བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོའི་སྲས་གསུམ་གྱི་ཐ་ཆུང་ཉ་ཁྲི་དེ།རང་གི་ཕ་ནི་བློན་པོ་ལོ་ངམ་གྱིས་བསད་རྗེས་ཀོང་ཡུལ་དུ་བྲོས་ཏེ་ཆུང་མ་བླངས་ཤིང་རིམ་གྱིས་སོག་ཡུལ་དུ་བསྐྱོད་དེ། སོག་སྐད་དུ་མིང་ལ་བོར་ཏ་ཆེ་ནོ་ཞེས་མིང་ཐོགས་ལ་ཕྱིས་སུ་རྒྱལ་བོར་བསྡད་པའི་བུ་བརྒྱུད་དུ་མ་རིམ་གྱིས་འཕེལ་བ་ལས། ཧོར་སོག་གི་རྒྱལ་བོ་ཇིང་གིར་ཧན ༡༡༦༢ ལོར་སྐྱེས་ཤིང་། དེ་ནས་ཇིང་གིར ༡༡༨༩ ལོར་ཡུལ་ཁྱད་པར་དུ་འཕགས་པ་ཁེར་ལུན་མུ་ཏན་གྱི་འགྲམ་དུ་གནས་པའི་སྡེ་ཁྲི་ཕྲག་བཞི་བཅུར་ལོངས་པ་ཞིག་གི་རྒྱལ་བོར་བསྡད། སྐབས་དེ་དག་ཏུ་བྱེའུ་ཞིག་གིས་ཆིང་གིར་ཞེས་སྐད་ལན་གསུམ་བསྒྲགས་པས་བཀྲ་ཤིས་པའི་ལྟས་སུ་བརྩིས་ཏེ། དེ་ནས་བཟུང་ཆིང་གིར་རྒྱལ་བོ་ཞེས་ཧོར་ཡུལ་གྱི་རྒྱལ་བོ་དངོས་ཀྱི་ཐོག་མར་གྱུར། ༼ སོག་སྐད་དུ་ཇིང་ཞེས་པ་ཡོན་ཏན་དང་གིར་ཞེས་པ་མང་བོ། ཧན་ཞེས་པ་རྒྱལ་བོ་ཡིན་པས་མཚན་དུ་ཇིང་གིར་རྒྱལ་བོ་ཞེས་གསོལ། ཞེས་བོད་རྒྱ་ཚིག་མཛོད་དུ་གསལ། ༽ ༡༢༠༦ ལོར་ཇིང་གིར་འཁོར་དམག་དང་བཅས་བོད་དབུས་གཙང་དུ་སླེབས་སྐབས་སྡེ་སྲིད་ཇོ་དགའ་སོགས་ཀྱིས་བསུ་སྟོན་རྒྱ་ཆེན་བྱས་ཏེ། སྟོད་མངའ་རིས་ནས་སྨད་མདོ་ཁམས་བར་ཕུལ་ནས་མགོ་འབུལ་ལུས་བཏགས་ཞུས། ས་སྐྱའི་བླ་ཆེན་གྲགས་རྒྱན་ལ་འཕྲིན་འབྲེལ་ཞུས་ཏེ་བླ་མར་བསྟེན། བོད་མི་ཀུན་ཁྲལ་གྱི་ནང་ནས་བཏོན་ཞེས་ཀྱང་ཟེར། དེའི་ཕྱི་ལོར་དབུས་གཙང་ནས་རྟེན་གསུམ་མང་བོ་གདན་དྲངས། སོག་སྡེའི་ཁྲོད་ནས་ཆོས་བྱེད་མཁན་ཐོག་མར་བྱུང་བས་སོག་ཡུལ་དུ་ཆོས་དར་མགོ་ཚུགས། ༡༢༡༦ ལོར་བོད་མི་ཉག་གི་ཡུལ་དུ་དམག་དྲངས་ནས ༡༢༢༧ ལོར་མི་ཉག་རྒྱལ་ཐོག་དགུ་བ་རྡོ་རྗེ་དཔལ་ལམ། སོག་སྐད་དུ་ཐོ་ཅེམ་ཞི་ཏུར་གཱུ་ཧ་གན་ཟེར་བ་བསད་དེ་ཡུལ་སྡེ་ཐམས་ཅད་མངའ་འོག་ཏུ་བསྡུས། དེའི་དགའ་སྟོན་རྟེན་འབྲེལ་བྱས་པའི་ཟླ་བ་ལ་ཧོར་ཟླ་དང་བོ་ཟེར་བའི་སྲོལ་དེ་ནས་བྱུང་། དེ་ནས་ཇིང་གིར་ཧན་རང་ལོ་རེ་དྲུག་པ ༡༢༢༧ ལོར་གཙང་བ་དུང་ཁུར་བ་དབང་ཕྱུག་བཀྲ་ཤིས་ལ་ཆོས་ཉན། བན་དེ་ཤེད་སྐྱེད་ཀྱི་འཇའ་ས་ཟེར་བ་ཁྱབ་བསྒྲགས་བྱས། ལོ་དེའི་ཟླ་བ་བདུན་པའི་མར་ངོའི་ཚེས་སུམ་ཅུའི་ཉིན་འདས། འདོད་པ་ལ་ཆོག་མི་ཤེས་པས་འདས་སྟངས་ལ་བཤད་ཚུལ་གཞན་ཞིག་ཀྱང་ཡོད།

ཇིང་གིར་ལ་བུ་བདུན་དང་བུ་མོ་གཉིས་ཡོད་པ་ལས། བཙུན་མོ་ཆེ་བའི་བུ་གསུམ་པ་ཨོ་གོ་ཏའི ༡༢༢༨ ལོར་རྒྱལ་བོར་བསྡད་དེ། ལོ་དྲུག་རིང་སྲིད་དབང་བཟུང་། དེའི་རྗེས་ཨོ་གོ་ཏའི་བུ་ཆེ་བ་གོ་ཡུག ༡༢༣༣ ལོར་རྒྱལ་ཁྲིར་ཟླ་བ་དྲུག་རིང་སྲིད་བསྐྱངས་ནས་འདས། དེའི་ཕྱི་ལོར་གཅུང་གོ་དན་རྒྱལ་བོར་བསྡད་དེ ༡༢༣༤ ནས ༡༢༥༡ བར་སྲིད་ལོ་བཅོ་བརྒྱད་རིང་བསྐྱངས་ཏེ། བློན་པོ་དོར་རྟ་ནག་པོས་སྣེ་ཁྲིད་པའི་སོག་དམག་བོད་དུ་བཏང་། མདོ་སྟོད་སྨད་དང་སོག་ཆུ་ཁ་རྣམས་སུ་ཡོད་པའི་བོད་མི་མཐོང་ཚད་བསད་དེ་རྒྱལ་ལྷ་ཁང་མེས་བསྲེགས། གྲྭ་བ་ལྔ་བརྒྱ་ཙམ་བསད། ར་སྒྲེང་ལ་ཡང་གནོད་པ་ཆེན་པོ་བྱས། { འདི་ནི་དེབ་དཀར་དུ་སྟོད་སྨད་ཀྱི་ཧོར་དམག་གི་འཇིགས་པ་ལན་གཉིས་སམ་གསུམ་དུ་བྱུང་བ་ཟེར་བའི་སྨད་ཧོར་གྱི་འཇིགས་པ་དེ་ཡིན་པ་འདྲ། } སྟག་ལུང་སྨུག་པས་བསྒྲིབས་ནས་མ་མཐོང་། འབྲི་གུང་སྤྱན་སྔ་གྲགས་པ་འབྱུང་གནས་ཀྱིས་རྡོ་ཆར་ཕབ་པས་འབྲི་གུང་བར་མ་གནོད་པར་མ་ཟད། ཁོང་ཧོར་གྱི་མཆོད་གནས་སུ་གདན་དྲངས་ཀྱང་མ་ཕེབས། ས་པཎ་གདན་དྲངས་དགོས་གསུངས་པ་བཞིན ༡༢༤༤ ལོར་དགུང་གྲངས་རེ་གསུམ་སྟེང་ཧོར་གོ་དན་རྒྱལ་བོས་སོག་ཡུལ་དུ་གདན་དྲངས། ༡༢༥༡ ལོར་ས་པཎ་དང་གོ་དན་གཉིས་ཀ་འདས། གོ་དན་མ་འདས་པའི་དུས་དེར་སོག་དམག་བོད་དུ་བཏང་བ ༡༢༥༢ ལོར་འབྱོར་ནས་མོན་མཁར་མགོན་པོ་གདོང་བཅོམ་ནས་མི་གྲངས་མེད་བསད། རྒྱལ་ཚ་དང་ཇོ་འབེར་བཀྲོངས།

དེའི་རྗེས་སུ་བཙུན་མོ་ཆེ་བའི་བུ་བཞི་བ་སྟེ། ཇིང་གིར་རྒྱལ་བོ་ཁོང་དངོས་ཀྱིས་རང་གི་གཞིས་སྲུང་བར་བསྐོས་པ་ཐེ་ཇེ་ཐོ་ལོ་ཟེར་བ་ཇིང་གིར་གྱི་གོང་དུ་འདས་པ་དེ་ལ་བུ་བཞི་ཡོད་པའི་ཆེ་བ་མོང་གོལ་ཧན་སྤྱི་ལོ ༡༢༥༢ ནས་ལོ་བརྒྱད་རིང་སྲིད་བསྐྱངས། ༡༢༥༥ ལོར་ཀརྨ་པཀྴི་སོག་ཡུལ་དུ་གདན་དྲངས་ཏེ་བླ་མར་བསྟེན། ༡༢༥༩ ལོར་མོང་གོལ་ཧན་འདས། དེའི་རྗེས་སུ་གཅུང་ཧུ་པི་ལི་སེ་ཆེན་ཧན་སྤྱི་ལོ ༡༢༦༠ ནས ༡༢༩༦ བར་ལོ་སོ་བདུན་རིང་སྲིད་དབང་བཟུང་། ཀརྨ་པཀྴི་དང་འགྲོ་མགོན་འཕགས་པ་གཉིས་བླ་མར་བསྟེན། སེ་ཆེན་ཁྲི་ལོ་བརྒྱད་པ་རབ་བྱུང་ལྔ་བའི་མེ་ཡོས ༡༢༦༧ ལོར་ཁོར་ཁེ་ཏའི་ཧོར་དམག་བོད་དུ་ཡོང་ནས་འདམ་རི་བ་སོགས་བསད། ༡༢༦༩ ལོར་ཧོར་གྱིས་བོད་ལ་མི་འཚེ་བའི་འཇམ་ལམ་བཙུགས། ༡༢༧༢ ལོར་ཐུ་པོ་ཤོན་ཝུའུ་སི་ཏུའུ་ཡོན་ཧྲའོ་ཧྥུའུ་བཙུགས་ནས་ཡོན་རྒྱལ་རབས་ཀྱི་ཐད་ཀའི་སྲིད་འཛིན་ས་ཁུལ་དུ་བསྒྱུར། ༡༢༧༧ ལོར་འགྲོ་མགོན་འདས། ཧོར་རྒྱལ་བོ་ཨ་རོག་ཆེས་བཏང་བའི་ཧོར་དམག་བོད་དུ་འབྱོར་ནས་གཉལ་ལ་དམག་དྲངས། ཟངས་ཆེན་པ་དར་མ་བསོད་ནམས་བཀྲོངས། ༡༢༨༠ ལོར་ས་སྐྱའི་དཔོན་ཆེན་ཀུན་དགའ་བཟང་བོ་ངོ་ལོག་པའི་སྟེང་དུ་སེ་ཆེན་ཧན་གྱིས་བཏང་བའི་དམག་དཔུང་བོད་དུ་འབྱོར་ནས་ཀུན་དགའ་བཟང་བོ་བསད། { འདི་ནི་དེབ་དཀར་དུ་སྟོད་སྨད་ཀྱི་ཧོར་དམག་གི་འཇིགས་པ་ལན་གཉིས་སམ་གསུམ་དུ་བྱུང་བ་ཟེར་བའི་སྟོད་ཧོར་གྱི་འཇིགས་པ་དེ་ཡིན་པ་འདྲ།} ༡༢༨༥ འབྲི་གུང་བའི་དམག་གིས་བྱ་ཡུལ་དགོན་པ་མེར་བསྲེགས། གདན་ས་བ་གཙང་སྟོན་བཀྲོངས། སླར་ཡང་འབྲི་གུང་བའི་སྟོད་ཧོར་ཧུ་ལའི་ཧུའི་དམག་དཔུང་ཁྲིད་ནས་ས་སྐྱར་དམག་དྲངས། སེ་ཆེན་གྱི་བུ་ཐི་མུར་བྷོ་ཁའི་དམག་དཔུང་དང་ས་སྐྱའི་དཔོན་ཆེན་ཨང་ལེན་གྱི་དམག་དཔུང་གཉིས་མཉམ་འབྲེལ་བྱས་ཏེ་འབྲི་གུང་བའི་དམག་གཏོར་ཕམ་བཏང་། ༡༢༩༠ ལོར་ས་སྐྱའི་དམག་འབྲི་གུང་དུ་དྲངས་ནས་འབྲི་གུང་གི་ལྷ་ཁང་མེ་ལ་བསྲེགས། མི་ཁྲི་ལྷག་ཙམ་བསད། ལོ་རྒྱུས་ཐོག་འབྲི་གུང་གླིང་ལོག་ཟེར་བ་དེ་བྱུང་། དེ་ནས་བཟུང་དབུས་གཙང་གཉིས་ཀྱི་བར་ལ་འགལ་ཟླ་ཆེན་པོ་བྱུང་། ༡༢༩༢ ལོར་གྲུབ་ཐོབ་ཨོ་རྒྱན་པ་པེ་ཅིན་དུ་གདན་དྲངས་ཤིང ༡༢༩༦ ལོར་ཧུ་པི་ལི་སེ་ཆེན་རྒྱལ་བོ་འདས།

སེ་ཆེན་ཧན་ལ་བུ་བཞི་དང་བུ་མོ་གཅིག་བཅས་ཡོད་པ་ལས་བུ་གསུམ་པ་ཆེང་གེམ་རྒྱལ་སར་བསྐོས་ཀྱང་ཚེ་མ་ཟིན་པས། ཆེང་གེམ་ལ་བུ་གསུམ་ཡོད་པའི་ཐ་ཆུང་ཐུ་བུ་ཐེ་མུར ༡༢༩༤ ནས ༡༣༠༧ བར ༼དབེན་ཅིང་ལོ་གཉིས་དང་ཏའི་ཏིང་ལོ་བཅུ་གཅིག༽ ལོ་བཅུ་གསུམ་རིང་རྒྱལ་སྲིད་བསྐྱངས་ཤིང་འདིའི་སྐབས་ཀུན་མཁྱེན་ཆོས་སྐུ་འོད་ཟེར ༼ དུང་དཀར་ཚང་གི་ལོ་ཚིགས་དྭངས་ཤེལ་མེ་ལོང་དང་ཚིག་མཛོད་ཉིས་ཆར་ཀུན་མཁྱེན་ཆོས་སྐུ་འོད་ཟེར ༡༢༡༤ ནས ༡༢༩༢ ལོར་འདས་པ་དང་། ད་དུང་ཚིག་མཛོད་ནང་དེང་གི་སོག་རིགས་མཁས་པ་ཚོས་བཀའ་འགྱུར་སོག་སྐད་དུ་བསྒྱུར་བ་སོགས་ཁས་མི་ལེན་པར་བཤད་ཡོད། ༽ གདན་དྲངས་ཏེ། སྔར་ས་པཎ་གྱིས་གསར་བཟོས་གནང་བའི་སོག་ཡིག་ལ་བསྐྱར་བཅོས་གང་ལེགས་ཀྱིས་ཆོས་ལུགས་ཀྱི་ནང་དོན་སྟོན་ཐུབ་པ་བཟོས། ཤར་བ་འཇམ་དབྱངས་རིན་ཆེན་བླ་མར་བསྟེན། ལོ་རྒྱུས་ཀྱི་རིན་ཐང་ཆེ་བའི་གཡང་ཊི་ལ་ཕྱིས་གོང་མ་ཆིན་ཧྲི་ཧོང་གིས་ཐམ་ཀ་བཟོས་པའི་རྒྱལ་ཐམ་མི་འགྱུར་གཡུང་དྲུང་ཡང་རྒྱལ་བོ་འདིའི་རིང་ལག་ཏུ་འབྱོར་ཏེ་བཀོལ། ཧོར་རྒྱལ་འདིའི་མིང་ལ་ཨོལ་ཅེའི་ཐུ་ཡང་ཟེར།

དེའི་རྗེས་སུ་ཨོལ་ཅེའི་ཐུའི་ཕུ་བོ་ངྷརྨ་པཱ་ལར་བུ་གཉིས་ཡོད་པའི་ཆེ་བ་ཧའི་སང ༡༣༠༨ ནས་ལོ་བཞིའི་རིང་རྒྱལ་སྲིད་བཟུང་སྟེ། ཀུན་མཁྱེན་ཆོས་སྐུ་འོད་ཟེར་ལ་བཀའ་འགྱུར་སོག་སྐད་ཐོག་བསྒྱུར་དུ་བཅུག ༡༣༡༡ ལོར་འདས། ༼རྒྱལ་བོ་འདིས་ས་སྐྱ་བ་ཆོས་ཀྱི་འོད་ཟེར་སོག་ཡུལ་དུ་གདན་དྲངས་ཏེ་ས་པཎ་གྱི་སོག་ཡིག་ལ་བཟོ་བཅོས་བྱས་ཞེས་བོད་ཡིག་གི་ལོ་རྒྱུས་ནང་གསལ་ཞེས་དུང་དཀར་ལོ་ཚིགས་དྭངས་མེ་རུ་གསལ།༽ མིང་ལ་ཁུ་ལུག་ཧན་ཡང་ཟེར། དེའི་རྗེས་སུ་ཁོའི་གཅུང་བོ་ཨ་ཡུར་པར་པ་ཏ ༡༣༡༢ ནས ༡༣༢༠ ལོ་བར་ཧོང་ཕིང་ལོ་གཉིས། པེན་པེའུ་ལོ་བདུན་བཅས་ལོ་དགུའི་རིང་རྒྱལ་སྲིད་བཟུང་། མིང་ལ་བོ་ཡན་ཐུ་ཡང་ཟེར། ཧོར་རྒྱལ་འདིས་འཇམ་དགག་པཀྴི་གདན་དྲངས། འདིའི་རིང་ལ་སྣར་ཐང་གི་བཀའ་འགྱུར་དང་བསྟན་འགྱུར་བྱུང་། དེའི་རྗེས་སུ་ཁོའི་བུ་ཤུད་ངྷེ་ཕ་ལ ༡༣༢༡ ནས ༡༣༢༣ བར་ལོ་ངོ་གསུམ་ལ་རྒྱལ་སྲིད་བསྐྱངས། མིང་ལ་ཀེ་ཀེན་ཧན་ཡང་ཟེར། དེའི་རྗེས་སུ་སེ་ཆེན་གྱི་བུ་གསུམ་པ་ཆེང་གེམ་གྱི་བུ་ཀ་མ་ལ་ཟེར་བའི་བུ་ཡེ་སུན་ཐེ་མུར ༡༣༢༤ ནས་ལོ་ལྔའི་རིང་རྒྱལ་སྲིད་བཟུང་། མིང་ལ་ཐའི་ཏིང་རྒྱལ་བོ་ཡང་ཟེར། དེ་ནས་ཧའི་སང་ཁུ་ལུག་གི་བུ་ཆེ་བ་རིན་འཕགས་སྲིད་ཁྲིད་བསྡད་ཀྱང་ཞག་བཞི་བཅུ་ལོན་ནས་འདས། དེའི་རྗེས་སུ་ཁོའི་གཅུང་བོ་ཀོ་ས་ལི་མིང་ཙོང་བསྡད་མོད་ཞག་ལྔ་བཅུ་ལོན་ནས་འདས། དེའི་རྗེས་ལ་བོ་ཡན་ཐའི་བུ་ཆུང་བ་ཐུག་ཐེ་མུར་ཝེན་ཙུང ༡༣༢༩ ནས ༡༣༣༢ བར་ལོ་ངོ་བཞིའི་རིང་རྒྱལ་སྲིད་བསྐྱངས་ཤིང་སྲིད་ལོ་བཞི་བར་ཀརྨ་རང་བྱུང་རྡོ་རྗེ་གདན་དྲངས། མིང་ལ་འཇའ་ཡ་ཐུ་ཡང་ཟེར། དེའི་རྗེས་སུ་ཀོ་ས་ལའི་བུ་རིན་ཆེན་དཔལ ༡༣༣༣ ལོར་སྲིད་བཟུང་ཡང་ཟླ་གཅིག་སོང་ནས་འདས་པས། ཟླ་བ་དྲུག་རིང་བློན་ཆེན་ཨེལ་མུར་ཐཱ་ཤིས་སྲིད་བཟུང་། དེའི་རྗེས་སུ་འཇའ་ཡ་ཐུའི་བུ་ཐོ་གན་ཐེའི་མུར ༡༣༣༣ ནས ༡༣༦༨ བར་ལོ་སོ་དྲུག་གི་རིང་རྒྱལ་སྲིད་བསྐྱངས། ༡༣༣༩ ལོར་ས་སྐྱ་བདག་ཆེན་ཀུན་དགའ་བློ་གྲོས་རྒྱལ་མཚན་མཆོད་གནས་སུ་གདན་དྲངས། ༡༣༥༤ ལོར་ཏཱ་སི་བྱང་རྒྱན་ལ་ཏཱ་སིའི་གོ་གནས་དང་བོད་ཀྱི་དབང་ཆ་སྤྲད། ༡༣༥༨ ལོར་ཀརྨ་རོལ་བའི་རྡོ་རྗེ་གདན་དྲངས། ༡༣༦༨ ལོའི་བརྒྱད་ཟླའི་ཚེས་ཉེར་བརྒྱད་ཉིན་རྒྱལ་སྲིད་ཏཱ་མིང་ལ་ཤོར་ཏེ་ཁེ་རེ་ལུན་མུ་རན་གྱི་འགྲམ་དུ་བྲོས། པ་ར་ཧོ་ཐོ་ཟེར་བའི་མཁར་བརྩིགས་ཏེ་ལོ་ངོ་གསུམ་ཙམ་རིང་སོག་པོ་ཙམ་གྱི་རྒྱལ་བོ་བྱས་ཏེ ༡༣༧༠ ལོར་འདས། གོང་གསལ་ཇིང་གིར་ཧན་ནས་རྒྱལ་བོ་འདིའི་བར་དུ་རྒྱལ་ཐོག་བཅོ་ལྔས་སྲིད་ལོ་བརྒྱ་དང་དོན་ལྔའི་རིང་བསྐྱངས། དེ་ནས་བཟུང་སོག་ཡུལ་དུ་རང་སྲིད་སྐྱོང་བའི་རྒྱལ་རབས་བྱུང་བར་བཤད་དོ། །

 

ཞེས་པ་འདི་ནི་དུང་དཀར་ཚང་གི་གསུང་པོད་ཁ་ཤས་བཀླགས་པའི་ཟིན་ཚོམ་ཁྲོད་ནས་ཚུར་བཤུས་པ་ཡིན།