འདྲེན་ཚིག སློབ་གྲྭའི་བསླབ་ཚན་དུ་ས་སྐྱའི་ལེགས་བཤད་ཅི་ནས་ཀྱང་ཡོད་པ་ཡིན་ལ། དེ་ལས་ང་རང་ཚོས་ཆུང་དུས་ནས་རིག་པ་སློབ་པར་འབད་རྩོལ་ཆེས་ཆེར་བསྐྱེད་དགོས་པའི་བསླབ་བྱར“མཁས་པ་སློབ་པའི་དུས་ན་སྡུག། བདེ་བར་སྡོད་ལ་མཁས་མི་སྲིད”སོགས་གཙོ་ཆེར་འདོམས་པ་རེད། དེར་མ་ཟད“མཁས་པ་ནང་བར་འཆི་ཡང་བསླབ”ཅེས་སང་ཉིན་འཆི་བར་འགྱུར་ནའང་ཤེས་བྱ་ཡོན་ཏན་སྦྱོང་དགོས་ཚུལ་སོགས་མི་ཚེ་འདིའི་སྒང་ལ་ཆེས་གལ་ཆེ་བ་ནི་རིག་པའི་གནས་ལ་མཁས་པར་བྱ་བ་གང་དེ་ཡིན་པའི་གནས་ལུགས་ངོ་སྤྲད་ཡོད་པ་རེད། དེ་ལས་ང་ཚོས་རང་རེའི་མི་རིགས་འདི་ནི་རིག་གནས་ཡོན་ཏན་ལ་དགའ་ཞིང་དེ་ལ་མཁས་པར་བྱ་བའི་ཕྱིར་དུ་དཀའ་སྡུག་ཡོད་རྒུར་གདོང་གཏོད་ནུས་པའི་སྙིང་སྟོབས་རྟོགས་ཐུབ་པ་རེད། དེས་ན་ང་ཚོས་རང་གི་ཡབ་མེས་ཀྱི་སྙིང་སྟོབས་ཆེན་པོ་དེའི་རྒྱུན་བསྐྱངས་ཏེ། ད་ལྟའི་གཞོན་ནུའི་གནས་སྐབས་ཏེ་རིག་པ་གསལ་བའི་དུས་འདི་ལ་ཤེས་བྱ་ཡོན་ཏན་སྦྱོང་བར་ཤ་ཐང་རུས་ཐང་དུ་འབད་དགོས་པ་ནི་གཞིར་བཞག་གོ། དེ་ལའང་ཡབ་མེས་ཚོས“བ་ནི་དགུན་གྱི་དུས་སུ་གསོ།། ཞིང་ནི་བརླན་བཤེར་ལྡན་དུས་རྨོ།། རིག་པ་གཞོན་པའི་དུས་སུ་སྦྱང་།། དེ་གསུམ་ཕུན་སུམ་ཚོགས་པའི་རྒྱུ”ཞེས་འདོམས་པ་མ་ཡིན་ནམ།

ང་ཚོས་ཤེས་གསལ་ལྟར། ས་སྐྱའི་ལེགས་བཤད་དུ་ས་པཎ་ཁོང་གི་ཤེས་རབ་དང་མི་ཚེའི་ཉམས་མྱོང་གི་སྟེང་ནས་མཁས་བླུན་གྱི་ལེགས་ཉེས་དང་ཆོས་དང་ཆོས་མིན་གྱི་གནས་ལུགས། རྒྱུ་འབྲས་སྤང་བླང་གི་འཇུག་ལྡོག་སོགས་ཀྱི་རྣམ་གཞག་གསེད་བཀྲོལ་གནང་འདུག་པ་རེད། དེ་ལས་ལེགས་བཤད་མང་ཆེ་བའི་ནང་དོན་ནི་དེང་དུས་ང་རང་ཚོས་འཇིག་རྟེན་བྱ་གཞག་གང་རུང་ལ་རང་སྟོབས་དང་རང་ཚུགས་ཀྱིས་བསམ་གཞིགས་གཏོང་བ་དང་འཇུག་ལྡོག་བྱེད་པར་ཕན་སླེབས་ཆེ་བའི་ཆ་རྐྱེན་དུ་འགྲོ་བར་གདོན་མི་ཟ། ང་ཚོས་ལེགས་བཤད་དེ་དག་ཀློག་ཐེངས་རེ་རེར་ཧ་ལས་པའི་ཤེས་རྟོགས་རེ་རེ་འབྱུང་སྟེ། གཅིག་ཏུ་ན་ལོ་ངོ་བརྒྱ་ཕྲག་དུ་མའི་སྔོན་གྱི་བོད་སྔ་མ་ཚོས་འཇིག་རྟེན་མི་ཆོས་ཕྱོགས་ཀྱི་གནས་ལུགས་ཕྲ་རགས་ལ་དཔྱད་ཅིང་བརྡར་ཤ་བཅད་པའི་ཤེས་རབ་ལ་ཧ་ལས་པ་དང་། གཉིས་སུ་བོད་སྔ་མ་དག་གི་འཇིག་རྟེན་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་སོགས་ནི་དེང་དུས་འཛམ་གླིང་ཐུན་མོང་གི་རིན་ཐང་སྣ་ཚོགས་ཀྱི་ལྟ་བ་དང་ཐག་ཤིན་ཏུ་ཉེ་བོ་ཡིན་པར་ཧ་ལས་པ། གསུམ་དུ་ན་བོད་སྔ་མའི་རིང་ལ་འཇིག་རྟེན་མི་ཆོས་ཀྱི་གཙུག་ལག་རབ་དང་རིམ་པར་མཁས་ཤིང་འཇོན་པའི་སྐྱེས་བུ་ཆེན་པོ་མང་པོ་བྱོན་མྱོང་ན། ཕྱི་ཕྱིར་འཇིག་རྟེན་འདུ་འཛི་སྡུག་བསྔལ་གྱི་གཞི་རུ་འཛིན་པའི་ལྟ་བར་ཁ་ཕྱོགས་སོང་བར་ཧ་ལས་པ། དེ་དང་དེ་ལ་སོགས་པར་བསམས་ཤིང་བསམ་ན་ང་ཚོས་ད་ལྟའི་རིག་གནས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་ལྟ་ཚུལ་འདི་ལ་ཡང་བསྐྱར་བསམ་གཞིགས་མི་གཏོང་རང་དབང་བྲལ།

ང་རང་ཚོའི་བསླབ་དེབ་ཏུ་ལེགས་བཤད་མང་པོ་མཐོང་གི་འདུག འོན་ཀྱང་མང་ཆེ་བ་ནི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ཆོས་པ་དག་ལ་གདམས་པའི་བསླབ་བྱ་ཡིན་འདུག ང་རང་ཚོ་ནི་མ་འོངས་པ་ན་ཁྱིམ་གཞིས་སྐྱོང་ཞིང་འཚོ་ཚིས་གཉེར་བའི་འཇིག་རྟེན་འདུ་འཛི་སྟེན་མཁན་ཡིན་པས་ན། ང་རང་ཚོས་བཀླག་བྱ་ནི་གཙོ་བོ་དེའི་ཕྱོགས་ཀྱི་ཤེས་བྱ་ཡོན་ཏན་ཡིན་པ་རེད། དེ་བས་སྲོལ་རྒྱུན་རིག་གནས་ནི་གཏེར་མཛོད་ཅིག་ཡིན་པའི་དབང་དུ་བཏང་ན་དེ་སྔོག་འདོན་བྱེད་ཤེས་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པར་སྙམ། —སྒྲིག་པ་པོས།


རྒྱུན་དུ་གཞན་གྱིས་བསྐྱང་དགོས་པའི།། སྐྱེ་བོ་སུ་ཞིག་ཅི་ནས་ཉམས།།
བྱ་རོག་གིས་ནི་བཟུང་བ་ཡི།། རུས་སྦལ་ས་ལ་ལྷུང་ཞེས་གྲགས།།

ནང་བསམ་བློའི་ཆ་ནས་རང་སྟོབས་ཀྱིས་བསམ་གཞིགས་གཏོང་ནུས་པ་གཞིར་བཞག་གིས། ཕྱི་འཚོ་བའི་ཆ་རྐྱེན་ཐད་གཞན་ལ་བལྟོས་མ་དགོས་པར་རང་སྟོབས་ཀྱིས་སྒྲུབ་ནུས་པ་དང་། འཚོ་བའི་ཆ་རྐྱེན་རང་སྟོབས་ཀྱིས་བསྒྲུབས་ཤིང་འབྱོར་བའི་དངོས་པོ་མཐའ་དག་རང་གི་འདོད་པ་ལྟར་བཀོལ་སྤྱོད་བྱེད་དབང་ཡོད་ན་ནི་སྐྱེ་བོ་སུ་གང་ཞིག་སྒེར་ཚུགས་དང་། ཡང་ན་རང་སྐྱོང་དང་། ཡང་ན་རང་དབང་ཐོབ་པའི་རྟགས་སུ་འགྲོ། སྐྱེ་བོ་ཐམས་ཅད་རང་དབང་ལ་དགའ་ཞིང་། གཞན་དབང་དུ་གྱུར་པ་ནི་སྡུག་བསྔལ་དུ་མཐོང་། སྡུག་བསྔལ་བ་ནི་ཉམས་པའོ།། སྤྱིར་བྱིས་པ་དང་རྒན་འཁོགས་དང་དབང་པོ་ཉམས་པ་དག་གཞན་ལ་བརྟེན་དགོས་པ་ཕུད། དེ་མིན་སྐྱེ་བོ་སུ་གང་ཞིག་གོང་སྨོས་རང་དབང་དེ་དག་ལ་སྤྱོད་པའི་གོ་སྐབས་དང་བྲལ་བ་ན། དེ་ནི་ཅི་ནས་ཀྱང་གཞན་ལ་བརྟེན་དགོས་པ་ཡིན་ཏེ། གཞན་ལྟོས་ཀྱིས་འཚོ་ཞིང་དུས་འདའ་བའི་སྐྱེ་བོ་དེ་ནི་དོན་ལ་སྣ་ཐག་གཞན་ལག་ཏུ་དཀྲིས་པ་དང་དཔེ་འདྲ་བས། གཞན་གྱི་དགོངས་པ་ལྟར་བསམ་གཞིགས་གཏོང་དགོས་པ་དང་། གཞན་གྱིས་གསུང་བ་ལྟར་སྐད་ཆ་ཤོད་དགོས་པ། གཞན་གྱི་རྣམ་འགྱུར་ལ་བལྟོས་ཏེ་བྱ་བྱེད་རྩོམ་དགོས་པ་ཆགས་འགྲོ་བ་རེད། དེ་བཞིན་དུ་དེ་ནི་རང་དབང་དང་མི་བུའི་རྩིས་ཐང་དང་འགྲོ་མིའི་ཐོབ་ཐང་སོགས་མིང་གི་ལྷག་མར་གྱུར་པའི་བྲན་དང་གཡོག་ཏུ་གྱུར་ཟིན་པ་རེད། དེས་ན་སྐྱེ་བོ་དེ་ནི་གཞི་ནས་ཉམས་པ་ཡིན་ཞེས་བཤད། ལེགས་བཤད་ཤོ་ལོ་ཀ་འདི་ལས་ང་ཚོས་སྐྱེ་བོ་རེ་རེས་རང་སྐྱོང་ཐུབ་རྒྱུ་ནི་ཀུན་གྱི་རྩ་བ་ཡིན་པ་རྟོགས། དེ་ཡང་འགྲེལ་པ[1]རུ། སྔོན་རུས་སྦལ་དལ་གྱིས་འགྲོ་བ་དང་གསང་བར་རྒྱུ་བའི་བྱ་རོག་གྲོགས་པོ་ཡིན་པ་ལས་རུས་སྦལ་ལ་བྱ་རོག་གིས་ངས་རྒྱ་མཚོར་བསྐྱལ་གྱི། ཁྱོད་རང་ཁ་ནང་དུ་ཤིང་ཆུག་ལ་སོས་སྡོམས་གཏམ་མ་སྨྲ། ངས་ཤིང་བུ་བཟུང་ལ་ཁྱོད་བསྐྱལ་ཟེར་ཏེ་དེ་ལྟར་བྱས་ནས་ནམ་མཁར་འཕུར་ཕྱིན་པ་དང་། བྱིས་པ་རྩེད་མོ་རྩེ་བ་འགས་མཐོང་ནས་བྱ་རོག་གིས་རུས་སྦལ་ཁྱེར་སོང་ཞེས་བརྗོད་པས། རུས་སྦལ་ན་རེ། བྱ་རོག་གིས་ཁྱེར་བ་མ་ཡིན་ང་རང་འགྲོ་བ་ཡིན་ཞེས་བརྗོད་པས་ཁ་ནས་ཤིང་ཤོར་ནས་ས་ལ་ལྷུང་སྟེ་བྱིས་པ་རྣམས་ཀྱིས་བསད་ཅེས་ཟེར་རོ།།

མཁས་པ་རང་གིས་དཔྱོད་ཤེས་ཀྱི།། བླུན་པོ་གྲགས་པའི་རྗེས་སུ་འབྲང་།།
ཁྱི་རྒན་ཀུ་ཅོ་འདོན་པ་ན།། རྒྱུ་མཚན་མེད་པར་གཞན་དག་རྒྱུག །

ལེགས་ཉེས་བྱ་བ་གང་ཡང་མཁས་པ་རང་གིས་དཔྱོད་པར་ཤེས་ཀྱི། བླུན་པོ་རང་གིས་དཔྱོད་མི་ཤེས་པར་གྲགས་པ་གང་ཡིན་གྱི་རྗེས་སུ་འབྲང་སྲིད་དེ། ཁྱི་རྒན་ཞིག་ཀུ་ཅོ་འདོན་པ་ན་རྒྱུ་མཚན་ཅི་ཡང་མེད་པར་གཞན་དག་ཀྱང་རྒྱུག་པར་བྱེད་པ་བཞིན་ནོ།། ཞེས་གསུངས་པ་ལྟར་ཏེ། ཅུང་ཟད་སྤྲོས་ན། མཁས་བླུན་གཉིས་ལས་མཁས་པ་ལ་རིགས་གཉིས་ཏེ། དང་པོ་ནི་བསམ་བློའི་ཆ་ནས་རང་ཚུགས་ཐུབ་པ་དང་མི་གཞིའི་ཆ་ནས་སྒེར་ཚུགས་ཐུབ་པའི་མཁས་པ་སྟེ། དེས་ནི་བྱ་བའི་ལེགས་ཉེས་དང་འཇུག་ལྡོག་སྤང་བླང་གང་ཆར་ཚུགས་ཐུབ་ཀྱིས་བསམ་གཞིགས་གཏོང་ཞིང་ཤེས་བྱའི་གནས་ལུགས་སྤྱི་བྱེ་ཀུན་ལ་རང་སྟོབས་ཀྱིས་བརྟག་ཅིང་དཔྱོད་པར་བྱེད་པ་ཡིན། དེས་ནི་དབང་ཟིལ་ལ་བསྟུན་པར་མི་བྱ་ཞིང་། ཡོངས་གྲགས་ལ་དོགས་པས་དཔྱོད། དེ་ནི་རྒྱུ་ནོར་གྱིས་བསླུ་བར་མི་ནུས་ཤིང་། གནས་ལུགས་མིག་འབྲས་བཞིན་སྲུང་། དེ་ལྟའི་མཁས་པ་ནི་འདས་པའི་ལོ་རྒྱུས་སུ་མང་པོ་བྱོན་མྱོང་ཡོད་ལ་ད་ལྟའང་རེ་གཉིས་མཐོང་རྒྱུ་འདུག་པ་དེ་བཞིན་ནོ།། གཉིས་པ་ནི་ཚུགས་ཐུབ་ཀྱི་བསམ་བློ་མེད་པ་དང་མི་གཞིར་ཞན་སྐྱོན་ཆེ་བའི་མཁས་པ་སྟེ། དེ་ཉིད་ཀྱང་གཞུང་ལུགས་རབ་འབྱམས་སྨྲ་བ་དང་ཤེས་བྱའི་སྣ་སྒོ་གང་ལ་བྱང་ཞིང་འཇོན་པ་བསྙོན་དུ་མེད་ནའང་། ཤེས་སྦྱངས་མཐའ་དག་རང་རྒྱུད་སྨིན་པའི་ཆ་རྐྱེན་དུ་མ་སོང་བས་ཤེས་བྱའི་གནས་ལུགས་དང་བདེན་པའི་ཡང་སྙིང་དཔྱོད་པའི་བློ་མིག་ནི་ལྡོངས། ཁ་ཆེན་དབང་ཆེན་གྱི་ངོ་སྲུང་ལ་ནི་མཁས་ཤིང་འཇོན། ཐ་ན་དཀར་ནག་གོ་ལྡོག་པའི་རྒྱུ་མཚན་ལྟར་སྣང་འདྲེན་པ་ལ་ནི་རིག་པ་མྱུར་ཞིང་ཁ་ལྕེ་བདེ། དེ་འདྲའི་མཁས་པ་ནི་དཔྱད་པར་བྱ་བ་གང་ལ་ཐུག་ན་དབང་དང་གྲགས་པའི་རྗེས་སུ་འབྲང་རྐྱང་བྱེད་པ་ཡིན་པས་རང་ཤེས་རང་སྟོབས་ཀྱིས་འཇུག་པའི་ཆ་ནི་ནམ་ཡང་བྲལ་བ་ཡིན། དེས་ན་དེ་ནི་དོན་ལ་བླུན་པོ་དང་ཁྱད་པར་མེད་པའོ།། ལེགས་བཤད་ཤོ་ལོ་ཀ་འདི་ལས་ང་ཚོས་བྱ་བ་གང་ཡིན་ལ་རང་ཚུགས་ཀྱིས་དཔྱོད་པ་ནི་མཁས་པ་དོན་མཐུན་པའི་ལས་དང་། ཟེར་སྒྲོས་དང་ཡོངས་གྲགས་ལ་ཐེ་མི་ཚོམ་པར་རྗེས་སུ་འབྲང་བ་ནི་བླུན་པོའི་ལས་ཡིན་པ་རྟོགས།

གལ་ཏེ་རིག་པ་ཡོད་ན་ཡང་།། སྐྱེ་བོ་རང་བཞིན་ངན་པ་སྤང་།།
དུག་སྦྲུལ་ནོར་བུས་མགོ་བརྒྱན་ཡང་།། མཁས་པ་སུ་ཞིག་པང་དུ་ལེན།།

ང་ཚོས་རིག་གནས་ཤེས་བྱ་སྦྱང་བའི་མཐར་ཐུག་གི་དམིགས་ཡུལ་ནི་མི་གཞི་ལེགས་པོ་ཞིག་ཡོང་རྒྱུ་དེ་ཡིན་པ་རེད། རིག་པ་དང་ཡོན་ཏན་དང་འཇོན་ཐང་སོགས་ནི་དམིགས་ཡུལ་དེ་འགྲུབ་པའི་ཐབས་སུ་འགྲོ་བ་ལས་དམིགས་ཡུལ་ནི་མ་ཡིན་ནོ།། དེས་ན་ང་ཚོས་མི་ཚེ་གང་ལ་རིག་གནས་ཤེས་བྱ་ཇི་སྙེད་ཅིག་སྦྱངས་ཏེ་གཞུང་ལུགས་རབ་འབྱམས་སྨྲ་བ་ལ་ཐོགས་རྡུགས་མེད་པར་གྱུར་ཀྱང་རུང་གི ཡང་ན་འཇོན་ནུས་ལག་རྩལ་གང་རབ་ཅིག་འབྱོར་བས་འཚོ་བའི་ཆ་རྐྱེན་གཞན་ལས་ལྷག་པར་ཆགས་ཀྱང་རུང་གི ཐམས་ཅད་སྐྱེ་བོ་གང་དེ་རང་ཉིད་ཀྱི་སྒོ་གསུམ་ལེགས་ལམ་དུ་འགོད་པའི་མཐུན་རྐྱེན་དུ་མ་སོང་ན་ནི་འབད་པས་སྦྱངས་པའི་རིག་པ་དང་འཇོན་ཐང་མཐའ་དག་དོན་མེད་དུ་གྱུར་པ་ཡིན་པས་མི་ཚད། གཞན་ལ་གནོད་པར་འགྱུར་ངེས་ཀྱང་ཆེ་བས་ན། ཀུན་གྱིས་སྤང་བྱར་འཛིན་པ་ཡིན་ཏེ། དཔེར་ན། དུག་སྦྲུལ་གྱི་མགོ་ལ་ནོར་བུའི་རྒྱན་ཡོད་ནའང་མཁས་པ་སུ་ཞིག་གིས་དེ་པང་དུ་ལེན་པར་མི་བྱེད་པ་བཞིན་ནོ་ཞེས་སོ།།

ངན་པས་གཞན་དོན་སྒྲུབ་བོ་ཞེས།། སྙད་བཏགས་ནས་ནི་སྡིག་ལ་སྦྱོར།།
གཞན་དོན་ལྟར་སྣང་བསྒྲུབ་དོན་དུ།། མཁས་པ་སུ་ཞིག་རང་ཉིད་འཇོམས།།

ངན་པ་དག་གིས་གཞན་གྱི་དོན་སྒྲུབ་པར་ཁ་གཡར་ནས་སེམས་ཅན་མང་པོ་སྡུག་བསྔལ་ལ་སྦྱོར་བར་བྱེད་པ་ཡིན་ཞེས་སོ།། དེ་ཡང་འགྲོ་མིའི་ལོ་རྒྱུས་སྟེང་བྱུང་མྱོང་བའི་ཡ་ང་བའི་ཆག་འཇིག་རབ་དང་རིམ་པ་མི་རེ་གཉིས་ཀྱིས་སྤྱི་དོན་དང་གཞན་དོན་སྒྲུབ་པར་སྙད་བཏགས་ནས་བསླངས་པར་མཐོང་སྟེ། དཔེར་ན། ཧྥ་ཤི་སིའི་གོ་མཚོན་ཁྲག་སྦྱོར་དང་དམར་པོའི་གསར་བརྗེའི་ལས་འགུལ་སྣ་ཚོགས་ལྟ་བུ། ངན་པ་དག་གིས་རང་གི་ལྟ་གྲུབ་དང་། རང་གི་དབང་སྒྱུར་དང་། རང་གི་རྙེད་གྲགས་སོགས་མངོན་དུ་བྱ་བའི་ཕྱིར། ཐོག་མར་ཕུན་སུམ་ཚོགས་པའི་འགྲོ་མིའི་དག་ཞིང་གང་རུང་རེ་བློས་བསླངས་བྱ་ཞིང་། དེ་ལ་མང་མང་བགྲོད་པའི་འཇུག་ངོགས་བཟོ་བཀོད་བྱེད་ལ་ཐབས་དང་ལམ་གྱི་རིང་ལུགས་ཀྱང་འཇོག་པར་བྱེད། རང་ཉིད་ནི་ཁ་གཅིག་དབང་གཅིག་ཆོག་པའི་དེད་དཔོན་དང་ལམ་སྟོན་པའི་བརྟུལ་ཞུགས་འཛིན། མཛེས་མཛེས་ལེགས་ལེགས་བདེན་བདེན་གྱི་ལྟ་དགོངས་འུད་ཀྱིས་བསྒྲགས་པ་ན། ཚུགས་ཐུབ་ཀྱི་བློ་མིག་ལྡོངས་པའི་མི་རྣམས་རང་བཞིན་གྱིས་གང་གི་བྲན་དུ་ཚུད་ཅིང་། མང་ཁ་གཅིག་གྲགས་ཀྱིས་རང་ཕྱོགས་དང་མི་མཐུན་པ་རྣམས་ཕྱིན་ཅི་ལོག་པར་སྒྲོག་ཅིང་ཚར་གཅོད་པར་བྱེད། དངོས་བརྒྱུད་གང་རུང་གིས་མི་ཡོད་དོ་ཅོག་གི་ཕྱི་ནང་གསང་གསུམ་ལ་རྒྱ་སྡོམ་དམ་དྲག་བྱེད། ཡ་ང་སྙིང་རྗེ་བྲལ་བའི་གོ་མཚོན་ཁྲག་སྦྱོར་བསྟེན། དེ་ལྟར་བཙན་དྲག་སྒེར་གཅོད་སྡིག་ཏོ་ཅན་དག་གིས་གནམ་འོག་དང་། མི་དམངས་དང། འགྲོ་དོན་ལ་སྙད་བཏགས་ནས་མང་མང་སྡིག་པ་ལ་སྦྱོར་ཞིང་མཐའ་ཅན་དུ་ལྟུང་བར་བྱེད། མཇུག་མཐར་བདག་གཞན་གཉིས་འཕུང་དུ་བྱེད་པ་ཡིན་ཞེས་སོ།།

ཤེས་རབ་ཕྱོགས་གཅིག་ལྡན་པས་ཀྱང་།། བྱ་བ་ཀུན་ལ་མཁས་པ་དཀའ།།
ཤིན་ཏུ་གསལ་བའི་མིག་གིས་ཀྱང་།། སྒྲ་ལ་ཉན་པར་ནུས་མ་ཡིན།།

མིའི་ཤེས་པ་ནི་ཚད་ཅན་ཡིན་པས་ན། འཇིག་རྟེན་བྱ་བ་ཡོད་ཚད་ལ་མཁས་ཤིང་འཇོན་པ་ནི་ཧ་ཅང་དཀའ་བ་ཡིན་ཞེས་སོ།། ཅི་སྟེ་འཇིག་རྟེན་གྱི་དོན་བྱ་གང་ཞིག་ལ་སྤྱི་རགས་ཀྱི་བསྡོམས་ཚིག་འགོད་པའི་ཤེས་རབ་ནི་མི་རྣམས་ལ་ཡོད་ངེས་ཆེ་ཡང་། ཕྱོགས་དང་ཟུར་གྱི་ཆ་ཇི་སྙེད་ནས་ལྟ་བའམ། ཡང་ན་བྱེ་བྲག་ངོ་བོ་དབྱེ་རྣམ་མཐའ་ཡས་པ་རེ་རེ་ནས་རྒྱུ་འབྲས་རྫས་ནུས་ཀྱི་གནས་ལུགས་གཏིང་ཟབ་ཅིང་མཐིལ་ཕྱིན་པར་ནི་མཁས་མི་སྲིད་ཅེས་དང་། དེང་དུས་ཕྱི་ནང་ཤེས་བྱའི་རྩ་ལག་མཐའ་དག་ལ་ནང་བྱན་ཆུད་པའི་མཁས་དབང་ཞེས་འབོད་པ་མང་ཡང་དོན་ལ་ཆེ་བརྗོད་དུ་སོང་བས་ན། དངོས་དོན་ཆོས་ཉིད་ནི་དེ་ལྟ་མ་ཡིན་ནོ་ཞེས་སོ།། ལེགས་བཤད་ཤོ་ལོ་ཀ་འདི་ལས་ང་ཚོས་རྟོགས་པ་ནི་ཤིན་ཏུ་གསལ་བའི་མིག་གིས་ཀྱང་སྒྲ་ལ་ནི་ཉན་པར་ནུས་པ་མ་ཡིན་པའི་དཔེ་བཞིན། བྱ་བ་གང་ཡིན་སོ་སོར་ང་ཚོ་རང་རང་གི་ཤེས་ནུས་དང་འཇོན་ནུས་མི་འདྲ་བས་སོ་སོས་རང་གི་བློ་ཁ་མོས་ཕྱོགས་ལྟར། གང་ལ་འཇོན་པའི་གནས་གཅིག་གམ་གཉིས་ལ་བརྩོན་པ་བསྟེན་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བ་ཡིན་ལ། དེ་ཡང་བརྩོན་པ་མ་ལྷོད་པར་མཐར་ཕྱིན་པར་བྱས་ན་ཅི་ནས་ཀྱང་གནས་བྱེ་བྲག་པ་དེ་ལ་ནི་མཁས་ཤིང་འཇོན་པ་འབྱུང་སྲིད་པ་ཡིན་ཞེས་སོ།།

མང་པོ་གཅིག་ཏུ་བློ་མཐུན་ན།། ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ།།
སྲོག་ཆགས་གྲོག་མའི་ཚོགས་འདུས་པས།། སེང་གེའི་ཕྲུ་གུ་བསད་ཅེས་གྲགས།།

སྤྱིར་ན། འཇིག་རྟེན་གྱི་ཁམས་ཆེན་པོ་ཞེས་འགྲོ་མིའི་བློ་ཡིས་དཔག་དཀའ་བ་འདིའི་སྟེང་དུ་དང་། སྤྱི་ཚོགས་དང་རྒྱལ་ཁབ་ཅེས་དབང་ཤེད་དང་བཙན་སྟོབས་ཅན་གང་དག་གི་མདུན་ཐད་དུ། ང་ཚོ་བྱེ་བྲག་གི་སྐྱེ་བོ་རེ་རེ་ནི་ཇི་འདྲའི་ཉམ་ཆུང་དང་གཞོམ་གཞིག་སླ་བ་ཞིག་ཡིན་པ་ལ་ཨང་། ཡིན་ཡང་ཉམ་ཆུང་རྣམས་ཀྱི་བློ་མོས་གཅིག་ཏུ་མཐུན། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ན་ཉམ་ཆུང་ཡང་སྟོབས་ཆེན་དུ་འགྱུར་བ་ནི་ཆོས་ཉིད་ཡིན་ཞེས་ཏེ། གཅིག་གྲོགས་གཅིག་གིས་བྱས་ན་འཇིག་རྟེན་ཆག་འཇིག་སྣ་ཚོགས་པར་གདོང་གཏོད་ནུས་ཤིང་། གཅིག་རྒྱབ་གཅིག་གིས་བསྟེན་ན་དབང་ཤེད་བཙན་སྟོབས་ཅན་དག་ཀྱང་ཉམ་ཆུང་དུ་བྱེད་ནུས་པ་ཡིན་ནོ།། དེ་བས་ལེགས་བཤད་ཤོ་ལོ་ཀ་འདིའི་བསྟན་དོན་ནི་དེང་སང་གི་སྐད་ཆས་བཤད་ན་མཉམ་འབྲེལ་གྱི་སྙིང་སྟོབས་ཏེ། མང་པོའི་བློ་གཅིག་ཏུ་མཐུན་པ་དང་མཐུན་ནས་ཀྱང་གང་ཞིག་དམིགས་པའི་ཡུལ་ལ་མཉམ་དུ་ཤུགས་བརྒྱབ་པ་ཡིན་ན་དོན་ཆེན་པོ་འགྲུབ་ངེས་པ་ཡིན་ཞེས་སོ།།

བྱ་བ་མི་འདྲ་བརྒྱ་ཕྲག་རྩོམ།། མཐར་ཕྱིན་བྱ་བ་གཅིག་ཀྱང་མེད།།
བློ་རྒོད་ཕལ་ཆེར་གྲོང་བར་གྱི།། ཁྱི་རྒན་འདྲ་བར་རྒྱུན་དུ་འཁྱམ།།

བྱ་བ་མི་འདྲ་བ་བརྒྱ་ཕྲག་རྩོམ་པ་དེ་དག་ལས་མཐར་ཕྱིན་པའི་བྱ་བ་གཅིག་ཀྱང་མེད་པའི་སྐྱེ་བོ་བློ་རྒོད་ཕལ་ཆེར་ནི། གྲོང་བར་གྱི་ཁྱི་རྒན་དང་འདྲ་བར་རྒྱུན་དུ་འཁྱམ་དགོས་པར་འགྱུར་བའོ།། ཞེས་གསུངས་པ་གོ་སླ་སྟེ། ང་རང་ཚོའི་འདོད་མོས་ཀྱི་རྗེས་སུ་འབྲངས་ན་འཇིག་རྟེན་འདིར་བསྒྲུབ་དགོས་པ་དང་བསྒྲུབ་འོས་པའི་བྱ་བ་ནི་ཇི་འདྲའི་མང་པོ་མང་པོ་ཞིག་མཆིས་ཨང་། ཡིན་ནའང་མི་ཚེ་ཐུང་ངུ་འདིའི་ནང་དུ་སྐྱེས་བུ་སྒེར་པ་རང་གི་ཤེས་ཚད་དང་འཇོན་ཚད་ཀྱིས་ག་ཙམ་ཞིག་འགྲུབ་ཨང་། དེས་ན་ང་ཚོས་ད་ནས་བཟུང་མི་ཚེ་འདིའི་སྒང་ལ་རང་དང་འཚམ་པའི་ཕུགས་འདུན་གསལ་པོ་ཞིག་བཀོད། བྱ་བ་ཀུན་ལ་གཙོ་ཕལ་ཞིག་ཕྱེ། སྦྱོར་དངོས་འབྲས་གསུམ་ལ་འཆར་བཀོད་ཅིག་བཟོས། རེ་རེ་ནས་ཐོག་མ་དང་མཐའ་མ་ཡོད་པ་ཞིག་བྱས་ན། སྐབས་ཕུགས་ཀྱི་དོན་བྱ་མཐའ་དག་ཀྱང་འགྲུབ་སླ། བདག་གཞན་ཀུན་ལའང་ཕན་ངེས་ཆེ། མི་ཚེ་དོན་ལྡན་ཞིག་འོང་བར་ཡང་ཐག་ཧ་ཅང་ཉེ་བ་མ་ཡིན་ནམ།

བློ་ལྡན་བྱ་བ་ཅུང་ཟད་ཀྱང་།། རྒྱུན་དུ་གྲོས་ཀྱིས་བསྒྲུབ་པར་བྱ།།
གྲུབ་པར་གྱུར་ན་ལྟ་ཅི་སྨོས།། མ་གྲུབ་ན་ཡང་མཛེས་པའི་རྒྱུ།།

བློ་དང་ལྡན་པ་དག་གིས་བྱ་བ་ཆེན་པོ་ལྟ་ཅི་བྱ་བ་ཕྲན་བུ་ཙམ་ཡང་གཞན་ལ་བློ་བསྡུར་བ་དང་གྲོས་ཀྱིས་བསྒྲུབ་པར་བྱ་བ་ཡིན་ཞེས་ཏེ། ཕྱོགས་དང་ཟུར་སོ་སོའི་ལྟ་ཚུལ་དང་བསམ་ཚུལ་ལ་ཉན་ན་ནི་བསྒྲུབ་འདོད་པའི་བྱ་བ་གང་ཞིག་བདེ་བླག་ཏུ་འགྲུབ་པར་མ་ཟད། རང་གི་བསམ་གཞིགས་གང་ཞིག་ཚུགས་ཐུབ་ཡོང་བའི་ཆ་རྐྱེན་དུའང་འགྲོ་བ་ཡིན་ནོ།། ཤོ་ལོ་ཀ་འདིའི་རྐང་པ་ཕྱི་མ་གཉིས་ནི་ངེས་པ་དོན་གྱིས་བསྐལ་པའི་ལེགས་བཤད་དུ་མཐོང་སྟེ། གྲུབ་པར་གྱུར་ན་ལྟ་ཅི་སྨོས།། མ་གྲུབ་ན་ཡང་མཛེས་པའི་རྒྱུ།། བྱ་བ་གང་ཞིག་སྒྲུབ་པར་གཞོལ་བའི་གོ་རིམ་ཁྲོད་ལུས་སེམས་ཀྱིས་དཀའ་ལས་དཀའ་ཚེགས་ཅི་སྙེད་བརྒྱབ་ཀྱང་དེ་ནི་མཛེས་པའི་རྒྱུ་ཁོ་ན་སྟེ། མི་རང་ཉིད་ལ་མཚོན་ན་དེ་ལས་ཐབས་དང་ཤེས་རབ་སྐྱེད་ཅིང་བརྩོན་འགྲུས་བསྟེན་པའི་བཟང་སྤྱོད་གང་ལེགས་འབྱོར། ལྷག་པར་དུ་གཞན་དང་བློ་བསྡུར་བས་ཤེས་བྱ་ཡོན་ཏན་ཇི་སྙེད་ཐོབ། སྤང་བླང་འཇུག་ལྡོག་གི་ཉམས་མྱོང་གང་ཚོད་འབྱོར། དེ་བས་མ་གྲུབ་ན་ཡང་མཛེས་པའི་རྒྱུ་ཞེས་གསུངས་ལ། བྱ་བ་གང་ཞིག་གྲུབ་ཀྱང་རུང་གི མ་གྲུབ་ཀྱང་རུང་གི དོན་གྱིས་ང་ཚོའི་ནང་སེམས་བདེ་ཞིང་ཚིམ་པར་བྱེད་པའི་རྒྱུ་ནི་བྱ་བ་གང་དེའི་ཐད་ཀའི་འབྲས་བུ་ནི་མ་ཡིན་པར་བྱ་བའི་གོ་རིམ་ཁྲོད་ཀྱི་མཛེས་སྡུག་དེ་ཡིན་པའོ།།

གང་ཞིག་ཕུན་སུམ་ཚོགས་འདོད་ན།། དེ་ཡིས་འདུ་འགོད་མང་དུ་བྱ།།
འདུ་འཛི་སྡུག་བསྔལ་རྒྱུར་མཐོང་ན།། ཕུན་སུམ་ཚོགས་པའི་རེ་བ་ཐོངས།།

མི་ཚེ་ཆོས་ལ་བཅོལ་བའི་ཆོས་པ་རྣལ་མ་དག་ནི། འཇིག་རྟེན་བྱ་བའི་འདུ་འགོད་དང་རིང་དུ་གྱེས་ཏེ་ཕྱི་ནང་གཉིས་ཆ་ནས་དབེན་པ་དང་ཞི་འཇགས་བསྟེན་པ་ཡིན་ཚོད། དེ་ཡང་འདུ་འཛི་དང་ཟང་ཟིང་གིས་ཆོས་བྱེད་པར་གེགས་བྱེད་པར་མ་ཟད་དེ་ནི་སྡུག་བསྔལ་བར་བྱེད་པའི་རྒྱུ་རུ་ལྟ་བ་ཡིན་འདུག ཡིན་ནའང་ཆོས་པ་མ་ཡིན་པའི་འཇིག་རྟེན་ཕུན་ཚོགས་དོན་གཉེར་མཁན་དག་ལ་མཚོན་ན། མི་ཚེའི་རིན་ཐང་མངོན་དུ་བྱེད་སྟངས་ཆོས་པ་རྣམས་དང་འདྲ་བ་མ་ཡིན་ཏེ། ཁོང་ཚོས་མི་རང་ཉིད་དང་ཁྱིམ་ཚང་གི་སོ་ཚིས་ཀྱི་ཕྱིར་དུ་སྣ་སྒོ་སོ་སོ་ནས་ཤ་ཐང་རུས་ཐང་དུ་འབད་དགོས་པ་རེད། ཁོང་ཚོས་མི་རང་ཉིད་དང་མི་རང་ཉིད་འདུས་པའི་ཚོགས་པ་ཆེ་ཆུང་གང་གི་དོན་དུ་འདུ་འགོད་མང་དུ་བསྟེན་དགོས་པ་རེད། ཁོང་ཚོས་འཇིག་རྟེན་པ་རང་ཉིད་ལ་བལྟོས་པའི་འཚོ་བའི་ཆ་རྐྱེན་གྱ་ནོམ་པ། འཚོ་བ་རོལ་སྟངས་ཕུན་སུམ་ཚོགས་པ། འཚོ་བའི་དམིགས་ཡུལ་གསལ་ཞིང་ཐིག་པ། འཚོ་བའི་གསོན་ཤུགས་དར་ཞིང་རྒྱས་པ་ཞིག་རེ་ཞིང་བསྙེག་དགོས་པ་རེད། དེ་ལྟ་མ་ཡིན་ན་ངང་ངམ་ཤུགས་ཀྱིས་འཇིག་རྟེན་འདིར་ཉམ་ཐག་པ་ཆགས་འགྲོ་བ་རེད། ཐ་ན་གསོན་དཀའ་བའི་གནས་སུའང་གྱར་འགྲོ་བ་རེད། དེས་ན་ཆོས་པར་བལྟོས་པའི་རིན་ཐང་ལྟ་ཚུལ་མང་ཆེ་བ་ཞིག་འཇིག་རྟེན་པའི་སྟེང་ལ་སྦྱར་ན་བཙན་དུ་སོང་བ་ཡིན་པས། ང་ཚོ་འཇིག་རྟེན་པ་གང་ཞིག་ཕུན་སུམ་ཚོགས་པ་འདོད་ན་དེ་ཡིས་རྟག་ཏུ་འདུ་འགོད་མང་དུ་བྱས་ན་འགྲུབ་ལ། འདུ་འཛི་སྡུག་བསྔལ་གྱི་རྒྱུར་མཐོང་ན་དེ་ཡིས་ཕུན་སུམ་ཚོགས་པའི་རེ་བ་གཏང་དགོས་པ་ཡིན་ཞེས་གསུངས་པ་དེ་བཞིན་ནོ།།

ཉི་གཞོན་གྱིས་བཀླགས་མཆན་གྱི་ཚུལ་དུ་འགྲེལ་པ་སྦྱར།

 

[1] ས་པཎ་གྱིས་བརྩམས་པའི《ལེགས་པར་བཤད་པ་རིན་པོ་ཆེའི་གཏེར》ཞེས་བྱ་བའི་གཞུང་གི་འགྲེལ་པ། བསོད་ནམས་མིང་ཅན་པས་བརྩམས།
ཟུར་ཞུ། འདིར་བཀོད་པའི་རྩོམ་ཡིག་དག་བཙན་པོའི་དྲ་བའི་རྩོམ་སྒྲིག་པ་དང་༼གཞོན་ནུའི་རབ་བྱེད༽གཙོ་སྒྲིག་པ་སྐུ་ཞབས་ཉི་གཞོན་ལགས་ལ་དགོངས་ཞུ་མེད་པར། གང་འདོད་ཀྱིས་དེབ་དང་འཕྲིན་སྟེགས། དྲ་བ་སོགས་གང་ལ་འང་མི་སྤེལ་རྒྱུར་གསོལ་བ་ལན་བརྒྱར་འདེབས།