ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གི་ལོ་རྒྱུས་སྙིང་བསྡུས། ༡༩༧༥ལོར་བལ་ཡུལ་དུ་སྐུ་འཁྲུངས། ཆུང་དུས་སྒོམ་གྱི་སྐོར་ལ་དམིགས་བསལ་སྤྲོ་སྣང་ཡོད་པ་མ་ཟད་དགུང་ལོ་དགུ་ལ་སོན་སྐབས་སྒོམ་ལ་སློབ་སྦྱོང་གནང་ནས་དགུང་ལོ་བཅུ་གསུམ་སྟེང་དཔལ་སྤུངས་ཤེས་རབ་གླིང་གི་སྒྲུབ་ཁང་དུ་བཞུགས། སྤྱི་ལོ།༢༠༡༡ལོར་རང་ཉིད་ཀྱི་དགོན་པ་ནས་གར་སོང་ཆ་མེད་བྱས་ནས་ལོ་བཞི་ཡི་རིང་ལ་ཧི་མ་ལ་ཡི་གངས་ཁྲོད་སུ་རྣལ་འབྱོར་པ་ཡི་འཚོ་བ་བསྐྱལ་ནས་བཞུགས། དེ་བཞིན་རང་ཉིད་ཀྱིས་སྒོམ་གྱི་ཉམས་ལེན་གནང་བ་དང་གཞན་ལ་སྒོམ་ཁྲིད་པ་མ་ཟད་ནུབ་ཕྱོགས་ནང་ཆོས་ཚན་རིག་གི་བགྲོ་གླེང་ལ་ཞུགས་ནས་ཕྱག་དེབ་གསུམ་<Turning confusion into clarity><The joy of living > <Joy ful wisdom >རྩོམ་གནང་ཡོད་པ་རེད།

 

དྲི་བ།

རིན་པོ་ཆེ་ང་ཚོའི་ལས་རིམ་ནང་དུ་ཕེབས་པར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཁྱེད་ལ་མཚོན་ན་རྒྱལ་སྤྱིའི་དྲན་པ་ཉེར་བཞག་གི་སྒོམ་དར་སྤེལ་གཏོང་མཁན་གཙོ་གྲས་ཤིག་ཡིན་པས་ཐོག་མར་དྲན་པ་ཉེར་བཞག་ནི་གང་འདྲ་ཞིག་ཡིན་པ་དང་། དྲན་པ་ཉེར་བཞག་གི་སྒོམ་དེ་དར་སྲོལ་ཆེ་ཆུང་གང་འདྲ་ཞིག་ཡོད་མིན་བཀའ་ལན་ཞིག་གནང་རོགས།

ལན། མི་འགྱུར་རིན་པོ་ཆེ།

དྲན་པ་ཉེར་བཞག་གི་སྒོམ་གྱི་ངོ་བོ་ནི་དྲན་པ་རེད། དྲན་པ་ལ། གཞུང་ལུགས་ཀྱི་དྲན་པ་དང་། མན་ངག་གམ་སྒོམ་ཉམས་ལེན་གྱི་དྲན་པ་གཉིས་ཡོད་རེད། སྒོམ་ཉམས་ལེན་གྱི་དྲན་པ་ནི་འདས་པའི་རྗེས་མི་བཅད། མ་འོངས་པའི་མདུན་མི་བསུ། ད་ལྟའི་ཚོར་བའམ་རྣམ་རྟོག་གང་ཡོད་པའི་ཐོག་ནས་སྤང་བླང་དགག་སྒྲུབ་གང་ཡང་མི་བྱེད་པར་སེམས་རང་བབས་བཞག་པ་དེ་ལ་དྲན་པ་ཟེར་བ་རེད། དཔེར་ན་ང་ཚོའི་ནམ་རྒྱུན་སེམས་དེ་འདས་པ་དང་མ་འོངས་པའི་རྗེས་སུ་ཤོར་ནས་ད་ལྟའི་ཐོག་ཏུ་གསལ་པོ་ཞིག་གནས་མི་ཐུབ་པས་འདས་མ་འོངས་གཉིས་ཀྱིས་ད་ལྟ་བ་སྒྲིབ་འགྲོ་བ་རེད། ང་ཚོས་སློབ་སྦྱོང་དང་ལས་ཀ་བྱེད་པའམ་ཡང་ན་ཉིན་རེའི་འཚོ་བའི་ནང་གི་དོན་དངོས་ཀྱི་གནས་ཚུལ་གསལ་པོར་མ་མཐོང་པས་དཀའ་ངལ་མང་པོ་ཞིག་འབྱུང་བཞིན་ཡོད་རེད། སེམས་པ་ད་ལྟ་བར་རང་བབས་བཞག་ན་ཡུལ་གྱི་གནས་ཚུལ་གསལ་པོར་མཐོང་བ་དང་སེམས་ཞི་བ་ཡོང་བར་མ་ཟད་སེམས་བཏང་འགྲོ་བཞག་སྡོད་ལ་རང་དབང་ཐོབ་པར་འགྱུར་གྱིན་ཡོད་རེད།

དྲི་བ།

བོད་མིའི་བསམ་བློ་ནང་སྒོམ་ནི་གནས་ཚད་མཐོན་པོ་རྣལ་འབྱོར་པ་དང་གྲུབ་ཐོབ་རྣམས་ཀྱིས་མ་གཏོགས་སྒོམ་ཐུབ་རྒྱུ་ཞིག་མ་རེད་བསམ་པ་དེ་འདྲ་ཞིག་ཡོད་རེད། ཨ་རི་ལྟ་བུ་ཡིན་ན་ཚོང་པ་དང་ཉེན་རྟོག་པ་མཐའ་ན་བཙོན་ཁང་ནང་དུ་ཡང་སྒོམ་བརྒྱབ་རྒྱུ་དར་སྲོལ་ཧ་ཅང་ཆེན་པོ་བྱེད་ཀྱིན་འདུག མ་ཟད་དེ་རིང་འདི་ནས་རིན་པོ་ཆེ་ལ་བཅར་འདྲི་ཞུ་སྐབས་བརྙན་འཕྲིན་ལྟ་མཁན་མང་པོ་ཞིག་ཡོད་པའི་ནང་ནས་སྒོམ་སྦྱོང་འདོད་ཡོད་མཁན་མང་པོ་ཞིག་ཡོད་རྒྱུ་རེད། ལས་དང་པོ་པ་ཞིག་གིས་སྒོམ་སྦྱོང་དུས་གང་འདྲ་ཞིག་བྱ་དགོས་མིན་སྒོམ་ཁྲིད་མདོར་བསྡུས་ཤིག་གསུང་རོགས།

ལན། མི་འགྱུར་རིན་པོ་ཆེ།

སྤྱིར་བཏང་སྒོམ་ལ་རིམ་པ་མང་པོ་ཡོད་རེད། ཡིན་ན་ཡང་། སྒོམ་གྱི་གཞི་དེ་སུས་ཡིན་ན་བསླབ་ཆོག་རེད། དཔེར་ན་ཞི་གནས་དང་ལྷག་མཐོང་གཉིས་ཡོད་རེད། ཞི་གནས་ལྟ་བུ་ཡིན་ན་ནང་པ་ཡིན་དགོས་པས་ངེས་པའང་ཡོད་མ་རེད། ཞི་གནས་ནི་ཕྱི་ནང་ཐུན་མོང་གི་སྒོམ་ཞིག་རེད། སྤྱིར་སྒོམ་གྱི་ཐབས་ལམ་འདྲ་མིན་མང་པོ་ཡོད་རེད། ཡིན་ན་ཡང་། ལས་སླ་པོ་ཞིག་བཤད་ན། དྲན་པ་ནི་མིག་གི་ཡུལ་དུ་གཟུགས། རྣ་བའི་ཡུལ་དུ་སྒྲ། སྣའི་ཡུལ་དུ་དྲི། ལྕེའི་ཡུལ་དུ་རོ། ལུས་ཀྱི་ཡུལ་དུ་རེག་བྱ། སེམས་ཀྱི་ཡུལ་དུ་རྣམ་རྟོག་ཉོན་མོངས་པ་དག་གང་ལའང་དྲན་པ་མ་གཡེང་པར་བལྟ་བ་ཡིན་ན་དེའི་ཡུལ་ཆ་ཚང་སེམས་མ་གཡེང་པའི་རྟེན་དུ་གྱུར་ནས་སྒོམ་གྱི་ཡུལ་དུ་གྱུར་བ་རེད། དཔེར་ན་རྒྱུག་ཆུ་འབབ་པ་ཞིག་ལ་ལྟ་ཐུབ་པ་ཡིན་ན་རང་ཉིད་རྒྱུག་ཆུའི་ནང་དུ་ལྷུང་ནས་ཁུར་ཐུབ་གྱིན་མེད་པའི་རྟགས་རེད། རྒྱུག་ཆུའི་ནང་དུ་ལྷུང་ནས་ཁུར་འགྲོ་བཞིན་ཡོད་ན་རྒྱུག་ཆུ་ལ་ལྟ་ཐུབ་གྱིན་མེད་པའི་རྟགས་རེད། དེ་ནང་བཞིན་དྲན་པ་ལ་ཕན་ཐོགས་དང་ནུས་པ་ཆེན་པོ་ཡོད་རེད། དྲན་པའི་ངོ་བོའི་དབང་དུ་བྱས་ན་དྭངས་ཤིང་གཙང་ལ་དྲི་མ་མེད་པ་རེད། ཕྱོགས་གཞན་ནས་བཤད་ན་ནམ་མཁའ་ལྟ་བུ་རེད། ནམ་མཁའ་ལ་སྐབས་རེ་སྨུག་པ་དང་སྤྲིན་པ་འཁྲིགས་རྒྱུ་རེད་ལ་འཇའ་ཡང་ཤར་རྒྱུ་རེད། སྐབས་རེ་ནམ་མཁའ་གཡའ་དག་ནས་སྤྲིན་དང་བྲལ་བ་འགྱུར་འགྲོ་བ་རེད། གང་ལྟར་ནམ་མཁའ་རང་གི་ངོ་བོར་འགྱུར་བ་མེད་པ་ལྟ་བུ་རེད།

དཔེར་དེ་བཞིན་དྲན་པ་རང་གི་ངོ་བོར་འགྱུར་བ་མེད་ཀྱང་དྲན་པ་ངོས་ཟིན་པ་ལ་རྩལ་སྦྱངས་ནས་ཡུལ་འདྲ་མིན་བརྟེན་དགོས་པ་ཡོང་གིན་ཡོད་རེད། ཐབས་ལམ་སྟབས་བདེ་པོ་ཞིག་ཞུས་ན། མ་ཎི་ཡིད་བཟླས་བྱ་རྒྱུ་དེ་ཧ་ཅང་ཡག་པོ་ཞིག་འདུག ང་ཚོ་བོད་མི་ཞིག་ཡིན་དུས་མ་ཎི་མི་ཤེས་མཁན་མེད་པས་མ་ཎི་ཡིད་བཟླས་བྱ་རྒྱུ་དེ་ཡག་པོ་ཞིག་འདུག ཡིད་བཟླས་ནི་མཆུ་དང་ལྕེ་མ་འགུལ་པར་མ་ཎི་ཡིད་ཀྱིས་བཟླས་པ་ལ་ཟེར་བ་རེད། དེ་འདྲ་ཡིད་བཟླས་བྱ་ཐུབ་པ་ཡིན་ན་ཕྱོགས་གཅིག་ནས་སྒོམ་རྒྱག་པའི་ཕན་ཡོན་དང་ཕྱོགས་གཞན་ནས་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡིད་བཟླས་བྱས་ན་ཁ་ནས་འདོན་པ་ལས་ཀྱང་ཕན་ཡོན་ཆེན་པོ་ཡོད་རེད། ནམ་རྒྱུན་མང་པོ་ཞིག་གིས་ཁ་ནས་མ་ཎི་འདོན་ཞོར་སེམས་ཀྱིས་འཛམ་གླིང་སྐོར་བ་བརྒྱབ་ན་ཕན་ཐོག་ཆེན་པོ་དེ་ཙམ་ཡོད་ས་མ་རེད།
མ་ཎི་ཡིད་བཟླས་བྱ་ཐུབ་པ་ཡིན་ན་ཧ་ཅང་ཡག་པོ་འདུག་དྲན་གྱིན་འདུག

དྲི་བ།

དུས་རབས་ཉེར་གཅིག་པའི་སྐབས་འདིར་རྣལ་འབྱོར་པའི་འཚོ་བ་བསྐྱལ་རྒྱུ་དེ་ཧ་ཅང་ཁག་པོ་ཞིག་ཡིན་པས་རིན་པོ་ཆེ་མཆོག་ཉིས་སྟོང་བཅུ་གཅིག་ནས་བཅུ་བཞིའི་ལོ་འཇུག་བར་ལོ་བཞི་ཙམ་རིང་ལ་གར་སོང་ཆ་མེད་བྱས་ནས་ཧི་མ་ལའི་གངས་འདབས་ནས་རྒྱ་གར་གྱི་གྲོང་གསེབ་དང་གྲོང་རྡལ་གྱི་སྲང་ལམ་ཉུལ་ནས་གནས་ངེས་མེད་ཀྱི་རྣལ་འབྱོར་པའི་འཚོ་བ་བསྐྱལ་འདུག་པས། དེ་འདྲའི་རྣལ་འབྱོར་པའི་འཚོ་བ་བསྐྱལ་དགོས་བསམ་པའི་ཀུན་སློང་གང་འདྲ་ཞིག་གི་རྐྱེན་གྱིས་སྐྱེ་བྱུང་ངམ། ལོ་བཞིའི་ཉམས་རྟོགས་གང་འདྲ་ཞིག་སྐྱེས་བྱུང་།

ལན། མི་འགྱུར་རིན་པོ་ཆེ།

རྣལ་འབྱོར་པ་ཟེར་ན་འདྲ་དེ་འདྲ་ཞིག་བྱས་ནས་འགྲོ་བཞག་པ་རེད། སྤྱིར་བཏང་ང་རང་ཆུང་དུས་ནས་བྲག་ཕུག་དང་རི་ལ་འགྲོ་རྒྱུ་ཧ་ཅང་དགའ་པོ་ཡོད་རེད། དཔེར་ན་ང་ལོ་བརྒྱད་སྐབས་སུ་སེམས་ནང་དངངས་འཚབ་ནད་ཅིག་བྱུང་ནས། དེས་རྐྱེན་བྱས་ནས་སྒོམ་ལ་དོ་སྣང་སླེབས་པ་རེད། ངའི་ཨ་ཕ་དང་པོ་བོ་རྨོ་རྨོ་ཆ་ཚང་གིས་སྒོམ་རྒྱག་བཞིན་ཡོད་རེད། ང་རང་ལ་མ་ཎི་ཡིད་བཟླས་དེས་ཧ་ཅང་ཕན་ཐོགས་བྱུང་། ང་རང་སྐྱེ་ས་བལ་ཡུལ་གངས་རི་སྤུན་ཉེ་ཟེར་བ་དེ་རེད། འཛམ་བུ་གླིང་ནང་ནས་རི་མཐོ་ཤོས་ཨང་བརྒྱད་པ་དེ་རེད། གངས་རིའི་དེའི་རྩར་ང་ཚོའི་གྲོང་ཚོ་ཡོད་རེད། གྲོང་ཚོའི་གཡས་གཡོན་དུ་བྲག་ཕུག་མང་པོ་ཡོད་རེད། སྐབས་རེ་བྲག་ཕུག་ནང་དུ་བྲོས་ནས་སྒོམ་རྒྱག་ཁུལ་བྱེད་ཀྱིན་ཡོད་རེད། དེ་དུས་སྒོམ་ཟེར་བ་གང་ཡིན་ཤེས་ཀྱིན་ཡོད་མ་རེད། སེམས་ནང་མ་ཎི་འདོན་ནས་གཅིག་བྱེད་ཡོད་བསམ་པ་འདྲ་བ་ཞིག་བྱུང་ནས་དེ་འདྲ་བྱས་པ་རེད། དེ་དུས་བྱིས་པ་ཡིན་པས་ཅི་ཡང་ཤེས་ཀྱིན་ཡོད་མ་རེད། ཕྱིས་སུ་ལོ་གསུམ་ཙམ་ལ་མཚམས་ལ་བསྡད་ནས་ཉམས་ལེན་ཅུང་ཙམ་བྱས་པ་རེད། ཁྲིད་དང་གདམས་ངག་མང་པོའི་ནང་ལ་གནས་ངེས་མེད་ཅུང་ཙམ་འགྲོ་ཐུབ་ན་ཡག་པོ་ཡོད་པའི་གནས་ཚུལ་མང་པོ་ཞིག་སེམས་ནང་དུ་ངེས་བྱུང་བས་རྒྱུ་མཚན་དེ་དག་ལ་བརྟེན་ནས་འགྲོ་དགོས་དྲན་བྱུང་། ཡིན་ན་ཡང་། ཐག་གཅོད་མ་ཐུབ་པར་དེ་འདྲའི་ངང་ནས་ལོ་མང་པོ་ཞིག་ལུས་པ་རེད། མཐའ་མར་ཐག་བཅད་ནས་ཁང་པ་དང་སྒོར་མོའི་མཐུན་རྐྱེན་དང་གྲོགས་སོགས་གང་ཡང་མེད་པར་བྱས་ནས་སོང་བ་ཡིན།

དྲི་བ།

སྔོན་མི་ལ་རས་པའི་དུས་སྐབས་ཡིན་ན་འཚོ་བ་སོགས་ཕལ་ཆེར་འགྲིག་འགྲོ་བ་རེད་དྲན་གྱིན་འདུག དེང་སང་དུས་རབས་འདི་ལྟ་བུ་ཞིག་ལ་མི་ཚང་མ་ཁང་པ་མེད་པ་འདུག་ཐུབ་རྒྱུ་མ་རེད་ལ་རླངས་འཁོར་མེད་པར་འགྲོ་ཐུབ་རྒྱུ་མ་རེད། རིན་པོ་ཆེ་ལོ་བཞི་ཙམ་རིང་ལ་དགུན་དུས་སུ་རྒྱ་གར་གྱི་གྲོང་གསེབ་ཉུལ་ནས་ཕེབས་འདུག་ལ་དབྱར་དུས་སུ་ཧི་མ་ལ་ཡའི་གངས་ཁྲོད་དུ་བཞུགས་ནས་ལོ་བཞིའི་འཚོ་བ་དེ་གང་འདྲ་ཞིག་བྱས་ནས་བསྐྱལ་བ་ཡིན་ནམ། ཐ་ན་ནད་འདྲ་བྱུང་དུས་གང་འདྲ་བྱས་ནས་འཚོ་ཐུབ་པ་རེད་དམ།

ལན། མི་འགྱུར་རིན་པོ་ཆེ།

རྡོ་རྗེ་གདན་དུ་ངའི་དགོན་པ་ཞིག་ཡོད་རེད། སྤྱིར་བཏང་ང་ལོ་གསུམ་ལ་མཚམས་ལ་འདུག་རྒྱུ་ཡིན་ཟེར་ནས་བཤད་པ་ཡིན། ཡིན་ན་ཡང་། དངོས་གནས་འཆར་གཞི་དེ་སུ་ལའང་བཤད་མེད། དེ་བཤད་པ་ཡིན་ན་ངོ་ཤེས་ཆོས་གྲོགས་མི་མང་པོ་ཞིག་གིས་མ་འགྲོ་ཟེར་ནས་དགག་རྒྱུ་རེད་དྲན་ནས་སུ་ལའང་བཤད་མེད། ཐ་ན་ནང་མི་ལའང་བཤད་མེད། མཚན་ཞིག་ལ་རྡོ་རྗེ་གདན་གྱི་ང་རང་དགོན་པ་ནས་གཅིག་པུ་སོང་བ་ཡིན། Gayaནས་མེ་འཁོར་འཛིན་ཞིག་ཉོས་ནས་ཝཱ་རཱ་ཎ་སཱི་ལ་སོང་བ་ཡིན། ཝཱ་རཱ་ཎ་སཱིའི་མེ་འཁོར་འབབ་ཚུགས་སུ་འབྱོར་འཕྲལ་འབབ་ཚུགས་ཐང་སྟེགས་སུ་བསྡད་པ་ཡིན། དེ་འདྲ་བསྡད་དུས་འདུག་སའི་གདན་དང་ཁང་པ་དམིགས་གསལ་ཡོད་མ་རེད། དང་པོ་ནས་སེམས་ནང་གྲ་སྒྲིག་ཡོད་པས་དེ་ཚོ་ཡོད་མེད་ཁྱད་པར་དེ་ཙམ་མི་འདུག ཡིན་ན་ཡང་། ད་སྔོན་མི་ཚེའི་ནང་ལམ་ནང་དུ་ཆུ་ཚོད་ཕྱེད་ཀ་ཙམ་ཡང་བསྡད་མྱོང་མེད་པས་དོན་དག་མེད་སར་མི་ཆ་ཚང་གིས་ང་ལ་ལྟ་བཞིན་འདུག་བསམ་པའི་ངོ་ཚའི་ཚོར་སྣང་མི་བདེ་པ་ཞིག་སྐྱེས་ཀྱིན་འདུག མེ་འཁོར་འབབ་ཚུགས་ལ་དེབ་འདྲ་མིན་བཙོང་སའི་ཚོང་ཁང་ཞིག་འདུག་པ་དེའི་ནང་དུ་རྒྱ་གར་གྱི་ས་ཁྲ་ཞིག་རག་བྱུང་། དེའི་ནང་དུ་བལྟས་པས་གནས་རྩ་ཆེན་པོ་དང་ས་གནས་གལ་ཆེན་པོའི་མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར་འགྲོ་གནས་ས་ཁྲ་འདུག་པས་རྩྭ་མཆོག་གྲོང་དུ་སོང་པ་ཡིན། རྡོ་རྗེ་གདན་ནས་ཡོང་ཁར་རྒྱ་གར་སྒོར་མོ་སྟོང་ཕྲག་དྲུག་ཙམ་འཁྱེར་ཡོད། རྩྭ་མཆོག་གྲོང་དུ་རྒྱ་གར་གྱི་མགྲོན་ཁང་རིན་གོང་ཆུང་ཆུང་ཞིག་འདུག་པས་མགྲོན་ཁང་དེའི་ནང་དུ་ཉལ་ཁྲི་ཞིག་གླས་ནས་བདུན་ཕྲག་གསུམ་ཙམ་བསྡད་པ་ཡིན། བདུན་ཕྲག་གསུམ་ཚར་རྗེས་སྒོར་མོ་ཆ་ཚང་རྫོགས་བྱུང་བས་རྩྭ་མཆོག་གྲོང་དུ་སངས་རྒྱས་སྐུ་གདུང་མེ་མཆོད་འབུལ་སའི་མཆོད་རྟེན་ཞིག་འདུག་པ་དེའི་ལྕགས་རི་ཕྱི་རོལ་དུ་བསྡད་པ་ཡིན། སྒོར་མོ་ཆ་ཚང་རྫོགས་ཚར་བའི་ཟ་མ་ཡང་རག་གིན་མི་འདུག་པས་སྔོན་མ་སྒོར་མོ་ཅུང་ཙམ་ཡོད་སྐབས་ཟ་མ་བཟའ་བར་འགྲོ་སའི་ཟ་ཁང་ཆུང་ཆུང་ཞིག་ཡོད་པའི་ཟ་ཁང་སྦྱིན་བདག་དེ་ལ། ངའི་སྒོར་མོ་ཆ་ཚང་རྫོགས་སོང་བས་ཟ་མ་རག་གིན་མི་འདུག་པས་ཟས་ལྷག་ཅུང་ཙམ་སྤྲད་རོགས་ཅེས་བཤད་པའི་ཟས་ལྷག་སྤྲད་རྒྱུ་ཁས་ལེན་བྱས་སོང་། ཟས་ལྷག་ལེན་དུ་དགོང་མོར་ཤོག་ཅེས་བཤད་བྱུང་། ཟས་ལྷག་དེ་བཟས་པས་ཕོ་བ་ན་ནས་སྐྱུག་པ་མང་པོ་སྐྱུག་བྱུང་བས་ཁྲོན་ཆུ་མང་པོ་བཏུང་བ་ཡིན།

ཉིན་གསུམ་ཙམ་རྗེས་ནས་གཟུགས་པོའི་ནུས་པ་ཆ་ཚང་རྫོགས་ནས་ཡར་ལངས་སྐབས་རྐང་ལག་འདར་ནས་ལངས་མི་ཐུབ་པ་བྱེད་ཀྱིན་འདུག ཉིན་བཞི་པའི་ཉིན་དེར་སེམས་ནང་ཤི་འགྲོ་ས་རེད་དྲན་པས་དངངས་འཚབ་སྐྱེས་བྱུང་། ད་དགོན་པ་ལོག་དགོས་སམ་མུ་མཐུད་ནས་དེ་ལ་བསྡད་དགོས་སམ་དྲན་བྱུང་། གལ་སྲིད་དེ་ན་བསྡད་པ་ཡིན་ན་ཤི་འགྲོ་ས་རེད་དྲན་ནས་ཆུ་ཚོད་གཉིས་ཙམ་ལ་སེམས་ནང་དངངས་འཚབ་ཧ་ཅང་ཆེན་པོ་བྱུང་། མཐའ་མར་གང་འདྲ་བྱུང་ན་ཕར་མི་ལོག་པ་དེར་འདུག་རྒྱུའི་ཐག་བཅད་པ་ཡིན། ཐག་བཅད་ཚར་དུས་སེམས་ཅུང་ཙམ་ལྷོད་ལྷོད་གྱུར་སོང་།

དེའི་མཚན་རྒྱབ་ཆུ་ཚོད་གཉིས་པ་ཙམ་ལ་གཟུགས་པོའི་ནུས་པ་ཉམས་ནས་མིག་གིས་གཟུགས་མི་མཐོང་བ་དང་རྣ་བས་སྒྲ་མི་ཐོས་པ་གྱུར་ནས་གཟུགས་པོ་ཧྲང་བྱུང་། སེམས་པ་ཧ་ཅང་དྭངས་གཙང་གྱུར་བྱུང་བས་དེ་ནས་སྒོམ་གང་ཐུབ་བརྒྱབ་པ་ཡིན། མར་ལྷུང་འགྲོ་བའི་ཚོར་སྣང་མང་པོ་ཞིག་སྐྱེས་བྱུང་། མཐའ་མ་དེར་འཇམ་ཐིང་ངེར་ལྷོད་ཤིག་གེར་ཧ་ཅང་གུ་ཡངས་པོ་སེམས་དྭངས་མ་གཙང་མ་ཆུ་ཚོད་གསུམ་བཞི་ཙམ་གྱུར་སོང་། ཞོགས་པ་ཆུ་ཚོད་བདུན་པ་ཙམ་ལ་ད་ཤི་བའི་དུས་ལ་བབ་མི་འདུག་བསམ་པའི་ཚོར་སྣང་ཞིག་སྐྱེས་ནས། ཚོར་སྣང་དེ་ཤུགས་ཆེ་རུ་གྱུར་ནས་མིག་གིས་གཟུགས་དང་རྣ་བས་སྒྲ་ཐོས་པ་གྱུར་ཏེ། གཟུགས་པོ་ཡངས་པོ་དང་སེམས་ཧ་ཅང་སྐྱིད་པོ་གྱུར་ནས་སྔོན་ལམ་ཁར་བསྡད་དུས་སེམས་མི་བདེ་བ་དེ་དག་མེད་པ་གྱུར་འདུག ཤིང་སྡོང་དེ་ཚོའི་ལོ་འདབ་ལྗང་གུ་དེ་དག་རླུང་གིས་ཕར་གཡོ་ཚུར་གཡོ་བྱེད་ནས་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་རེད་འདུག ཁ་ཧ་ཅང་སྐོམ་གྱིན་འདུག་པས་ཁྲོན་ཆུ་བཏུང་བར་ཕྱིན་པས་གོམ་པ་གཉིས་ཙམ་རྒྱག་སྐབས་རིལ་སོང་འདུག དྲན་པ་ཡར་སོས་སྐབས་སྨན་ཁང་ཆུང་ཆུང་ཞིག་གི་ནང་དུ་གནམ་ཁབ་བརྒྱབས་ནས་བཞག་འདུག སྨན་པ་ཡང་གཉིད་ཁུག་འདུག

དྲི་བ།

ལགས་སོ། རིན་པོ་ཆེ་དཀའ་ངལ་དེ་འདྲ་ཞིག་འཕྲད་ཀྱང་དགོན་པར་ལོག་ཕེབས་མི་འདུག སྔོན་ཆད་རིན་པོ་མཆོག་དཔལ་སྤུངས་ཤེས་རབ་གླིང་གི་སྒྲུབ་ཁང་དུ་ལོ་གསུམ་ཙམ་ལ་སྐུ་ངལ་འཛེམས་མེད་བྱས་ནས་ཉམས་ལེན་གནང་འདུག སྔོན་ཆད་སྒྲུབ་ཁང་དུ་བཞུགས་སྐབས་དང་ཕྱིས་སུ་རྣམ་འབྱོར་པའི་འཚོ་བ་བསྐྱལ་སྐབས་གཉིས་ཀྱི་བར་ཉམས་རྟོགས་མི་འདྲ་བ་ཅི་ཞིག་བྱུང་ངམ།

ལན། མི་འགྱུར་རིན་པོ་ཆེ།

དཔལ་སྤུངས་ཤེས་རབ་གླིང་དུ་ང་རང་གི་རྩ་བའི་བླ་མ་བྱམས་མགོན་སི་ཏུ་རིན་པོ་ཆེའི་གདན་སར་ལོ་གསུམ་མཚམས་ལ་བསྡད་པ་རེད། ལོ་གསུམ་མཚམས་ལ་བསྡད་རྒྱུ་དེ་ཉམས་ལེན་གྱི་རིམ་པ་ཡིན་ན་སྔོན་འགྲོ་ནས་དངོས་གཞིའི་བར་ཉམས་ལེན་གནང་རྒྱུ་དེ་རེད། དེ་ནི་ཉམས་ལེན་སྦྱོང་རྒྱུ་འདྲ་པོ་ཞིག་རེད། དངོས་གནས་ངེས་མེད་དུ་འགྲོ་རྒྱུ་དེ་ཉམས་ལེན་བོག་འདོན་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་རེད། ཕྱོགས་གཅིག་ནས་བལྟས་པ་ཡིན་ན་གནས་ངེས་མེད་འགྲིམ་རྒྱུ་དེ་ཧ་ཅང་ཁག་པོ་རེད། འཚོ་གནས་སོགས་ངེས་བརྟན་མེད་པས་ཧ་ཅང་ཁག་པོ་ཡོད་རེད། ང་རང་ཡིན་ན་ལོ་བཞི་དང་ཕྱེད་ཙམ་རིང་དཀའ་ངལ་མང་པོ་འཕྲད་ཀྱང་ཉམས་ལེན་ཅུང་ཙམ་བྱས་ནས་བསྡད་ཐུབ་པ་རེད། ནམ་རྒྱུན་ང་རང་གི་གྲོགས་པོ་དག་ལ་བཤད་ཀྱིན་ཡོད་ང་རང་མི་ཚེའི་ནང་དུ་སྐྱིད་ཤོས་ཀྱི་དུས་ཚོད་དེ་གནས་ངེས་མེད་འགྲིམས་པའི་དུས་ཚོད་དེ་ལ་བྱུང་ཟེར་ནས་བཤད་ཀྱིན་ཡོད། སྒོམ་གྱི་བོག་འདོན་ལ་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་ལ། ང་རང་ལ་རྗེས་སུ་ཡི་རངས་ཀྱིས་སྤོབས་པ་དང་དགའ་བ་སྐྱེ་དགོས་པ་ཞིག་བྱུང་སོང་།

དྲི་བ།

རིན་པོ་ཆེ་མཆོག་གིས་ད་ལྟ་ཨ་རི་དང་དེ་མིན་འཛམ་གླིང་ཡུལ་གྲུ་མང་པོ་ཞིག་ལ་ཕེབས་ནས་བརྙན་འཕྲིན་ཁག་ནང་དུ་དབྱིན་སྐད་ཐོག་ཏུ་སྒོམ་གྱི་འཁྲིད་ཐབས་གསུང་པ་ཞིག་ངས་ཉན་པ་ཡིན། ཁྱེད་ཀྱིས་གཙོ་བོ་དེ་ལྟ་སྒོམ་སྤྱོད་གསུམ་ཡ་མ་བྲལ་བ་ཞིག་དགོས་རེད་ཟེར་ནས་ནན་པོ་ཞིག་བྱེད་ནས་གསུང་གིན་འདུག ལྟ་སྒོམ་སྤྱོད་གསུམ་གང་ཡིན་པ་དང་ཡ་བྲལ་བ་ཡིན་ན་སྐྱོན་གང་ཡོད་པ་ཞིག་གསུངས་རོགས།

ལན། མི་འགྱུར་རིན་པོ་ཆེ།

ལྟ་བ་ནི། ཡུལ་གྱི་གནས་ལུགས་བདེན་པ་ཤེས་པ་དེ་ལྟ་བ། སྒོམ་པ་ནི། ཡུལ་གྱི་གནས་ལུགས་བདག་མེད་པ་སོགས་ཤེས་ནས་རྒྱུན་བསྐྱངས་ནས་དྲན་པ་རྟེན་པ་ནི་སྒོམ་པ། ལྟ་བ་དང་སྒོམ་པ་གཉིས་ཉིན་རེའི་མི་ཚེའི་ནང་སྦྱར་ནས་ཡང་དང་ཡང་དུ་ཉམས་ལེན་གནང་བ་དེ་ལ་སྤྱོད་པ། དེང་སང་མི་མང་པོ་ཞིག་གིས་སྒོམ་ཟེར་ནས་ཉམས་ལེན་གང་ཐུབ་གནང་ནས་ལྟ་བ་ཡང་དེ་ཙམ་མེད། ཉིན་རེའི་མི་ཚེའི་ནང་དུ་རྐྱེན་ངན་ཉོན་མོངས་པ་བྱུང་དུས་སྒོམ་བརྗེད། གཞན་གདན་སྐྱིད་པོ་ཞིག་གི་ཐོག་ཏུ་བསྡད་ནས་གནམ་གཤིས་ཡག་པོ་ཡོད་དུས་སྒོམ་རྒྱག་གི་ཡོད་རེད། གདན་དེ་ནས་ཡར་ལངས་ཚར་རྗེས་ཞེ་སྡང་དང་ཁོང་ཁྲོ་སོགས་སྔ་མ་ནང་བཞིན་སྐྱེས་ནས། ཟིང་ཆ་ཅུང་ཙམ་ཡོད་དུས་ནས་མི་དགའ་བ་གྱུར་ཏེ་མི་ལ་དམའ་འབེབས་དང་གཤེ་གཤེ་གཏོང་བ་སོགས་བྱས་པ་ཡིན་ན་ལྟ་སྒོམ་ཡ་བྲལ་སོང་བ་རེད། ལྟ་སྒོམ་སྤྱོད་གསུམ་ཡ་མ་བྲལ་བ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ལྟ་བ་གཏན་ལ་ཕབས་ནས་དེའི་རྒྱུན་མ་ཡེངས་པར་བསྐྱང་རྒྱུ་དེ་སྒོམ་པ་མཐའ་མ་སྤྱོད་པ་ནི་འབེན་གྱི་སྟེང་དུ་མདའ་ཕོག་ཐུབ་པ་ནང་བཞིན་ཉོན་མོངས་དང་སྡུག་བསྔལ་གྱི་སྟེང་དུ་རང་ཉིད་ཀྱིས་ཉམས་ལེན་བྱེད་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད་འདུག

དྲི་བ།

རིན་པོ་ཆེ་རང་ཉིད་ཀྱིས་སྒོམ་རྒྱག་པ་དང་གཞན་ལ་བསླབ་པ་གཅིག་པུ་མ་ཡིན་པ་ཚན་རིག་པ་དང་འབྲེལ་བ་བྱུང་ནས་རིན་པོ་ཆེའི་དབུ་ལ་བརྟགས་དཔྱད་འཕྲུལ་ཆས་མང་པོ་ཞིག་མནབས་པའི་པར་མང་པོ་མཐོང་རྒྱུ་འདུག རིན་པོ་ཆེ་ཚན་རིག་པའི་མདུན་དུ་སྒོམ་བརྒྱབས་ནས་ཀླད་པ་བརྟག་དཔྱད་གནང་སྐབས་ཁོ་རང་ཚོས་སྔར་དང་མི་འདྲ་བར་གསར་རྙེད་གང་འདྲ་བྱུང་སོང་ལབ་ཀྱིན་འདུག་གམ།

ལན། མི་འགྱུར་རིན་པོ་ཆེ།

ཉིས་སྟོང་ཐམ་པ་ལ་བླ་མ་བདག་ཉིད་ཆེན་པོའི་སྐུ་མདུན་ལ་ཚན་རིག་གི་ཚོགས་འདུ་ཚོགས་པ་རེད། བླ་མ་བདག་ཉིད་ཆེན་པོས་བཀའ་སློབ་གནང་ནས་ནམ་རྒྱུན་ང་རང་ཚོ་ནང་པའི་ནང་དུ་དྲན་པ་ཉེར་བཞག་གི་ཉམས་ལེེན་ཧ་ཅང་རྩལ་ཆེན་པོ་སེམས་ལ་ཕན་པ་མི་ཚེ་ལ་ཕན་པ་གཞན་སེམས་ཅན་མང་པོ་ཕན་ཐོགས་པའི་རྒྱུན་ཉམས་པ་མེད་པ་ཞིག་ཡོད་རེད། ཆ་ཚང་མིན་ན་དེ་དག་ཁ་ཤས་སྤྱི་ཁྱབ་དུ་སྤེལ་ཐུབ་ན་ཧ་ཅང་གལ་ཆེན་པོ་འདུག་གསུང་ནས་བཀའ་གནང་བ་རེད། མང་པོ་ཞིག་རིམ་པའི་ཉམས་ལེན་མ་གནང་ན་ཡོང་གྲགས་ཁྱབ་སྤེལ་བྱ་ཆོག་པ་མ་རེད། ཡིན་ན་ཡང་། དེ་དག་ནང་ནས་ཉམས་ལེན་གནང་ཆོག་པའི་རིགས་མང་པོ་ཞིག་ཡོད་རེད། དཔེར་ན་ཞི་གནས་ཚད་མེད་བཞི་བདག་མེད་དང་མི་རྟག་པའི་དོན་སོགས་མང་པོ་ཞིག་ཡོད་རེད། བཀའ་སློབ་དེ་དག་སེམས་ནང་བཞག་པ་ཡིན། ང་རང་ཆུང་ཆུང་ནས་ཚན་རིག་ལ་དགའ་མོས་ཆེན་པོ་ཡོད་རེད། ང་རང་ལོ་དགུ་ནས་ཀླད་ཁམས་ཀྱི་ཚན་རིག་པ་ཆེན་པོ་བལ་ཡུལ་སླེབས་ནས་ངོ་ཤེས་གྱུར་པ་རེད། ང་རང་ཨ་ཕའི་མདུན་དུ་སྒོམ་ཁྲིད་ཞུ་བར་ཡོང་དུས་ང་རང་གིས་ཁོང་ལ་ཀླད་པའི་སྐོར་དང་བཟའ་སྐར་གྱི་སྐོར་སོགས་མང་པོ་འདྲི་བཞིན་ཡོད། ཚན་རིག་རྡུལ་ཕྲའི་རིག་པ་དང་ནང་པའི་མི་རྟག་པ་རྡུལ་ཕྲན་ཆ་མེད་བདེན་སྟོང་སོགས་དེང་སང་མང་པོ་ཞིག་ཞིབ་བསྡུར་བྱ་བཞིན་ཡོད་རེད། ཚན་རིག་པ་དག་གིས་ཕྱོགས་གཅིག་བདེན་མེད་བཏན་ལ་ཕབ་ནུས་ཀྱང་སྣང་བ་རྟེན་འབྲེལ་གཏན་ལ་ཕབ་མི་ཤེས་མཁན་མང་པོ་ཡོང་གིན་འདུག ཡིན་ན་ཡང་། དོན་དག་ཕྱོགས་རེ་རེ་ནས་བསམ་བློ་གཏོང་བ་ཡིན་ན་ཧ་ཅང་ཞིབ་ཕྲ་གཏན་ལ་ཕབ་མཁན་མང་པོ་འདུག དེ་མིན་སེམས་ཀྱི་འགྲོ་ཚུལ་ཡུལ་འཛིན་སྟངས་སྣར་བ་ཤར་ཚུལ་སོགས་ཀླད་ཁམས་རིག་པ་བ་དག་ཧ་ཅང་ཡག་པོ་ཡོད་རེད། ང་རང་དེའི་ཕྱོགས་ལ་དོ་སྣང་ཆེན་པོ་ཡོད། ཕྱོགས་གཉིས་ནས་ཤེས་རྒྱུ་གཅིག་པ་ཡིན་ན་ཡང་སངས་རྒྱས་ཀྱིས་ལོ་ཉིས་སྟོང་སྔོན་ནས་ཆ་ཚང་ཞིག་གསུང་ཡོད་རེད། མང་པོ་ཞིག་བཤད་སྟངས་ཅུང་ཙམ་མི་འདྲ་བ་མ་གཏོགས་མཐའ་ཐུག་གི་བབ་ས་གཅིག་མཐོང་གིན་འདུག ཉིས་སྟོང་གསུམ་ནས་བླ་མ་བདག་ཉིད་ཆེན་པོའི་དགོངས་པ་གཞིར་བཞག་བྱས་ནས་ང་རང་ཞིབ་འཇུག་གི་རྟེན་བྱེད་པ་དང་བགྲོ་གླེང་བྱས་པ་རེད།

དྲི་བ།

རིན་པོ་ཆེ་མཆོག་ལ་མཚོན་ན་ཕྱོགས་མང་པོ་ཞིག་ནས་མཛད་རྗེས་ཡོད་མཁན་དེ་འདྲ་ཞིག་རེད། དཔེར་ན་རིན་པོ་ཆེ་མཆོག་གིས་ལྗགས་རྩོམ་དེབ་གསུམ་སྐད་རིགས་ཉི་ཤུ་ཙམ་ཐོག་ལ་བསྒྱུར་ཡོད་རེད། མི་ས་ཡ་མང་པོས་དགའ་མོས་བྱ་ཡུལ་གྱི་དེབ་གསུམ་དུ་གྱུར་ཡོད་རེད། དེབ་དེ་གསུམ་གྱི་བརྗོད་བྱ་གཙོ་བོ་གང་ཡིན་ནམ།

ལན། མི་འགྱུར་རིན་པོ་ཆེ།

དེབ་དང་པོ་དེ་བོད་སྐད་དུ་བསྒྱུར་བ་ན་<དགའ་བའི་འཚོ་བ། >ཟེར་བ་རེད། དོན་དག་གཙོ་བོ་མི་མང་པོ་ཞིག་གིས་སྒོམ་ཉམས་ལེན་བྱེད་ན་ཡང་འདྲ་སེམས་ནང་གང་དྲན་བཞིན་ཡོད་རེད་ཅེ་ན། སེམས་ནང་ལ་སྡུག་བསྔལ་མང་པོ་ཞིག་ཡོད་རེད། སྐབས་རེ་ལ་སྡུག་བསྔལ་ཆུང་ཆུང་ཞིག་གིས་ཆེན་པོ་ཞིག་བཟོས་ནས་སྙིང་མི་བདེ་བ་ཁམས་མི་དྭངས་བ་མང་པོ་གྱུར་འགྲོ་གི་རེད། དེ་འདྲ་གྱུར་བ་བརྟེན་ནས་ནང་མི་བཟའ་ཚང་ཕན་ཚུན་ལ་རྙོག་དྲ་དང་ལས་ཁུང་ནང་དུ་རྙོག་དྲ་ཡོང་བ་དང་། རྒྱ་ཆེན་པོར་བཤད་ན་སྤྱི་ཚོགས་ལ་དམག་འཁྲུག་འཐབ་རྩོད་རྐུ་འཕྲོག་བཅོམ་གསུམ་མང་པོ་ཞིག་ཡོང་གི་ཡོད་ས་རེད། ནམ་རྒྱུན་ང་རང་གི་སེམས་དེ་སྤྲེའུ་སྨྱོན་པ་ལྟ་བུ་རེད་བཤད་ཀྱིན་ཡོད། སྤྲེའུ་སྨྱོན་པ་ཞིག་ཚོང་ཁང་དུ་བཞག་པ་ཡིན་ན་ཚོང་ཁང་ནང་གི་ཅ་དངོས་ཆ་ཚང་གཏོར་ནས་འཕྲོ་བརླག་གཏོང་བ་ཇི་བཞིན་རེད། ང་རང་ཚོ་ལ་མཚོན་ན་གལ་ཆེ་ཤོས་དེ་སེམས་རེད། ལུས་ངག་ཆ་ཚང་ལ་སེམས་ཀྱིས་གཡོག་པོ་བསྐུལ་གི་ཡོད་རེད། སེམས་དེ་བདག་པོ་ཡག་པོ་བྱ་མ་ཐུབ་ན་རྙོག་དྲ་མང་པོ་ཞིག་བཟོ་གི་རེད། ནུབ་ཕྱོགས་ཀྱི་སེམས་ཁམས་རིག་པ་བ་མང་པོ་ཞིག་གིས་གཉེན་པོ་ཟུར་དུ་བཞག་སྤང་བྱ་དེ་ཕར་བཞག་ནས་གཉེན་པོ་དང་སྤང་བྱ་གཉིས་འཛིང་བསྡད་པ་འདྲ་པོ་ཞིག་བསམ་བློ་གཏོང་གིན་ཡོད་ས་རེད། ནང་ཆོས་བསམ་བློ་བྱས་ན་གཙོ་བོ་རང་གྲོལ་ཟེར་བ་ལྟར་སྦྲུལ་གྱིས་མདུད་པ་སྦྲུལ་གྱིས་བཤིག་ཐུབ་པ་ཇི་བཞིན་ཐབས་ལམ་མང་པོ་གསུང་ཡོད་རེད། དཔེར་ན་དུག་སྨན་དུ་བསྒྱུར་བ་ལྟ་བུའི་གདམས་ངག་སོགས་མང་པོ་ཞིག་གསུང་ཡོད་རེད། དཀའ་ངལ་དང་རྙོག་དྲ་དེ་དག་བཀག་ནས་བཞག་པ་ཡིན་ན་མང་དུ་འགྲོ་བ་མ་གཏོགས་ཡོད་མ་རེད། སེམས་ནང་དུ་རྣམ་རྟོག་རྩ་བ་ནས་དྲན་རྒྱུ་མིན་བསམ་ན་རྣམ་རྟོག་མང་དུ་འགྲོ་རྒྱུ་མ་གཏོགས་ཡོད་མ་རེད། རྣམ་རྟོག་དེ་བཀག་དགོས་ན་བཀག་ཐུབ་པ་མ་རེད། བཀག་ཐུབ་པའི་སྒོམ་ཞིག་བརྒྱབ་པ་ཡིན་ན་སྒོམ་ཡག་པོར་གྱུར་བ་མ་རེད། རྣམ་རྟོག་བཀག་ཀྱང་མ་བཀག་རྗེས་སུ་ཡང་མ་རྒྱུག་པ་སེམས་རང་བབ་ཏུ་བཞག་པ་ཡིན་ན་ཞི་གནས་དངོས་དེ་རེད། གཉིས་པ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རེད། བྱམས་སྙིང་རྗེ་མེད་ན་རང་འདོད་དང་བདག་གཅེས་འཛིན་ཤུགས་ཆེན་པོ་གྱུར་ནས་སེམས་གཟེ་རེ་ཅན་དུ་འགྱུར་གི་ཡོད་རེད། སྤྱིར་མི་ཐམས་ཅད་བྱམས་པ་དང་སྙིང་རྗེ་ཡོད་རེད། ཡོད་པ་དེ་ཡང་ངོ་ཟིན་པ་བྱས་ནས་དེ་ལ་དྲན་པ་གཏད་དེ་རྒྱ་བསྐྱེད་གཏོང་རྒྱུ་དེ་རེད། གསུམ་པ། མི་རྟག་པ་དང་བདག་མེད་པའི་དོན་ལ་དཔྱད་པ་བྱེད་ནས་སྒོམ་རྒྱུ་དེ་དཔྱད་སྒོམ་རེད།

དྲི་བ།

ནུབ་ཕྱོགས་པ་ལྟ་བུ་ཡིན་ན་བོད་ཀྱི་བླ་མ་ཆེན་པོ་ཡོད་ན་མེད་ན་དག་ཕེབས་མཁན་མང་པོ་རེད། བོད་པའི་སྤྱི་ཚོགས་ནང་དུ་བསྒོམ་རྒྱུ་ཡིན་ཟེར་མཁན་ན་གཞོན་མང་པོ་འདུག ཡིན་ན་ཡང་། ཁོ་རང་ཚོ་ལ་དཀའ་ངལ་ཆེ་ཤོས་དེ་དགེ་རྒན་མ་རག་པའི་དཀའ་ངལ་མང་པོ་ཞིག་འདུག བོད་པའི་བླ་མང་པོ་ཞིག་ནུབ་ཕྱོགས་སུ་ཤོར་འགྲོ་བཞིན་འདུག་ཟེར་ནས་སྡུག་སྐད་རྒྱག་མཁན་མང་པོ་ཞིག་འདུག རིན་པོ་ཆེའི་ངོས་ནས་མ་འོངས་པར་བོད་པ་ཚོ་ལ་ཆེད་དུ་དམིགས་ནས་སྒོམ་སློབ་རྒྱུའི་འཆར་གཞི་ཡོད་དམ།

ལན། མི་འགྱུར་རིན་པོ་ཆེ།

བོད་པ་ལ་ཆེད་མངགས་དགའ་བའི་འཚོ་བའི་སྒོམ་རིམ་ཟེར་བ་ཞིག་ཡོད་རེད། དང་པོ། གཉིས་པ། གསུམ་པ། དང་པོ་ཞི་གནས་གཙོ་བོ་རེད། གཉིས་པ། བྱམས་སྙིང་རྗེ་ཚད་མེད་བཞི་གཙོ་བོ་རེད། གསུམ་པ།བདག་མེད་གཙོ་བོ་རེད། དེ་དག་བོད་པའི་སྤྱི་ཚོགས་ནང་དུ་བཤད་པའི་འཆར་གཞི་ཡོད། ལོ་བཅུ་ཡི་སྔོན་ལ་བོད་པའི་སྤྱི་ཚོགས་ནང་དུ་རིན་མེད་མང་པོ་བཤད་པ་ཡིན། ཡིན་ན་ཡང་། དོ་སྣང་བྱ་མཁན་དེ་ཙམ་མི་འདུག སྐབས་དེ་དུས་དབང་བསྐུར་བ་ཡིན་ན་དོ་སྣང་བྱ་མཁན་མང་པོ་དང་སྒོམ་ཁྲིད་བྱས་པ་ཡིན་ན་དོ་སྣང་གནང་མཁན་དེ་ཙམ་མི་འདུག ཉེ་ཆར་ང་རང་མཚམས་ལ་བསྡད་ནས་མར་ཡོང་དུས་གཞོན་སྐྱེས་མང་པོ་ཞིག་གིས་སྒོམ་གལ་ཆེན་ཡིན་པ་ཤེས་ཀྱིན་འདུག་པས། ཁྱེད་ཀྱིས་སྒོམ་ཁྲིད་བྱེད་དགོས་ཀྱིན་འདུག་ཟེར་ནས་རེ་བ་རྒྱག་མཁན་མང་པོ་བྱུང་སོང་། ཁ་ཤས་ངུ་བཞིན་བོད་ཀྱི་བླ་མང་པོ་ཕྱི་རྒྱལ་ཕེབས་ནས་སྒོམ་ཁྲིད་བྱེད་པ་ལས་ང་ཚོ་བཤད་རོགས་བྱེད་ཀྱིན་མི་འདུག་གསུང་གིན་འདུག ད་ལན་རྒྱ་གར་རམ་བལ་ཡུལ་གང་རུང་ཞིག་ལ་བོད་རིགས་ལ་བཤད་དགོས་བསམ་གྱིན་འདུག

དེ་རིང་རིན་པོ་ཆེ་བགྲོ་གླེང་ལས་རིམ་ནང་མཉམ་ཞུགས་གནང་ནས་སྒེར་གྱི་དགོང་ཚུལ་ལྷུག་པོ་གསུང་པར་ཐུགས་རྗེ་ཆེ།

ཡུལ་ལྷ་ལྡན་དུ་གླིང་ལོ་མ་སེར་པོས་ཡིག་འགོད་བྱས།