——— 《ཉི་ཧོང་ཆོས་འབྱུང་ཕྱོགས་བསྡུས》ཀྱི་ལྷན་ཐབས་རང་གིས་མཐོང་སྣང་དེང་སང་ཉི་ཧོང་ནང་པ།

ཉི་ཧོང་ནང་པའི་ཆོས་ལུགས་ཆེ་ཁག་རེར་གདན་ས་འགའ་ཤས་དང་། གཞིས་དགོན་ཁྲི་གཉིས་ལྷག་ཡོད་པའི་ཆོས་ལུགས་ཀྱང་ཡོད་པ་རེད། གཞིས་དགོན་ནས་གདན་སར་མཆོད་དོད་ལྟ་བུ་དངུལ་ཞིག་ལོ་ལྟར་འབུལ་དགོས་དང་། དེ་བཞིན་རང་རང་གི་ཆོས་ལུགས་ཕྱག་སྲོལ་རྒྱུན་འཇགས་ཡོང་ཆེད་གདན་སར་འཛུལ་བཞུགས་གནང་སྟེ་གཞིས་དགོན་གནས་འཛིན་ཆོག་པའི་བཀའ་ཁྲོལ་ཡང་གདན་ས་ནས་ཞུ་དགོས་ཀྱི། དེ་ལ་དུས་ཡུན་ལོ་གཅིག་གམ་ཟླ་བ་ཁ་ཤས་སོགས་གདན་ས་ལ་བལྟོས་ནས་ལུགས་སྲོལ་ཁག་ཁག་རེད། གནས་འཛིན་གྱིས་རང་གི་ཐོབ་ཁུངས་སྦྱིན་བདག་སར་དུས་དུས་སུ་བཀའ་ཆོས་དང་། ཞལ་འདོན་གནང་བར་ཕེབས་རྒྱུ་དང་། སྦྱིན་བདག་རྣམས་ཀྱང་དགོན་པར་གཤིན་པོའི་འདས་མཆོད་དང་། དུས་མཆོད་སྐབས་མཆོད་འབུལ་ལ་བཅར་གྱི། དགོན་པའི་གནས་འཛིན་གདུང་རྒྱུད་གྲྭ་པ་ཡིན་སྟབས་ཡབ་སྲས་གཉིས་རེ་དགོན་པ་མང་བ་ལ་ཡོད་འདུག། གདན་སའི་ཁྲི་བ་ནི་ཧོང་རྒང་རྗི་མ་གཏོགས་གདུང་རྒྱུད་མ་རེད། དེ་བཞིན་རབ་འབྱུང་དང་རབ་འབྱུང་མ་ཡང་ཁ་ཤས་མཇལ་རྒྱུ་འདུག། རབ་འབྱུང་རྣམས་བསོད་སྙོམས་ལ་ཕེབས་སྐབས་གྲྭ་ཆས་དང་། རྩྭ་ཞྭ་ཆེན་པོ་ཞིག་དང་། རྩྭ་ལྷམ་མཆོད་དེ་གསུང་ཆེན་པོ་ཞིག་བར་མཚམས་མེད་པར་སྐྱོན་ཏེ་གྲོང་ཁྱེར་ནང་ཕེབས་ཀྱི། རབ་འབྱུང་མ་ཡིན་པའི་སྤྱི་སྟངས་གྲྭ་པ་རྣམས་མཆོད་འབུལ་གནང་སྐབས་མ་གཏོགས་གྲྭ་ཆས་བཞེས་ཀྱི་མིན་འདུག།

གདན་སའི་ནང་གཞུང་ཆེན་ཧ་ལམ་སློབ་སྦྱོང་གནང་གི་མེད་ཀྱང་། ཆོས་ལུགས་ཆེ་ཁག་ཕལ་ཆེན་ལ་ནང་པའི་གཙུག་ལག་སློབ་གཉེར་ཁང་རེ་འདུག་པར།དེའི་ནང་སེར་སྐྱ་ཕོ་མོ་ཁྱད་མེད་པར་རངགི་ཐུགས་འདོད་ལྟར། ལེགས་སྦྱར། བོད་། ཉི་ཧོང་། རྒྱ་ནག། པཱ་ལི་སོགས་ཀྱི་སྐད་ཐོག་ཡོད་པའི་བསྟན་བཅོས་ཁག་ལ་སློབ་གཉེར་གནང་སྟེ། ཉི་ཧོང་སྐད་དུ་སྒྱུར་བ་སོགས་ཉམས་ཞིབ་སྣ་ཚོགས་གནང་གི།

དུས་རབས་ཉི་ཤུ་པའི་འགོ་ཙམ་ནས་བོད་ཀྱི་ཤེས་རིག་སློབ་སྦྱོང་གནང་སྲོལ་དར་ནས་ད་བར་གྱི་གྲུབ་འབྲས་ནང་ནས་འགའ་ཤས་ངོ་སྤྲོད་ཞུས་ན། རྗེ་བཙུན་མི་ལ་རས་པའི་རྣམ་ཐར། ཏཱ་རཱ་ནཱ་ཐའི་ཆོས་འབྱུང་། ལམ་རིམ་ཆེན་མོའི་ལྷག་མཐོང་ཆེན་མོ། རྣམ་པར་སྣང་མཛད་ཀྱི་རྒྱུད། སྒོམ་རིམ་གསུམ། དེབ་ཐེར་དམར་པོ། བུ་སྟོན་ཆོས་འབྱུང་བསྟན་པ་སྔ་དར་སྐབས། རྒྱ་ནག་འགྲེལ་ཆེན་ལེའུ་གཅིག། ཚད་མ་ཀུན་བཏུས་རང་འགྲེལ་ནས་གལ་ཆེ་བ་འགའ་ཤས། ཐེག་བསྡུས་ལེའུ་འགའ་ཤས། གྲུབ་མཐའ་ཤེལ་གྱི་མེ་ལོང་ས་སྐྱ་བའི་སྐབས་དང་།དབུ་མ་འཇུག་པའི་སེམས་བསྐྱེད་དྲུག་པ་བཅས་ཀྱིས་མཚོན་བསྟན་བཅོས་མང་པོ་བོད་སྐད་ནས་ཉི་ཧོང་སྐད་དུ་བསྒྱུར། སྡེ་དགེ་བཀའ་བསྟན། པེ་ཅིང་བཀའ་བསྟན། སྒྲ་སྦྱོར་བམ་གཉིས། མདོ་སྡེ་རྒྱན། དུས་མཐའ་རྣམ་འབྱེད། ཚིག་གསལ། སྤྱོད་འཇུག་ཤེས་རབ་ལེའུ། རྒྱུད་བླ་མ། ཚད་མ་རྣམ་འགྲེལ་སོགས་ཀྱི་བསྟན་བཅོས་མང་པོ་ཞིག་ལ་ལེགས་སྦྱར་དང་བོད་སྐད་ཟུང་འབྲེལ་གྱི་དེང་དུས་དང་མཐུན་པའི་གཟིགས་བདེའི་དཀར་ཆག་དང་། བོད་ཉི་ཚིག་མཛོད་དང་། བོད་ཉི་སྐད་དེབ་དང་། བོད་ཉི་སུམ་རྟགས་དེབ་སོགས་དང་། རྒྱལ་རབས་དང་། གེ་སར་སྒྲུང་། ཁ་དཔེ། ཏུང་ཧང་བོད་ཀྱི་ཡིག་རྙིང་། བོད་སྐད་འབྱུང་ཁུངས་སོགས་བོད་ཀྱི་ཤེས་རིག་སྣ་ཚོགས་ལ་ཚན་རིག་གི་ལམ་སྲོལ་དང་མཐུན་པའི་བརྟག་ཞིབ་གནང་ནས་འགྲེལ་བརྗོད་མང་པོ་གནང་དང་གནང་བཞིན་པ་རེད། པེ་ཅིང་བཀའ་བསྟན་དང་། ཙོང་ཁ་བའི་གསུང་འབུམ་་དང་། ལྕང་སྐྱ་གསུང་འབུམ། ས་སྐྱ་བཀའ་འབུམ་སོགས་པར་སློག་ཐོག་པར་བསྐྲུན་དང་། སྡེ་དགེ་བཀའ་བསྟན་ཀློག་འཁོར་དགོས་པའི་པར་བརྙན་ཐོག་པར་བསྐྲུན་གནང་ཡོད་པ་རེད། གཞན་ཡང་ལོོ་ལྟར་བོད་ཀྱི་ཤེས་རིག་མཁས་པའི་ཚོགས་འདུ་རེར་འཚོགས་ཏེ་དེའི་ཐོག་དགེ་སློབ་མཁས་དབང་རྣམས་ཀྱིས་རང་གིས་ཉམས་ཞིབ་གནང་བའི་དགོངས་ཚུལ་འགྲེལ་བརྗོད་གནང་གི།

དེ་འདྲ་ཡིན་དུས་རང་རེ་བོད་མི་རྣམས་ཀྱིས་ཀྱང་རྒྱ་ནག་སྐད་ཐོག་ཡོད་པའི་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་ཤེར་ཕྱིན་ཆེན་མོའི་བསྟན་བཅོས་དང་། བྱེ་བྲག་བཤད་མཛོད་ཆེན་མོ་དང་། མངོན་པ་སྡེ་བདུན་སོགས་བོད་སྐད་དུ་ཕབ་སྒྱུར་གནང་གལ་ཆེ་བ་དང་། དང་པོ་གཉིས་ཀྱི་ཆེ་ཆུང་ཐ་ཨི་ཤཱོ་ཤིན་ཤཱུ་རྡ་ཨི་རྫཱོ་ཁྱཱོ་ཞེས་པའི་རྒྱ་ནག་བཀའ་བསྟན་ཤོག་གྲངས་བཞིན་བཀོད་ན་བརྒྱད་སྟོང་པ་ལ་དགུ་བཅུ་དང་། ཤེར་ཕྱིན་ཆེན་མོའི་བསྟན་བཅོས་ལ་བདུན་བརྒྱ་ལྔ་བཅུ་དང་། བྱེ་བྲག་བཤད་མཛོད་ཆེན་མོ་ལ་ཆིག་སྟོང་འདུག།

ཕྱོགས་མཚུངས་རང་རིགས་མཁས་དབང་རྣམ་པས་ནང་ཆོས་ལ་ཉམས་ལེན་དང་འབྲེལ་བའི་ཡིད་ཆེས་དང་། ནང་ཆོས་ལ་ཐོས་བསམ་བརྟག་དཔྱད་གནང་རྒྱུ་གཉིས་མ་འདྲེས་པར་སོ་སོར་ཕྱེད་དེ་དེང་རབས་ལ་འཚམས་པའི་ནང་ཆོས་ཐབས་ལམ་གསར་པ་ཞིག་སྟོན་རྒྱུའི་དགོངས་བཞེས་དགོས་ངེས། དེ་བཞིན་བོན་ཆོས་ལ་ཡང་སློབ་སྦྱོང་གནང་སྟེ་ནང་ཆོས་དང་འདྲེས་སླད་མེད་པའི་སྔར་སྔ་མོའི་བོད་མིའིི་རང་གི་ཆོས་ཀྱི་བསམ་ཚུལ་ཇི་བྱུང་གསལ་རྟོགས་བྱུང་ན་དུས་རབས་འདིར་ཕན་ཐོགས་ཡོང་ངེས་བཅས། འདི་ཡན་ཉི་ཧོང་ཆོས་འབྱུང་ཕྱོགས་བསྡུས་ལྷན་ཐབས་དང་བཅས་པ་རེ་ཞིག་འདི་ཙམ་ལགས་ན་ཀུན་ཏུ་བཀྲ་ཤིས་པར་གྱུར་ཅིག། །།

 

——————————————————————————————————————
ཟུར་ཞུ། ལྷན་ཐབས་འདི་ནི་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་ཉི་ཧོང་སྐད་ནས་བོད་སྐད་དུ་ཕབ་སྒྱུར་གནང་ཞིང་།1977ལོར་རྒྱལ་སྤྱིའི་ནང་པའི་ཚོགས་པ་ནས་འགྲོ་གྲོན་བཏང་སྟེ་པར་དུ་བསྐྲུན་པའི་《ཉི་ཧོང་ཆོས་འབྱུང་ཕྱོགས་བསྡུས》ཞེས་པའི་དེབ་ལས་ཁོལ་ཏུ་ཕྱུང་བ་ཡིན། བཀྲ་ཤིས་བདེ་ལེགས།