ཡིག་སྒྱུར་བ། ཁང་གསར་བུ་མོ།

དེ་སྔོན་རྒྱ་ནག་གི་དཔྱད་བརྗོད་པ་གྲགས་ཅན་མཱ་ཡུན་གྱིས་ལོ་བཅུའི་རྗེས་སུ་མཆིན་པའི་སྐྲན་ནད་དང་། གློ་བའི་སྐྲན་ནད། ཕོ་སྐྲན་ནད་ཀྱིས་རྒྱ་ནག་གི་ཁྱིམ་ཚང་ཐམས་ཅད་ལ་དཀའ་ངལ་བཟོ་རྒྱུ་རེད་ཅེས་དང། མཆིན་སྐྲན་མང་ཆེ་བ་ནི་ཆུ་བོའི་འབག་བཙོག་ལས་བྱུང་བ་དང། གློ་སྐྲན་ནི་ང་ཚོའི་མཁའ་རླུང་གི་འབག་བཙོག་དུག་སྤྲིན་དེས་བཟོས་པ་ཅིག་རེད། ཕོ་བའི་སྐྲན་ནད་ནི་ང་ཚོའི་འབག་བཙོག་གི་ཟས་རིགས་ལས་བྱུང་བ་ཞིག་རེད། དེར་བརྟེན་ད་ཆ་སྐྲན་ནད་ནི་འཆར་ཅན་ཞིག་ཏུ་འགྲོ་རྒྱུ་གདོན་མི་ཟ་བ་ཞིག་རེད་འདུག ད་དུང་ཁོར་ཡུག་ལ་ལེགས་བཅོས་མ་བྱས་ན་རྒྱ་ནག་ས་གཞི་ཡོངས་ལ་སྐྲན་ནད་ཀྱིས་ཁྱབ་ངེས་ལ་ཁྱིམ་ཚང་རེ་རེར་སྐྲན་ནད་ཀྱི་ནད་པ་ཡོང་བ་ནི་གཡོལ་ཐབས་བྲལ་བ་ཞིག་རེད་ཅེས་གསུངས།

ཡང་ཁོང་གིས་འཛམ་གླིང་ཐོག་གོང་ཚད་མཐོ་ཤོས་ཀྱི་ཉལ་ཁྲི་ནི་ནད་པའི་ཉལ་ཁྲི་རེད། སྨན་ཁང་གི་ཁང་པ་ནི་ལོ་རེ་ནས་ལོ་རེར་ཇེ་མཐོར་འགྲོ་བཞིན་ཡོད་ཀྱང་ནད་པ་ནི་སྨན་ཁང་ལ་ན་ཚ་བསྟེན་མ་ཐུབ་པའི་དཀའ་ངལ་ཇེ་ཆེ་ནས་ཇེ་ཆེར་རེད། སྨན་ཁང་གི་སྒྲིག་ཆས་ནི་ལོ་རེ་ནས་ལོ་རེར་སྔོན་ཐོན་ཅན་དུ་འགྱུར་གྱིན་ཡོད་མོད། ནད་གཞི་མང་པོ་སྔོན་ཐོན་ཅན་གྱི་སྒྲིག་ཆས་ཀྱིས་རྩད་ཞིབ་ཐུབ་ཀྱིན་མེད།  སྨན་རྫས་ཀྱི་རྣམ་གྲངས་ལོ་རེ་ནས་ལོ་རེར་འཐུས་སྒོ་ཚང་བར་འགྱུར་གྱིན་ཡོད་མོད། སྨན་རྫས་དེ་དག་ནི་བཟས་ཀྱང་ནད་གཞི་དྲག་སྐྱེད་དུ་མི་འགྲོ་བས།ཕན་པ་དང་གནོད་པ་གང་ཆེ་བཅས་ཀྱི་དཔྱད་གཞིར་གྱུར་ཡོད།

གཅིག ཆུའི་འབག་བཙོག

དེ་སྔོན་གཙང་པོའི་ཆུ་དག་གིས་ཟས་རིགས་འཁྲུད་ཆོག་ཀྱང་ད་ཆ་གྱོན་གོས་འཁྲུད་མི་ཉན་པ་མ་ཟད། བཏུང་ཆུ་ཡང་མི་བཞི་ཆ་གཅིག་ཡན་ལ་ཚད་གཞི་དང་མཐུན་པའི་དྭངས་གཙང་གི་ཆུ་འཐུང་ཐབས་བྲལ་ནས་ཡོད།

གཉིས། མཁའ་རླུང་གི་འབག་བཙོག

མཁའ་རླུང་གི་འབག་བཙོག་ནི་ང་ཚོའི་བསམ་ཡུལ་ལས་འདས་པ་ཞིག་རེད་འདུག འཛམ་གླིང་ཐོག་མཁའ་རླུང་གི་འབག་བཙོག་ཉེན་ཚབས་ཆེ་ཤོས་ཀྱི་གྲོང་ཁྱེར་བརྒྱ་ཆ་ཕྱེད་ཀ་ཡན་རྒྱ་ནག་ལ་ཡོད་པ་དང་ད་ལོའི་ཟླ་དང་པོའི་ཟླ་ཕྱེད་ཙམ་ནང་པེ་ཅིང་གྲོང་ཁྱེར་ནི་ཧ་ཅང་ཉེན་ཚབས་ཆེ་བའི་འབག་བཙོག་ནང་གནས་ནས་གློ་སྐྲན་ནད་ཕོག་ནས་འཆི་བའི་ནད་པ་ནི་སྐྲན་ནད་གཞན་གྱི་འཆི་ཚད་ལས་ཧ་ཅང་མཐོ་བ་ཞིག་ཡིན་འདུག མཁའ་རླུང་གི་འབག་བཙོག་དེ་དག་ཐ་མག་གི་དུ་ངན་དང་། འཁོར་རིགས་ཀྱིས་བཟོས་པའི་དུ་ངན། ཁང་པའི་མཛེས་བཟོ་ལས་བྱུང་བའི་དུ་ངན་དེ་རིགས་ཀྱི་འབག་བཙོག་དང་བསྡུར་ཐབས་རྩ་བ་ནས་མེད་པ་ཞིག་རེད་འདུག།

གསུམ། ས་ཞིང་གི་འབག་བཙོག

ལོ་མང་གི་ཞིང་སྨན་དང་རྫས་ལུད་བེད་སྤྱོད་ཆེ་ནས་ས་ཞིང་ལ་(重金属ལྕགས་རིགས་འབག་བཙོག)ཧ་ཅང་འཚབ་ཆེན་ཕོག་ནས་ས་ཞིང་གི་ས་རྒྱུ་གཤིན་ཚད་མར་ཆགས་པ་མ་ཟད་ཞིང་སྨན་གྱི་ལྷག་འཕྲོ་དེ་རིགས་ཀྱིས་ང་ཚོའི་བདེ་ཐང་ལ་གནོད་འཚེ་ཆེན་པོ་བཟོས་ནས་ངེད་ཚོའི་གློ་སྙིང་མཆིན་གསུམ་ལ་སྐྱོན་བཏང་བ་མ་ཚད་མཆིན་པའི་དུག་སེལ་ནུས་པ་ཨང་དང་པོ་མེད་པ་བཟོ་ཡི་ཡོད་འདུག

གལ་སྲིད་ཁྱེད་རང་ལོ་བཅུའི་རྗེས་ལ་རང་གི་དཀའ་སྤྱད་འབད་བརྩོན་ལས་འགྲུབ་པའི་མ་དངུལ་རྣམས་བདེ་ཐང་གི་ཆེད་དུ་དོན་མེད་འཕྲོ་བརླག་གཏང་འདོད་མེད་ཅིང་།(低碳ཐན་ཉུང་།)གི་འཚོ་བ་ཞིག་བསམས་ན་ད་ལྟ་ནས་རང་ཉིད་དང་རྗེས་རབས་རྣམས་ཀྱི་བདེ་ཐང་ཆེད་དུ་ཁོར་ཡུག་ལ་སྲུང་སྐྱོབ་དང་དུག་སྤྲིན་ལ་ཡིད་ཟབ།  ལུས་སྦྱོང་ལ་དོ་སྣང་དང་སྔོ་ལྗང་ཅན་གྱི་ཟས་རིགས་གང་མང་སྤྱོད་དགོས་པ་ཡིན།
ང་ཚོའི་འཚོ་བའི་ནང་རང་ཉིད་ཀྱི་དོན་དུ་རླངས་འཁོར་གཏོང་མཁན། དངུལ་གསོག་རོགས་བྱེད་མཁན།  དངུལ་གཏོར་རོགས་བྱེད་མཁན་སོགས་ལས་ཀ་ཅི་འདྲ་ཡིན་རུང་ལས་མཁན་གླ་ཆོག་པ་ཞིག་རེད། ཡིན་ཡང་རང་གི་ནད་གཞི་གཞན་གྱིས་ཁུར་ནས་རོགས་བྱེད་མཁན་ཞིག་ནམ་ཡང་གླ་ས་མེད་ལ་དངོས་པོ་ཅི་འདྲ་ཞིག་འབོར་རུང་ཐབས་ཤེས་ཡོད་དགུས་ཚུར་འཚོལ་རྙེད་ཐུབ་ངེས་ཞིག་རེད། ཡིན་ཡང་ཚེ་སྲོག་ནི་ནམ་ཡང་རྙེད་ཐབས་མེད་པས་ཚང་མས་བདེ་ཐང་གི་ཆེད་དུ་ཁོར་ཡུག་གི་འབག་བཙོག་ཐད་དོ་སྣང་རྒྱ་ཆེན་གནང་དགོས་ངེས་རེད་འདུག

ང་ཚོས་དགུན་དུས་ཀྱི་གནམ་གཤིས་ནང་དུག་སྤྲིན་མཐོང་དུས་འདི་ནི་སྐམ་ཤས་ཆེ་བས་རེད་ཅེས་བསམ་མོད། ཡིན་ཡང་དེ་ནི་གནམ་གཤིས་ཀྱི་སྐམ་ཤས་ལས་བྱུང་བ་མིན་པར་ཁོར་ཡུག་ལ་གཏོར་སྐྱོན་བཏང་བའི་འབྲས་བུས་མཁའ་རླུང་ལ་འབག་བཙོག་བྱུང་བའི་དཔང་རྟགས་ཤིག་ཡིན་ནོ།།