བན་མེང་ཀང་། འགྲོ་འོང་དང་འབྲེལ་འདྲིས།མཉམ་འགྱུར་ཁྲོད་ཀྱི་རིག་གནས་མཐུན་མིན་གྱི་རྣམ་འགྱུར་ལ་སྣང་ཆུང་མི་བྱེད་རོགས།

བན་མེང་ཀང་། ནུབ་བྱང་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ། ཡུན་རིང་བོར་མི་རིགས་སེམས་ཁམས་དང་མི་རིགས་སློབ་གསོ། རིག་གནས་མཚམས་བརྒལ་སེམས་ཁམས་ཞིབ་འཇུག་སོགས་ཀྱི་ལས་ཀ་གཉེར་གྱིན་ཡོད།

    སྤྱི་ཚོགས་དཔལ་འབྱོར་གྱི་བྱེད་སྒོ་དང་ལས་ཞུགས། ཡུལ་སྐོར་དང་སློབ་གསོ། ཡུལ་གྲོང་འདུས་སྡོད་ཀྱིས་མི་གྲངས་འཁོར་རྒྱུགས་ལ་སྐུལ་འདེད་བྱས་ཤིང་། གྲངས་ཉུང་མི་རིགས་ཀྱི་སློབ་མ་བརྒྱ་ཕྲག་མང་པོ་ཁོ་ཚོའི་ཕ་ཡུལ་དང་ཁ་བྲལ་ཏེ། གྲོང་ཁྱེར་རམ་རྒྱ་ནང་གི་སློབ་གྲྭར་སོང་ནས་སློབ་སྦྱོང་བྱས། རྩམ་པའི་ནང་གི་སྤུ་ཇི་བཞིན་གྱི་སྡེ་ཁུལ་འཛུགས་སྐྲུན་དང་རྒྱ་རིགས་དང་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་མཉམ་བསྲེས་འཛིན་གྲྭ་མཉམ་བསྲེས་བྱས་ཏེ་མི་རིགས་སོ་སོའི་སློབ་མ་འབྲེལ་འདྲིས་བྱེད་པའི་གོ་སྐབས་མང་དུ་བྱུང་ལ། འབྲེལ་འདྲིས་བྱེད་པའི་རེ་བའང་ཇེ་དྲག་ཏུ་གྱུར་ནས། ག་ལེར་མི་རིགས་མི་འདྲ་བའི་སློབ་མ་མཉམ་དུ་འདུག་པ་དང་མཉམ་ལས་བྱེད་པ། མཉམ་དུ་སློབ་པ་དང་མཉམ་དུ་སྤྲོ་བའང་མིག་མཐོང་ལག་ཟིན་དུ་གྱུར།

    ཡིན་ཡང་། མི་རིགས་བར་གྱི་འགྲོ་འོང་ནི་ཕན་ཚུན་ལ་འབྲེལ་འདྲིས་བྱས་པ་དེ་ཙམ་སླ་མོ་ཞིག་མིན་ལ། འགྲོ་འོང་དང་འབྲེལ་འདྲིས། མཉམ་འགྱུར་ནི་མི་སྒེར་རེ་རེ་རིམ་བཞིན་འཕར་ཞིང་མཉམ་གནས་ཀྱིས་ཐོན་པའི་འབྲེལ་བ་ཞིག་ཀྱང་མིན། མི་སྒེར་གྱི་རིག་གནས་མཐུན་མིན་རྣམ་འགྱུར་མི་འདྲ་བས་འབྲེལ་འདྲིས་ཐབས་ལམ་ཡང་མི་འདྲ་བ་འདེམས་པ་ཡིན་ལ། བསམ་བློའི་བློ་བསྐྱེད་ཀྱང་རྩ་བ་ཉིད་ནས་མི་འདྲ།

    རིག་གནས་མཐུན་མིན་གྱི་རྣམ་འགྱུར་གནད་དོན་ནི་གྲངས་ཉུང་མི་རིགས་ཀྱིས་བྱེད་ཐབས་ཇི་འདྲ་ཞིག་གིས་གཙོ་རྒྱུགས་རིག་གནས་ལ་འབྲེལ་འདྲིས་བྱེད་འདོད་པ་དེར་གོ་དགོས། དུས་རྒྱུན་དུ་རིག་གནས་མཐུན་མིན་གྱི་རྣམ་འགྱུར་ལ་མ་དཔེ་རྣམ་པ་བཞི་ཙམ་ཡོད་དེ། དང་པོ་ནི་གཞན་འགྱུར་མ་དཔེ་ཡིན། དེ་ནི་གཙོ་རྒྱུགས་རིག་གནས་ཀྱི་གནོན་ཤུགས་འོག་ནས་རང་གི་རིག་གནས་སྐྱུར་ཏེ་གཙོ་རྒྱུགས་རིག་གནས་ལ་འབྲེལ་འདྲིས་བྱེད་པར་འཚོལ་སྙེག་བྱས་ཤིང་། གཙོ་རྒྱུགས་རིག་གནས་ཀྱི་ཁྲོད་དུ་འདྲིས་པར་ཧུར་བརྩོན་བྱེད་པ་ལ་གོ །གཉིས་པ་ནི་ཁ་བྲལ་མ་དཔེ་ཡིན། དེ་ནི་རང་གི་རིག་གནས་ཁས་ལེན་པ་རྒྱུན་འཛིན་བྱེད་པའི་ཞོར་དུ། གཙོ་རྒྱུགས་རིག་གནས་འབྲེལ་འདྲིས་ལ་གཡོལ་ཐབས་བྱེད་པར་གོ །གསུམ་པ་ནི་གཅིག་འབྲེལ་མ་དཔེ་ཡིན། དེ་ནི་རང་གི་རིག་གནས་ཀྱི་ཁྱད་ཆོས་རྒྱུན་སྲུང་བྱས་ཡོད་ལ་སྤྱི་ཚོགས་ཆེན་པོའི་གྲུབ་ཆ་ཞིག་ཏུའང་གྱུར་ཡོད་པ་སྟེ། གཙོ་རྒྱུགས་རིག་གནས་ལ་འབྲེལ་འདྲིས་དམ་ཟབ་བྱེད་པར་རྒྱུན་འཁྱོངས་བྱེད་ལ། རང་མོས་ཀྱིས་རིག་གནས་གཉིས་བརྗེ་བསོར་ཐུབ་པར་གོ །བཞི་བ་ནི་མཐར་ལུས་མ་དཔེ་ཡིན། དེ་ནི་རང་གི་རིག་གནས་རྒྱུན་འཛིན་མ་ཐུབ་ཅིང(ཁོར་ཡུག་མེད་པ།)གཙོ་རྒྱུགས་རིག་གནས་ལ་འབྲེལ་འདྲིས་བྱེད་པར་མི་འཐད་པར་གོ(གཙོ་རྒྱུགས་རིག་གནས་ཀྱིས་ཁས་མི་ལེན་ཞིང་ཁྱད་གསོད་བྱེད་པ།) དུས་རྒྱུན་འདི་ལྟ་བུའི་མི་རྣམས་ལ“མཐར་ལུས་པ”ཟེར། གསལ་འདེབས་བྱ་དགོས་པ་ཞིག་ལ། རིག་གནས་མཐུན་མིན་དེ་སྤྱོད་སྟངས་དང་སྤྱི་ཚོགས་འཚོ་བའི་མི་འདྲ་ས་དེ་ཟུར་ཚད་ཀྱི་ངོས་ནས་ཆ་མི་སྙོམས་ཏེ། དཔེར་ན། མི་རེ་འགའ་ཞིག་གིས་དཔལ་འབྱོར་སྟེང་གི་གཞན་འགྱུར་དང་སྐད་ཡིག་སྟེང་གི་གཅིག་འབྲེལ། གཉེན་སྒྲིག་སྟེང་གི་ཁ་འཐོར་སོགས་ལ་འཚོལ་ཞིང་སྙེག་པ་རེད།

    བརྒྱ་ལ་གྲངས་ཉུང་མི་རིགས་ཀྱི་ཁྱིམ་ཚང་ཞིག་འདུས་སྡོད་བྱས་ཡོད་པའི་ས་ཁུལ་དེ་ནས་རྒྱ་ནང་གི་གྲོང་ཁྱེར་ཆེ་ཤས་ཤིག་ཏུ་གནས་སྤོས་ན། ཨ་ཕ་ནི་ཕལ་ཆེར་གཅིག་འབྲེལ་མ་དཔེའི་ཕྱོགས་སུ་སྤྲོ་བ་ཡོད་རྒྱུ་རེད། དེའང་ཁོ་བོ་དཔལ་འབྱོར་སྤྱི་ཚོགས་དང་ཆབ་སྲིད་འཚོ་བའི་ཁྲོད་དུ་འཛུལ་འདོད་ཡོད་པས། ཁོ་བོ་གྲོང་ཁྱེར་དུ་གནས་སྤོས་པའི་ཀུན་སློང་ཡང་འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོ་ཐོབ་པའི་ཆེད་དུ་རེད་ལ། དེའི་ཕྱིར་རྒྱ་སྐད་དང་དབྱིན་སྐད་སྦྱང་བའི་ཞོར་དུ། རང་མི་རིགས་ཀྱི་འབྲེལ་བ་དམ་ཟབ་དེ་རྒྱུན་སྐྱོང་བ་རེད། འོན་ཏེ། ཨ་མ་ལགས་ནི་སྐད་ཡིག་དང་འཚོ་བའི་གོམས་གཤིས་ཀྱི་དབང་གིས་གཙོ་རྒྱུགས་རིག་གནས་ཀྱི་སྤྱི་ཚོགས་བྱེད་སྒོ་ལ་འདྲིས་པར་དཀའ་བས། གྲོང་ཁྱེར་འདིའི་རང་རིགས་རྣམས་ལ་འབྲེལ་འདྲིས་བྱེད་པ་རེད། དེས་ན་ཁོ་མོའི་བྱེད་ཐབས་འདི་ནི་ཁ་བྲལ་མ་དཔེ་རུ་གཏོགས་པ་རེད། ཁོང་ཚང་གི་བུ་མོས་རྒྱའི་སྤྱི་སྐད་ཤེས་པར་སླ་ཞིང་སློབ་གྲྭ་དང་སྤྱི་ཚོགས་ཀྱི་བྱ་འགུལ་སྣ་ཚོགས་ཁྲོད་དུ་ཞུགས་པར་ཡང་ཧུར་བརྩོན་བྱེད་པ་རེད་ལ། རང་དང་ལོ་ན་མཉམ་པའི་བྱིས་པར་འགྲོ་འོང་བྱེད་པ་ལས་ཀྱང་ཁོ་མོ་གཞན་འགྱུར་མ་དཔེའི་ཕྱོགས་སུ་མོས་འདུན་ཡོད་པ་རེད། མཐོ་འབྲིང་འགྲིམ་གྱིན་པའི་ཁོང་ཚང་གི་བུ་ཆུང་གི་སྐད་ཆའི་ནང་དུ་ཕ་སྐད་ཀྱི་སྒྲ་གདངས་ཤུགས་ཆེ་ཞིང་འཚོ་བའི་གོམས་གཤིས་མི་འདྲ་བས། སློབ་གྲོགས་ཚོས་ཟུར་འབུད་བྱས་ཏེ་རིག་གནས་མི་འདྲ་བ་གཉིས་ཀྱི་མཐར་དེད་ནས། མཇུག་མཐར་མཐར་ལུས་ཀྱི་མ་དཔེ་དང་དུ་བླངས་པ་རེད།

    འགྲོ་འོང་དང་འབྲེལ་འདྲིས། མཉམ་འགྱུར་གྱི་གོ་རིམ་ཁྲོད་དུ་རིག་གནས་འགལ་འདུ་དང་རིག་གནས་མཐུན་མིན། བསམ་པའི་གནོན་ཤུགས་དང་ངལ་བ་སོགས་རྙོག་འཛིང་གི་འགྱུར་ལྡོག་མང་པོ་ཞིག་འདུ་བས་ན། སྔོན་ཆད་ང་ཚོས་སེམས་ཁམས་འགྱུར་ལྡོག་འདི་དག་སྣང་མེད་དུ་བཞག་ཡོད།

    མཐར་ལུས་མ་དཔེའི་ཁྲོད་དུ་མི་སྒེར་སོ་སོས་སྤྱི་ཚོགས་ཀྱི་ཁས་ལེན་འགལ་འདུས་བསྐྱེད་པའི་བསམ་པའི་གནོན་ཤུགས་ཁུར་དགོས། གཞན་འགྱུར་མ་དཔེ་ལ་ཕྱི་ཚུལ་ནས་བལྟས་ན་འགལ་འདུ་མེད་ཅིང་གོ་རིམ་ལྡན་པའི་འགྱུར་ལྡོག་ཅིག་ཏུ་མཐོང་མོད། དེའི་རིན་ཚབ་ནི་རིག་གནས་སྣ་མང་མེད་བརླག་བཟོས་ནས་མི་སྒེར་སོ་སོའི་ནང་སེམས་ཀྱི་འགལ་འདུ་ཡང་མི་མཐོང་བར་གབ་སྦས་བྱས་ཡོད། ཁ་བྲལ་མ་དཔེ་ནི་མི་རིགས་སོ་སོའི་བར་དུ་ནུས་ལྡན་གྱི་འབྲེལ་འདྲིས་མེད་ལ། མི་རྣམས་སྔར་བཞིན་སྲོལ་རྒྱུན་གྱི་འཚོ་བ་རོལ་སྟངས་ཁྲོད་དུ་ལྷག་བས། རིག་གནས་མཐུན་མིན་གྱི་ཆུ་ཚད་དམའ་ཞིང་བསམ་པའི་གནོན་ཤུགས་ཀྱང་ཆེ་བ་ཞིག་ཡིན། གཅིག་འབྲེལ་མ་དཔེའི་ཁྲོད་ནས་མི་སྒེར་གྱི་སྤྱོད་ལམ་དེ་སྲོལ་རྒྱུན་རིག་གནས་དང་གཙོ་རྒྱུགས་རིག་གནས་བར་དུ་ཅུང་ཙམ་ཆ་སྙོམས་ཤིང་གཏན་འཇགས་ཀྱི་རྣམ་པ་ཞིག་ཆགས་ཡོད་ལ། མི་སྒེར་གྱིས་རང་མོས་ངང་རིག་གནས་གཉིས་བརྗེ་བསོར་ཐུབ་ལ། རིག་གནས་སྣ་མང་གི་ཆ་དེ་ལའང་གུས་བརྩི་དང་རྒྱུད་འཛིན་བྱས་པར་མ་ཟད། མི་སྒེར་གྱི་བསམ་པའི་གནོན་ཤུགས་ཆུང་བའི་རིག་གནས་མཐུན་མིན་གྱི་མ་དཔེ་བློ་ལ་འབབ་པ་ཞིག་ཡིན།

    མཐོ་འབྲིང་དང་སློབ་ཆེན་པའི་ཁྲོད་དུ་མཐར་ལུས་མ་དཔེ་རྒྱུན་པར་མཐོང་རྒྱུ་འདུག །གཙོ་རྒྱུགས་རིག་གནས་ཀྱི་ཁྲོད་དུ་ཕ་སྐད་ཀྱི་ཁ་བརྡའི་ནུས་པར་ཚད་འཛིན་ཐེབས་ཡོད་ལ། གོམས་གཤིས་དང་ཆོས་ལུགས་དད་མོས་ཀྱང་གཙོ་རྒྱུགས་རིག་གནས་ཀྱིས་དང་ལེན་མི་བྱེད་པར་མ་ཟད། ཐ་ན་མཐོང་ཆུང་ཁྱད་གསོད་ཀྱི་གནས་ཚུལ་ཡང་ཡོད་པས། མཐར་ལུས་མ་དཔེའི་ཁྲོད་ཀྱི་མི་སྒེར་སོ་སོ་གཙོ་རྒྱུགས་རིག་གནས་ཀྱི་ཁྲོད་དུ་འདྲིས་མ་ཐུབ་ལ་རང་གི་སྲོལ་རྒྱུན་རིག་གནས་ཀྱི་ནང་དུའང་སིམ་མ་ཐུབ་པར་རིག་གནས་གཉིས་ཀྱི་བར་ན་གཡེང་ཞིང་འཕྱོ་བཞིན་ཡོད་ལ། དུས་རྒྱུན་པར་མི་སྒེར་དང་སྤྱི་ཚོགས་ཀྱི་འགལ་འདུའི་གནས་སུ་ལྷག་པས། དེ་ལ་ང་ཚོས་དོ་སྣང་ཆེན་པོ་བྱེད་དགོས་ཀྱི་ཡོད།

གུ་རུ་འོད་གསལ་གྱིས༢༠༡༧ལོའི<<ཀྲུང་གོའི་མི་རིགས་སློབ་གསོ།>>དེབ་ལྔ་བ་ལས་བདམས་ཏེ་བསྒྱུར།