་རེད། འདི་ནི་འུ་ཚོའི་ཤེས་ཡོན་ཅན་གྱི་སྡེ་ཡི་རང་གཟུགས་དངོས་རེད་དོ།།

འོ་ན་མི་མང་གི་གནས་ཚུལ་ཅི་འདྲ་རེད་ཅེ་ན།

བོད་པ་ཕལ་ཆེ་བ་སློབ་ཆུང་གི་སྦྱངས་པ་ཙམ་ཡང་སོང་མེད་པའི་དོན་དངོས་ལྟར་ན། ཡིག་ལོང་ནི་ཁོ་པ་ཚོའི་ནད་གཞི་གཙོ་ཤོས་རེད། ཁོ་པ་ཚོའི་བློ་མིག་ཕྱེ་མེད་པ་དེའི་རྐྱེན་གྱིས་དམུས་ལོང་ལྟར་དམིགས་བུར་མི་བརྟེན་ཐབས་མེད་བྱུང་བ་རེད། དམིགས་བུ་གཅིག་ནི“སྲིད་པ་རྒན་པོའམ”ཚེ་རིང་དོན་གྲུབ་ཀྱིས་འབྲི་བཞེངས་བྱས་པའི“མེས་པོ”རེད། ཁ་ཇེ་གསལ་དུ་བཏང་སྟེ་བཤད་ན། དེ་ནི་འདས་ཟིན་པའི་ལོ་ངོ་སྟོང་ཕྲག་རིང་ཆགས་པའི་སྲོལ་རྙིང་རྣམས་དང་། དམིགས་བུ་གཅིག་ནི་གསུང་ཚད་ཆོས་སུ་འཛིན་དགོས་པའི“བླ་མ”སྟེ་ཆོས་པ་རྣམས་རེད། དེ་དག་གིས་བསྐྱེད་པ་ནི་ཨུ་ཚུགས་མཐར་སྐྱེལ་དང་ཆུ་སྣ་གར་ཁྲིད་ཟུང་འདུས་ཀྱི་རང་གཤིས་ཡ་མ་བརླ་རེད། རང་གཤིས་གྱོང་པོ་དེ་ནི་བཅོས་སུ་དཀའ་ལ་བསྒྱུར་དུ་ཁག་པ་དཔེར་ན། ཨོ་ལི་ཧྥེར་གྱིས་རྔ་བྱ་གཞན་དག་གི་བློ་ཁ་བསྒྱུར་མི་ཐུབ་པ་ལྟ་བུ་རེད།

ད་ནི་དབྱེ་ཞིབ་ཅུང་ཟད་བྱས་ན། གནས་ཚུལ་དང་པོ་ལས། འུ་ཅག་གི་ཤེས་ཡོན་ཅན་གྱི་སྡེ་ནི་བདེན་པ་རྡོག་བརྫིས་གཏོང་མཁན། ལུང་གི་ཁོལ་པོ་དང་ཁྲོན་པའི་སྦལ་བ་ངའོ་སྙམ་མཁན་རྐྱང་ཡིན་པའི་གནས་ལུགས་དེ་རྟོགས་ཐུབ་པ་རེད། གནས་ཚུལ་གཉིས་པ་ལས། འུ་ཅག་གི་མི་མང་ནི་ཐོག་མཐའ་བར་གསུམ་དུ་སྲོལ་རྙིང་དང་གཟུགས་བརྙན་ལྟ་བུའི་ཡོན་ཏན་པའི་གཞན་དབང་རང་དུ་འགྲོ་བ། བདག་ཉིད་ཀྱི་འདུ་ཤེས་ཡོངས་སུ་བྲལ་བའི་མིའི་ཤ་གཟུགས་ཁོ་ན་ཡིན་པའི་གནས་ལུགས་དེ་རྟོགས་ཐུབ་པ་རེད། དེའི་ཕྱིར་ན། འུ་ཅག་གི་མི་མང་ཕལ་པ་ཡིན་ནའང་འདྲ། ཤེས་ཡོན་ཅན་གྱི་སྡེ་ཡིན་ནའང་འདྲ། ཀུན་ཀྱང་སོ་སོ་རང་གི་བློ་རིག་ཁོ་ནས་བླང་དོར་འཇུག་ལྡོག་མི་ནུས་པ་མངོན་སུམ་མཐོང་ཆོས་རེད། འུ་ཅག་ནམ་ཡང་ཡར་ཐོན་མེད་པ་དང་རྟག་ཏུ་གྱོང་གུད་རག་པ་ནི་རྨོངས་ཚོད་འདི་ལ་ཐུག་འདུག དེ་ཡང་ཚིག་གཞན་གྱིས་བཤད་ན། འདི་ནི་བསྙོན་དུ་མེད་པའི་བྱིས་པའི་མི་རིགས་ཀྱི་རྟགས་ཡང་དག་རེད་དོ།།

རྒྱུ་མཚན་དེའི་རྐྱེན་གྱིས། འུ་ཚོར་བློ་འབྱེད་མི་བྱེད་ཐབས་མེད་རེད།

དེས་ན་འུ་བུ་ཅག་བྱིས་བློའི་ཚུལ་བབ་ལས་ཇི་ལྟར་སྒྲོལ་དགོས་ཤེ་ན། ཉེ་རབས་ཀྱི་ནུབ་གླིང་བློ་འབྱེད་སྐབས་སུ་བསམ་བློ་མཁན་མང་པོས་ཐབས་ལམ་གཅིག་ཏུ་བཞེད་པ་རེད། ཁོ་པ་ཚོས་གང་དེ་ཤེས་ཡོན་ལ་བརྩི་འཇོག་དང་ཚན་རིག་ལ་བརྩི་འཇོག མི་བུ་ཀུན་གྱི་བློ་མིག་ཕྱེ་སྟེ་སོ་སོ་རང་རང་གིས་བསམ་གཞིག་བྱེད་ཤེས་སུ་འཇུག་རྒྱུའི་སྟེང་ལ་འཇོག་གི་ཡོད་པ་རེད། ད་ལྟ་ནུབ་གླིང་པ་དཔྱོད་ཤེས་བསམ་བློ་ཅན་དང་རྒྱལ་ཁབ་ཁག་དར་མའི་སྤྱི་ཚོགས་སུ་འཕགས་བཞིན་པ་དེས་ཐམས་ཅད་ཡང་དག་པར་ར་སྤྲད་འདུག་པས་ན། ང་ཚོས་ཀྱང་དེ་ནི་ཐབས་དམ་པ་ཡིན་པར་འདོད། དེར་མ་ཟད། རྗེས་ཡོང་སྔོན་དྲན་གྱི་ཚུལ་དུ། འུ་བུ་ཅག་གིས་རྔ་བྱ་དེ་དག་གི“རྣམ་ཐར”མི་སྐྱོང་ཕྱིར། ཁ་ཚ་དགོས་གཏུགས་ཀྱི་སྐབས་འདིར། ང་ཚོས“ཨོ་ལི་ཧྥེར”རྒྱང་འབོད་དངདཔྱོད་ཤེས་རྒྱང་འབོད་བྱེད་པ་ཡིན་ནོ།།

ཟུར་ཞུ། འདིར་བཀོད་པའི་རྩོམ་ཡིག་དག་བཙན་པོའི་དྲ་བའི་རྩོམ་སྒྲིག་པ་དང་༼གཞོན་ནུའི་རབ་བྱེད༽གཙོ་སྒྲིག་པ་སྐུ་ཞབས་ཉི་གཞོན་ལགས་ལ་དགོངས་ཞུ་མེད་པར། གང་འདོད་ཀྱིས་དེབ་དང་འཕྲིན་སྟེགས། དྲ་བ་སོགས་གང་ལ་འང་མི་སྤེལ་རྒྱུར་གསོལ་བ་ལན་བརྒྱར་འདེབས།