འདྲེན་ཚིག ང་ཚོ་བྱིས་པའི་དུས་སུ་རྒན་པ་དག་གིས་གནའ་གཏམ་མང་པོ་བཤད་མྱོང་། གནའ་གཏམ་དེ་དག་ནི་ང་ཚོའི་ཡབ་མེས་ཚོས་རང་གི་ལྟ་ཚུལ་སྣ་ཚོགས་དང་ཉམས་མྱོང་མང་པོ་ཕྱོགས་བསྡོམས་ཀྱི་ཚུལ་དུ་མི་རབས་ནས་མི་རབས་ལ་བཤད་ཅིང་བརྒྱུད་འོངས་པ་ཞིག་རེད། གནའ་གཏམ་དེ་དག་ལས་ང་ཚོས་རང་བྱུང་ཁམས་དང་། མི་དང་མིའི་བར་དང་། མི་དང་སྤྱི་ཚོགས་བར་གྱི་འགལ་འབྲེལ་ཅི་ལྟར་ཐག་གཅོད་པའི་བློ་དང་རིག་པ་བསླབས་ཡོད་པ་རེད། ལྷག་པར་དུ་ང་ཚོ་རང་ཉིད་ཀྱི་ནང་སེམས་དང་གཤིས་རྒྱུད་ཅི་ལྟར་ལེགས་ལམ་དུ་འགོད་པའི་ཐབས་ལམ་བསྟན་ཡོད་པ་རེད། གནའ་གཏམ་དེ་དག་གིས་ཤེས་མེད་ཚོར་མེད་ངང་ང་ཚོའི་རྒྱུད་ལ་སྐྱོན་ཡོན་སྤང་བླང་གི་བག་ཆགས་ཇི་སྙེད་ཅིག་བཞག་ཡོད་པར་གདོན་མི་ཟ།

གནའ་གཏམ་ཙམ་དུ་མ་ཟད་དེང་སང་བརྩམས་སྒྲུང་དང་གློག་བརྙན་སོགས་རྩོམ་ལུས་ཀྱི་རྣམ་པ་མི་འདྲ་བའི་སྒྱུ་རྩལ་བརྩམས་ཆོས་སྣ་ཚོགས་ཀྱིས་ཀྱང་མི་བུའི་ནང་སེམས་ཀྱི་ཚོར་བ་སྣ་ཚོགས་དང་འཇིག་རྟེན་གྱི་གནས་ལུགས་མང་པོ་ཞིག་གཏམ་རྒྱུད་ལ་སྦྱར་ཏེ་བཤད་ཀྱིན་ཡོད་པ་རེད། ལ་ལས་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་གཏམ་རྒྱུད་གཅིག་ལ་བརྒྱུས་ཏེ་བཤད་པས་མི་རྣམས་ཀྱི་དབང་པོ་དོན་ལྡན་དུ་བྱས་པ་དང། ལ་ལས་མི་ཚེ་ཧྲིལ་པོའི་དགའ་སྐྱོ་ཆགས་སྡང་གཏམ་རྒྱུད་གཅིག་ལ་དྲངས་ཏེ་བཤད་པས་ཀུན་ལ་ཐུན་མོང་དུ་ཡོད་པའི་ནང་སེམས་གཏིང་རིམ་གྱི་ཚོར་འདུ་དེ་མངོན་དུ་ཕྱུང་བ་དང་། ལ་ལས་དོན་ཕྲན་ཚེགས་ཤིག་གཏམ་རྒྱུད་ཐུང་ངུའི་ལམ་ནས་བཤད་པས་གནས་ལུགས་ཆེན་པོ་ཞིག་གི་ཕྱི་ནང་གསང་གསུམ་གསལ་རྗེན་དུ་བཏོན་བྱུང་བ་སོགས། ཞིབ་ཏུ་བལྟས་ན་ང་ཚོས་ཕན་ཚུན་སེམས་ངོ་སྤྲོད་པ་དང་གནས་ལུགས་འཚོལ་བའི་གོ་རིམ་ཁྲོད་དུ་གཏམ་རྒྱུད་ལ་ནི་ཁྱད་དུ་འཕགས་པའི་མཚོན་ནུས་ཅི་འདྲ་ཞིག་མཆིས་ཨང་།

རེད་དེ། སྐད་ཅིག་གཅིག་གི་རིང་ལའང་ང་ཚོ་རང་སྟེང་དུའམ་ང་ཚོའི་ཉེ་འཁོར་དུ་གཏམ་རྒྱུད་གྲངས་ལས་འདས་པ་བྱུང་ཞིང་འབྱུང་བཞིན་པ་རེད། གཏམ་རྒྱུད་ཐད་ཀར་དུ་བཤད་པ་ཡིན་ནའང་འདྲ། སྒྱུ་རྩལ་བརྩམས་ཆོས་ཀྱིས་མཚོན་པར་བྱེད་པ་ཡིན་ནའང་འདྲ། གལ་ཆེ་བ་ནི་ཐོག་མར་ང་ཚོས་བྱུང་དང་འབྱུང་བཞིན་པའི་གཏམ་རྒྱུད་དེ་དག་ལ་དོ་སྣང་བྱེད་རིགས་པ་དང་། དེ་ནས་གཏམ་རྒྱུད་དེ་དག་ངེས་པར་འཆད་དགོས་ཀྱི་བློ་སྐྱེས། དེ་ནས་གཏམ་རྒྱུད་དེ་དག་ཇི་ལྟར་འཆད་པའི་ཐབས་ཤེས་ལ་འཇོན་པར་བྱས་ན་ནི། ང་ཚོས་གནས་ལུགས་གང་ཡིན་ལ་ལྟ། བསམ། རྟོགས། འཆད་པའི་ཤེས་རབ་ཆེས་ཆེར་འཕེལ་ངེས།

མདོར་ན། གཏམ་རྒྱུད་ཀྱིས་ང་ཚོས་གང་ཞིག་འཆད་འདོད་པ་ཇི་བཞིན་དུ་ཤོད་པ་དང་། བཤད་པ་དེ་གཞན་རྒྱུད་ལ་བདེ་བླག་གིས་བསྒོ་ནུས་པ་ཡིན་ནོ།། —སྒྲིག་པ་པོས།


སུན་སྣང་བཟོ་མཁན་དེ་སུ་ཡིན་ནམ།


ཉིན་ཞིག་གི་སློབ་ཁྲིད་ཀྱི་སྐབས་སུ། དགེ་རྒན་གྱིས་འཛིན་གྲྭའི་སློབ་མ་རེ་རེར་ཤོག་ཙེ་རེ་སྤྲད་དེ། སོ་སོས་རང་ཉིད་མི་དགའ་བའི་མི་སུ་ཡིན་པ་གང་མགྱོགས་ཅི་མགྱོགས་ཀྱིས་འབྲི་དགོས་པའི་རེ་བ་བཏོན།

སློབ་མ་ལ་ལས་སྐར་ཆ༣༠ནང་ལ་མི་གཅིག་གི་མིང་མ་གཏོགས་འབྲི་རྒྱུ་མ་བྱུང་ལ། སློབ་མ་འགའ་རེས་མི་གཅིག་གི་མིང་ཡང་ཕྲིས་མ་སོང་། འོན་ཀྱང་སློབ་མ་སྐོར་ཞིག་གིས་དབུགས་གཏོང་ཐེངས་ཙམ་ལ་མི༡༥ལྷག་གི་མིང་བསྟར་ཏེ་བྲིས་བྱུང་།

དགེ་རྒན་གྱིས་ཤོག་ཙེ་རྣམས་སྦྲེས་ཏེ། བསྡོམས་རྩིས་དབྱེ་ཞིབ་མཛད་པ་ལས་ཤེས་པ་ནི། མི་དགའ་བའི་མི་བྲིས་པ་མང་བའི་སློབ་མ་ཚོ་ནི་ཏག་ཏག་གཞན་རྣམས་མི་དགའ་བའི་མི་ཡང་ཡིན་འདུག་པ་དང་། རང་ཉིད་མི་དགའ་བའི་མི་མེད་པ་དང་མི་དགའ་བའི་མི་ཤིན་ཏུ་ཉུང་བའི་སློབ་གྲོགས་དེ་ཚོ་ནི། གཞན་དག་སུན་སྣང་སྐྱེ་བའི་མི་རུ་གྱུར་མི་འདུག་པ་དེ་རེད།

དེའི་ཕྱིར། དགེ་རྒན་གྱི་བསྡོམས་ཚིག་ནི། ཆེ་ས་ནས་བལྟས་ན། ཁོ་ཚོས་གཞན་གྱི་སྐྱོན་དེ་མཐོང་བ་དེ་ནི་དོན་གྱིས་ཁོ་ཚོ་རང་ཉིད་ཀྱི་སྐྱོན་དུའང་སོང་འདུག་པ་དེའོ།།


ཕུལ་དུ་བྱུང་བའི་དགེ་རྒན།


སློབ་གསོ་རིག་པའི་འབུམ་རམས་པ་ཞིག་གིས་སློབ་གྲྭ་ཞིག་ཏུ་སྐད་གྲགས་ཆེ་བའི་ཚོད་ལྟ་ཞིག་བྱས་པ་སྟེ། སློབ་སྐབས་གསར་པའི་འགོ་རྩོམ་དུས། འབུམ་རམས་པས་སློབ་གཙོ་དང་ལྷན་དུ་སློབ་གྲྭ་གང་དེའི་དགེ་རྒན་གསུམ་གཞུང་ལས་ཁང་དུ་བོས་ནས་གསུངས་པར། “ཁྱོད་ཚོའི་ད་ལྟ་ལ་ཐུག་གི་སློབ་ཁྲིད་འབྲས་བུ་ལ་བལྟས་ན། ཁྱོད་ཚོ་ནི་སློབ་གྲྭ་འདི་གའི་ཕུལ་དུ་བྱུང་བའི་དགེ་རྒན་དུ་ཆགས་འདུག དེའི་ཕྱིར། ང་ཚོས་སློབ་གྲྭ་ཧྲིལ་པོའི་སློབ་མ་དབང་རྣོན༡༠༠ཁྱད་དུ་བདམས་ནས་འཛིན་གྲྭ་གསུམ་དུ་བགོས་ཏེ་ཁྱོད་ཚོར་སློབ་ཁྲིད་བྱེད་དུ་འཇུག་རྒྱུ་ཡིན། སློབ་མ་འདི་རྣམས་བྱིས་པ་གཞན་དང་བསྡུར་ན་བློ་རིག་ཆེ་ཕྱིར། ཁོ་ཚོས་གཞན་དང་མི་མཚུངས་པའི་སྦྱངས་འབྲས་ལོན་པའི་རེ་བ་ཁྱོད་ཚོར་བཅོལ་བ་ཡིན”ཞེས་སོ། །

དགེ་རྒན་གསུམ་པོ་དགའ་བ་རྒྱས་ཏེ་ནུས་པ་བླ་ལྷག་ཏུ་འདོན་རྒྱུ་ཡིན་པའི་བསམ་པ་བསྟན། སློབ་གཙོས་ཀྱང་ཁོ་ཚོར་མངགས་བཅོལ་ནན་མོ་བྱས་པ་འདི་ལྟར། བྱིས་པ་འདི་རྣམས་ལའང་ནམ་རྒྱུན་གྱི་ལྟ་སྟངས་འཛིན་དགོས། ཁྱད་དུ་བདམས་ཐོན་བྱུང་བའི་ཚུལ་ནི་བྱིས་པ་དང་བྱིས་པའི་ཁྱིམ་མི་དག་ལའང་ཤེས་སུ་མ་འཇུག་རོགས་ཞེས་པར་དགེ་རྒན་ཚོས་ཀྱང་དེ་ལུགས་ཁས་ལེན་མཛད།

ལོ་གཅིག་གི་རྗེས་སུ། འཛིན་གྲྭ་དེ་གསུམ་གྱི་སློབ་མའི་སྦྱངས་འབྲས་ནི་དངོས་གནས་སློབ་ཁུལ་ཧྲིལ་པོའི་སྔོན་གྲལ་བསྙེགས་འདུག དུས་དེར། སློབ་གཙོས་དགེ་རྒན་དག་ལ་གནས་ཚུལ་ངོ་མ་བཤད་པ་སྟེ། སློབ་མ་འདི་རྣམས་ནི་ཕུལ་དུ་བྱུང་བ་དག་བསམ་བཞིན་བདམས་པ་མ་ཡིན་པར་ཅི་དགར་སྐོང་འཐེན་བྱས་པའི་སློབ་མ་ཆེས་དཀྱུས་མ་ཡིན་པ་དང་། དེའི་མཚུངས་སུ་དགེ་རྒན་ཁོང་ཚོའང་ཅི་དགར་སྐོང་འཐེན་བྱས་པའི་དགེ་རྒན་ཐུན་མོང་པ་ལས་ཕུལ་དུ་བྱུང་བའི་དགེ་རྒན་མ་ཡིན་པའི་ཚུལ་གསལ་པོར་བཤད་པ་ན། དགེ་རྒན་ཚོ་རང་ཉིད་ཀྱི་བློ་ལ་མ་ཤར་བའི་ཚུལ་ལ་ཡ་མཚན་པ་བྱུང་།

མཇུག་འབྲས་འདི་ནི་འབུམ་རམས་པས་སྔོན་དཔག་བྱས་ཡོད་པ་ཞིག་རེད། རྒྱུ་མཚན་ནི། དགེ་རྒན་གསུམ་པོ་གང་གིས་ཀྱང་རང་ཉིད་ནི་ཆེས་ཕུལ་དུ་བྱུང་བའི་དགེ་རྒན་ཡིན་པ་དང་། དེ་བཞིན་སློབ་མ་རྣམས་ཀྱང་བློ་རིག་ཆེ་བར་སྙམ་པ་ལས། སློབ་ཁྲིད་བྱ་བར་གདེང་ཚོད་དང་ཡིད་ཆེས་ཡོད་པའི་རྐྱེན་གྱིས་སོ།།


བརྟེན་ས་རང་ཉིད་ལས་མེད།


ཉིན་ཞིག་ལ། གཅུང་པོ་ཞིག་ཁོའི་གཅེན་མོ་དང་ལྷན་དུ་རང་དགར་རྩེད་མོ་རྩེ་སྐབས། ཁོ་ཚོའི་ཕ་ལགས་གམ་དུ་བཅར་ཏེ། གཅུང་པོ་པང་དུ་བླངས་ནས་སྒེའུ་སྟེགས་སུ་བཞག་རྗེས་གསུངས་པར།“ གཅེས་ཕྲུག་ཁྱོད་མར་ལྡོངས་ཞོག” ཟེར།

གཅུང་པོ་དེས་ཕ་ལགས་ཀྱང་རང་ཉིད་དང་ལྷན་དུ་རྩེད་མོ་རྩེ་བར་སྙམ་པ་དང་། རང་ཉིད་མར་ལྡིང་ན་ཨ་ཕས་འཛིན་ངེས་རེད་སྙམ་སྟེ། དགའ་འབོད་སྒྲོག་བཞིན་ཐེ་ཚོམ་མེད་པར་ཕ་ལགས་ཀྱི་པང་ཁར་ལྡིང་བྱུང་། བྱིས་པ་མར་ལྡིང་ནས་ཕ་ལགས་ཀྱི་པང་ཁར་ལྷུང་ལ་ཉེ་བ་ན། ཁོའི་ཨ་ཕས་དཔུང་པ་གཉིས་གློ་བུར་དུ་གློད་པ་དང་། བྱིས་པ་དེ་ཁང་པའི་མཐིལ་ཤིང་ངོས་ལ་ངར་བ་ཞིག་བརྡབས་ཏེ་ཨག་སྐད་དང་བཅས་ངུས་སོང་།

བྱིས་པ་འུ་ཐུག་སྟེ་ངུ་བཞིན་དུ། “ཨ་ཕ་རྫུན་རྐྱལ། ཨ་ཕ་ཁོག་ངན”ཟེར།

ཕ་ལགས་ཀྱིས་ཡ་མཚར་བའི་མིག་བརྡ་བསྟན་ཏེ་བཤད་ཉམས་གཟབ་ནན་གྱིས་བརྗོད་པར།“ བུ་ཕྲུག་ལགས། ཁྱོད་ཀྱིས་ཕ་ལགས་ཀྱང་རྒྱབ་རྟེན་རུང་བ་ཞིག་མ་ཡིན་པ་ག་ལེ་ག་ལེར་ཤེས་དགོས། ཕ་ལགས་ལ་བློ་གཏོད་རྐྱང་ཡིན་མ་འདོད། རང་ཉིད་ཁོ་ན་མ་གཏོགས་བརྟེན་ས་གཞན་མེད་པ་ཤེས་དགོས”ཞེས་བཤད་དོ།།

 

 

ཀྲུང་གོ་འཁེལ་འཐག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《改变人生的经典故事》ཞེས་པ་ལས་བདམས་ཏེ་བསྒྱུར།
ཟུར་ཞུ། འདིར་བཀོད་པའི་རྩོམ་ཡིག་དག་བཙན་པོའི་དྲ་བའི་རྩོམ་སྒྲིག་པ་དང་༼གཞོན་ནུའི་རབ་བྱེད༽གཙོ་སྒྲིག་པ་སྐུ་ཞབས་ཉི་གཞོན་ལགས་ལ་དགོངས་ཞུ་མེད་པར། གང་འདོད་ཀྱིས་དེབ་དང་འཕྲིན་སྟེགས། དྲ་བ་སོགས་གང་ལ་འང་མི་སྤེལ་རྒྱུར་གསོལ་བ་ལན་བརྒྱར་འདེབས།