image

 


༡༩༨༣ལོར། བོད་ཀྱི་རང་མོས་སྙན་ངག་གི་ལམ་ཚད་རྡོ་རིང་དུ་ཁས་ལེན་པའི་སྙན་ངག་《ལང་ཚོའི་རྦབ་ཆུ》《སྦྲང་ཆར》དེབ་གཉིས་པའི་སྟེང་བཀོད་པ་ནས། བོད་ཡིག་གི་ལམ་ནས་རང་མོས་སྙན་ངག་འབྲི་བའི་སྲོལ་ཐོག་མར་ཕྱེ། སྐབས་འདི་ནས་བརྩིས་ཏེ་《སྦྲང་ཆར》དང་《བོད་ཀྱི་རྩོམ་རིག་སྒྱུ་རྩལ》 《ཟླ་ཟེར》 《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》བཅས་བོད་ཡིག་གི་རྩོམ་རིག་དུས་དེབ་མང་པོར་སྙན་ངག་གསར་བའི་ས་མིག་བཀོད་སྒྲིག་བྱས་པ་དེས་བོད་ཀྱི་རྩོམ་རིག་གསར་བའི་ན་གཞོན་སྙན་ངག་པ་སྐོར་ཞིག་གཟེངས་སུ་ཐོན་ནས་བྱུང་བ་སྟེ། རང་གྲོལ་དང་ལྗང་བུ། འཇུ་སྐལ་བཟང་སོགས་ཕྱིས་སུ་སྐད་གྲགས་ཆོད་ཡོད་པའི་སྙན་ངག་པ་མང་པོ་ཞིག་གཙོ་བོ་དུས་དེབ་འདི་དག་གིས་སྐྱེད་སྲིང་བྱས་པ་རེད།

༡༩༨༤ལོར། རྒྱ་གར་ཤར་ཕྱོགས་ཀྱི་སྙན་ངག་པ་གྲགས་ཅན་ཉི་དབང་མགོན་པོས་(ཐེ་ཀོར)མཛད་པའི་སྙན་ངག་བརྩམས་ཆོས་《གླུ་ཐལ་སྦྱར་མ》ཞེས་པ་དངོས་གྲུབ་ག་ཤ་བས་བོད་སྐད་ཀྱི་ཚིག་བཅད་སྙན་ངག་ཏུ་བསྒྱུར་ཏེ་ལྡི་ལི་བོད་ཀྱི་ཁང་བ་ནས་པར་དུ་བཏབ།

༡༩༨༤ལོར། ལྗོངས་ཞིང་ལྔའི་བོད་རིགས་ཀྱི་ཕུལ་བྱུང་རྩོམ་རིག་གསར་རྩོམ་འདེམས་ཐོན་བྱ་དགའི་ཁྲོད་བོད་རིགས་རྩོམ་པ་པོའི་རྩོམ་ཡིག་དྲུག་ཅུ་རེ་གཉིས་ལ་བྱ་དགའ་གནང་བ།

༡༩༨༥ལོར། རྩོམ་རིག་གསར་བའི་དེད་དཔོན་དཔལ་དོན་གྲུབ་རྒྱལ་ལགས་མདོ་སྨད་ཆབ་ཆ་ནས་རང་དམེ་སྒོས་སྐུ་གཤེགས་པ།

༡༩༨༧ལོར། བོད་ཀྱི་སྙན་ངག་གསར་བའི་དཀྱོག་མཚམས་གལ་ཆེན་ཞིག་ཏུ་བཤད་པའི་སྙན་ཚོམ་《གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས》ཞེས་པ་《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དེབ་གཉིས་པའི་སྟེང་བཀོད་ཅིང་། ཕྱིས་ཀྱི་ན་གཞོན་སྙན་ངག་པ་མང་པོ་ཞིག་གི་སྙན་ངག་གི་ལྟ་ཚུལ་ལ་ཤན་བཞག་མྱོང་བ།

༡༩༨༩ལོར། དུས་དེབ་《གངས་རྒྱན་མེ་ཏོག》གསར་དུ་བཏོན་པ། དུས་རབས་ཉི་ཤུ་བའི་དུས་མཇུག་ནས་བཟུང་སྟེ་དུས་དེབ་འདི་ཉིད་བོད་ཀྱི་སྙན་ངག་གསར་བ་འཕེལ་རྒྱས་ཀྱི་གཤིན་ས་གལ་ཆེན་ཞིག་ཏུ་གྱུར་ཞིང་། ༢༠༠༠ལོར་སྙན་ངག་དུས་དེབ་ཏུ་བསྒྱུར་བ་ནས་བོད་ཀྱི་དེང་རབས་སྙན་ངག་གི་དཔེ་མཚོན་རང་བཞིན་གྱི་དེབ་ཅིག་ཏུ་གྱུར་བ།

༡༩༨༩ལོར། 《གངས་རྒྱན་ན་ཆུང་ཚགས་པར》གསར་དུ་བཏོན་པ། ཚགས་པར་འདིས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་རྩོམ་ཡིག་གཙོར་བཀོད་པ་དེས་བོད་ཀྱི་རྩོམ་རིག་གི་ཞིང་ས་ལ་གལ་ཆེའི་ནུས་པ་འདོན་ཐུབ་ཡོད་ལ། བྱིས་དུས་ནས་སྐད་གྲགས་ཆོད་མྱོང་བའི་སྙན་ངག་པ་མང་པོ་ཞིག་སྐྱེད་སྲིང་ཐུབ་ནས་ཡོད་པ།

༡༩༨༩ལོར། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་《སྙན་ངག་ཚགས་པར》གསར་དུ་བཏོན་པ། འདི་ཉིད་བོད་ཀྱི་ཆེས་ཐོག་མའི་སྙན་ངག་རྐྱང་རྐྱང་གི་ཚགས་པར་ཞིག་ཡིན།

༡༩༩༡ལོར། བོད་ཀྱི་དེང་རབས་རྩོམ་པ་པོའི་དཔེ་ཚོགས་ལས་སྙན་ངག་པ་ཨོ་རྒྱན་རྡོ་རྗེའི་སྙན་དེབ《མཐོ་སྒང་གི་རླུང》ཞེས་པ་དཔར་དུ་བཏབ་པ།

༡༩༩༡ལོར། འཇུ་སྐལ་བཟང་གི་དཔྱད་རྩོམ་《དེང་རབས་སྙན་ངག་ངོ་སྤྲོད་རགས་བསྡུས་ལོག་རྟོག་མུན་པ་སེལ་བའི་སྐྱ་རེངས》ཞེས་པ་《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དེབ་དང་པོའི་སྟེང་སྤེལ་ཏེ། སྙན་ངག་གསར་བའི་མདུན་ལམ་ལ་གཞུང་ལུགས་ཀྱི་གདེང་ཐོབ་ཐོག་མར་གནང་བ།

༡༩༩༡ལོར། བོད་ཀྱི་སྙན་ངག་གསར་བའི་མི་རབས་ཀྱི་དབྱེ་ཐག་ཐོག་མར་འབྱེད་མཁན་གྱི་ན་གཞོན་སྙན་ངག་པ་གཅན་མེ་སྟག་གི་བརྩམས་ཆོས་《ཉི་ཟླ་རི་བོའི་སྙན་ཚིག》ཅེས་པ་《སྦྲང་ཆར》དེབ་གཉིས་པའི་སྟེང་སྤེལ་ཞིང་། ལོ་རབས་བདུན་ཅུའི་ཕྱིས་སུ་སྐྱེས་པའི་སྙན་ངག་པ་དག་གི་འདོད་འདུན་དང་ལྟ་གྲུབ། མཚོན་བྱེད་ཀྱི་ཐབས་རྩལ་སོགས་ལ་བགྲོད་ལམ་གསར་བ་ཞིག་དབྱེ་བ།

༡༩༩༢ལོར། པདྨ་འབུམ་གྱི་《མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་། སྙན་ངག་གསར་བའི་སྐོར་གླེང་བ》ཞེས་པའི་དཔྱད་རྩོམ་ཨི་ཏ་ལིར་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་གྲོས་དཔྱོད་ཚོགས་ཐེངས་གཉིས་པའི་སྟེང་ལྗགས་ཀློག་གནང་བ་དང་། དེས་དུས་སྐབས་དེའི་སྔོན་གྱི་བོད་ཀྱི་སྙན་ངག་གི་མི་རབས་དང་པོའི་སྙན་ངག་བརྩམས་ཆོས་ལ་ཕྱོགས་བསྡོམས་རང་བཞིན་གྱི་དཔྱད་པ་བཏང་ནས་ཡོད་པ།

༡༩༩༣ལོར། འགྱུར་མེད་ཀྱིས་བསྒྲིགས་པའི་《བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཞིང་། དེ་ལས་སྙན་ངག་ཆེད་བསྒྲིགས་དེབ་《ལང་ཚོའི་རྦབ་ཆུ》ཞེས་པ་རང་མོས་སྙན་ངག་རྐྱང་རྐྱང་གིས་གྲུབ་པ་དེ་བོད་རྩོམ་ལོ་རྒྱུས་སྟེང་སྙན་ངག་གསར་བའི་གལ་ཆེ་བའི་དཔྱད་གཞིའི་ཡིག་ཆ་ལྟ་བུར་གྱུར་ནས་ཡོད་པ།

༡༩༩༥ལོར། འཇུ་སྐལ་བཟང་གི་སྙན་དེབ་《གངས་འདབས་ཀྱི་སེམས་པ》ཞེས་པ་པར་དུ་བསྐྲུན་པ།

༡༩༩༥ལོར། སྨན་བླ་སྐྱབས་ཀྱི་སྙན་དེབ《བྲག་རིའི་སྲས་མོ》པར་དུ་བསྐྲུན་པ། ཁྱུང་ཐར་རྒྱལ་གྱི་སྙན་དེབ་《ཁ་བ་དཀར་པོ》པར་དུ་བསྐྲུན་པ། རྡོར་གྲགས་ཀྱི་སྙན་དེབ་《ཚོར་སྣང་གསར་བ》པར་དུ་བཏབ་པ།

༡༩༩༦ལོར། ལྗང་བུའི་རྩོམ་བཏུས་ལས་《སྙན་ངག་དེབ》པར་དུ་བསྐྲུན་པ། སྙན་བཟང་ཡུམ་སྐྱབས་རྒྱལ་གྱི་སྙན་དེབ་《ཁ་བའི་རྨི་ལམ》པར་དུ་བསྐྲུན་པ། རྨ་འོད་ཀྱི་སྙན་དེབ་《ཉི་མའི་མགྲོན་པོ》པར་དུ་བཏབ་པ། ཉི་ཟླ་ཧེ་རུ་ཀའི་སྙན་དེབ་《ངས་ཁྱེད་རང་ཁུ་སིམ་མེར་བཞག》པར་དུ་བཏབ་པ། བ་རེས་ཀྱི་སྙན་དེབ་《མཁའ་ལ་འཕྱོ་བའི་ཡིད་ཀྱི་བརྩེ་རླབས》པར་དུ་བཏབ་པ།

༡༩༩༧ལོར། བོད་ཀྱི་དུས་རབས་གསར་བའི་རྩོམ་རིག་ལ་བྱ་དགའ་སྤྲོད་པ་དང་བོད་ལྗོངས་རྩོམ་རིག་གསར་རྩོམ་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།

༡༩༩༧ལོར། དུས་དེབ་《གངས་རྒྱན་མེ་ཏོག》གི་དེབ་གཅིག་ཚོད་ལྟའི་ཚུལ་གྱིས་སྙན་ངག་ཆེད་དེབ་ཏུ་དཔར་བར། ཀློག་པ་པོས་དགའ་བསུ་ཐོབ་པ།

༡༩༩༧ལོར། 《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ》པོད་དྲུག་གི་བདག་ཉིད་ཅན་དེ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ། གངས་འཚོའི་སྙན་དེབ་《ཁ་བཏགས་ལྟ་བུའི་དབྱངས་ཅན་མ》པར་དུ་བཏབ་པ། རྡོར་བྷའི་སྙན་དེབ་《སྙན་ངག་གིས་སླར་ཡང་ཁོ་བོ་བཙལ》ཞེས་པ་མགོན་པོ་སྐྱབས་ཀྱིས་བོད་ཡིག་ཏུ་བསྒྱུར་ནས་པར་དུ་བཏབ་པ།

༡༩༩༨ལོར། ལྷ་རྒྱལ་ཚེ་རིང་གི་སྙན་དེབ་《སྐྱ་རེངས་ལྷ་མོའི་འབོད་བརྡ》པར་དུ་བཏབ་པ། རྨོག་རུ་ཤེས་རབ་རྡོ་རྗེ་ཡི་སྙན་དེབ་《རྨ་གཞུང་ནས་འཕུར་བའི་ངང་ཕྲུག》ཅེས་པ་པར་དུ་བསྐྲུན་པ། སྐྱབས་ཆེན་བདེ་གྲོལ་དང་རྡོ་རྗེ་རིན་ཆེན་(ཨ་རྡོར)གྱི་སྙན་དེབ་《མི་ཁོམ་པའི་གནས་དང་དེའི་བདག་པོ》ཞེས་པ་པར་དུ་བསྐྲུན་པ། གཉགས་གཅོད་ཁོའི་སྙན་དེབ་《འབོད་སྐུལ》པར་དུ་བཏབ་པ།

༡༩༩༨ལོར། རྡོ་རྗེ་རིན་ཆེན་གྱིས་བརྩམས་པའི་《རྩོམ་རིག་གཞུང་ལུགས་གནད་བསྡུས》ཞེས་པར་དུ་བཏབ་པ། དེང་རབས་བོད་ཀྱི་སྙན་རྩོམ་ཕྱོགས་བསྒྲིགས་《དུས་རབས་ཀྱི་འགྱུར་ཁུགས》ཞེས་པ་དམངས་ཁྲོད་ནས་པར་དུ་བཏབ་པ།

༡༩༩༩ལོར། གཟུངས་ཕྱུག་སྐྱིད་ཀྱི་སྙན་དེབ་《བྱུ་རུའི་ལས་དབང》པར་དུ་བཏབ་པ།

༢༠༠༠ལོར། ལོ་ཙཱ་བ་ཀུན་དགས་བསྒྱུར་བའི་《ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་དྲི་གཞི་ལྔ་བརྒྱ》ཞེས་པ་པར་དུ་བསྐྲུན་པ་དང་། དེས་བོད་ཡིག་ཁོ་ན་ལས་ངོས་ཟིན་གྱིན་མེད་པའི་རྩོམ་པ་པོ་མང་པོ་ཞིག་ལ་ནུབ་ཕྱོགས་དེང་རབས་རྩོམ་རིག་གི་སྣང་ཚུལ་ཅུང་རྒྱས་པ་ཞིག་ངོ་སྤྲོད་ཐུབ་ཡོད་པ།

༢༠༠༠ལོར། ཧོར་གཙང་འཇིགས་མེད་ཀྱི་《ཁྲག་ཐིགས་ལས་སྐྱེས་པའི་ལྗང་མྱུག –དེང་རབས་བོད་ཀྱི་རྩོམ་རིག་དང་དེའི་རྒྱབ་ལྗོངས། (༡༩༨༠ནས་༢༠༠༠)》ཞེས་པ་པར་དུ་བསྐྲུན་པ། 《མགར་ཚང་མགོན་པོ་བསོད་ནམས་ཀྱི་སྙན་རྩོམ་གཅེས་བཏུས》པར་དུ་བཏབ་པ། གཅན་རང་སད་ཀྱི་སྙན་དེབ་《ཤམ་བྷ་ལའི་ཅོང་སྒྲ》པར་དུ་བཏབ་པ།

༼མུ་འགོད༽

*** གནས་ཚུལ་མཐའ་དག་གི་རྒྱུ་ཆ་ལག་སོན་དཀའ་བས། ༡༩༨༣ནས་༢༠༠༠ལོའི་བར་དུ་པར་སྐྲུན་ཁང་ནས་དཔར་ཟིན་པའི་སྙན་ངག་གསར་བའི་དེབ་ལས་འདི་གར་མིང་བཏོན་མེད་པ་དག་དྲ་གྲོགས་དག་གིས་སྦྱར་བྱང་དུ་སྤེལ་རོགས་ཞུ། །