( གེ་ཀྱན་ཞུང་ནི། ཧྥུ་ཏན་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་། དེ་སྔ་ཧྥུ་ཏན་གཙུག་ལག་སློབ་ཆེན་གྱི་ཀྲུང་གོའི་ལོ་རྒྱུས་ས་ཁམས་ཞིབ་འཇུག་སོའུ་དང་། ལོ་རྒྱུས་ས་ཁམས་ཉམས་ཞིབ་ལྟེ་གནས་ཀྱི་ཀྲུའུ་རིན་དང་། ཧྥུ་ཏན་གཙུག་ལག་སློབ་ཆེན་གྱི་དཔེ་མཛོད་ཁང་གི་མགོ་གཙོ། སློབ་གསོ་པུའུ་སྤྱི་ཚོགས་ཚན་རིག་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་བཅས་ཀྱི་འགན་བཞེས་མྱོང་ཡོད། )

འདི་ནི་ང་རང་ལས་འཁྱུར་དགོངས་ཞུ་ཞུས་རྗེས། ཐེངས་དང་པོར་འཆད་སྟེགས་སུ་འཛེགས་པ་དེ་རང་ཆགས་ཡོད། ངས་བསམས་ན་དགེ་རྒན་དང་སློབ་མར་འབྲེལ་བ་ཡོད་པའི་དོན་དག་ནི་དཔེ་ཀློག་རེད། དེ་ཕྱིར། དེ་རིང་ངས་འདིར་དཔེ་ཀློག་གི་སྐོར་ཁ་བརྡ་ཞིག་བྱ་འདོད་བྱུང་།

སྨྱན་གཟུགས་སུ་དཔེ་ཀློག་སྐོར་གྱི་རྩོམ་ཡིག་མི་ཉུང་བ་ཞིག་འདུག་མོད། བྱིངས་ནི་ལམ་མ་ཡིན་པར་འདྲེན་པའོ།། དཔེར་ན། མི་ཆེ་གེ་མོས་སྤྲོ་སྣང་གིས་བསླབ་པ་དོན་གཉེར་བྱེད་པའི་ལྟ་ཚུལ་བཏོན་པ་ལྟ་བུ། སྤྱིའི་ཆ་ནས། དཔེ་ཀློག་ནི་སྤྲོ་སྣང་གིས་ཕྱུག་པ་ཞིག་ཡིན་མོད། དཔེ་ཀློག་ལ་སྤྲོ་སྣང་འབའ་ཞིག་གིས་ག་ལ་ཆོག་སྟེ། ཀློག་དཀའ་ཞིང་སུན་སྣང་ཆེ་བའི་དེབ་ཀྱི་རིགས་ཀྱང་བཀླག་དགོས།

ཁ་ཅིག་ན་རེ། དེབ་འབྲི་ན་ཀུན་གྱིས་གོ་ཐུབ་པ་བྱས་ནས་འབྲི་དགོས་ཟེར། ལྟ་ཚུལ་འདིའི་རིགས་ཀྱང་ཡང་དག་པར་མ་མཐོང་། བརྩམས་གྲུབ་བྱུང་ཡོད་པའི་ཚན་རིག་གི་རྣམ་གཞག་དང་ཤིན་ཏུ་ཟབ་པའི་ལྟ་གྲུབ་འགའ་ཤས་ནི་མི་ཚང་མས་གོ་ག་ལ་ཐུབ། ཡཱང་ཁྲོན་པེ་ཞེའི་ནི་མི་ཉུང་ཤས་ཤིག་ལ་དབང་ངོ་། རྩོམ་རིག་ལོ་རྒྱུས་སྨྲ་བས། སྙན་ངག་མཁན་པེ་ཅུ་དབྱི་ཞལ་སྔ་ནས་ཀྱིས་མཛད་པའི་སྙན་ངག་གོ་སླ་སྟེ། རྒས་འཁོགས་ཀྱི་བགྲེས་མོས་ཀྱང་རྟོགས་ཐུབ་པར་སྨྲ་མོད། ཡིད་རྟོན་འཕེར་དཀའ་བའི་གནས་སུ་འདུག གཅིག་བྱས་ན། རྒས་འཁོགས་ཀྱི་བགྲེས་མོ་དེའི་ཤེས་རྒྱུད་ཡོན་ཏན་གྱིས་ཕྱུག་པ་ཞིག་ཨེ་ཡིན་སྙམ། རང་ག་བའི་རྒས་འཁོགས་ཀྱི་བགྲེས་མོས་ནི། བགྲེས་པོ་སོལ་འཚོང་ཕལ་ཆེར་ཧ་གོ་སྲིད་ཀྱང་། ཁྲང་ཧུན་སྙན་ཚིག་ནི་ཇི་ལྟར་བྱའམ།

གཞན་ཞིག་ན་རེ། ད་ཆ་ནི་རི་མོ་ཀློག་པའི་དུས་རབས་ཡིན་ཟེར། ང་རང་གིས་ནི་རི་མོ་ཀློག་པ་ལ་མོས་མཐུན་གནང་གི་མེད་པ་མིན། བརྒྱ་ལོ་ཉེར་གཅིག་པར་ཕུན་སུམ་ཚོགས་ཤིང་དོན་སྙིང་གིས་གཏམས་པའི་རི་མོ་སྣ་ཚོགས་ཡོད་པ་རེད། འོན་ཏེ། བྱ་བ་ཡོད་ཚད་རི་མོས་མཚོན་དུ་བཏུབ་བམ། དོན་དག་ཁ་ཤས་རི་མོའི་ལམ་ནས་ཧ་གོ་ཐུབ། ཡིན་ནའང་། དོན་དག་རེ་འགའ་རི་མོ་ལ་བལྟས་པས་གོ་མི་ཐུབ་པར་མ་ཟད། ལྡོག་སྟེ་ངོས་འཛིན་ལྟར་སྣང་གི་ལམ་དུ་འཁྲིད་སྲིད་དོ།།

ང་ཚོས་དཔེ་ཀློག་ཇི་ལྟར་བྱ་དགོས་སམ། མི་སོ་སོ་རྩ་བ་ནས་འདྲ་བ་མ་ཡིན། ང་རང་ལོ་ན་ཕྲ་དུས་སུ་སློབ་གསོའི་དགོངས་དོན་ནི། ཆབ་སྲིད་དང་། མི་དམངས། གསར་བརྗེའི་ཆེད་དུ་ཐོས་བསམ་སྒོམ་གསུམ་བྱེད་པའོ།། ཐེངས་དང་པོར་ཕྱི་ཡིག་ཕྱི་སྐད་ལ་དོན་གཉེར་བྱེད་དུས། དགེ་བའི་བཤེས་གཉེན་རིན་པོ་ཆེས་འདི་སྐད་དུ། མར་ཁེ་སེའི་ཞལ་ནས། ཕྱི་ཡིག་ཕྱི་སྐད་ནི་འཐབ་རྩོད་ཀྱི་ལག་ཆ་ཡིན་པར་སྨྲ་ཞེས་གསུངས་སོ།། ང་རང་གིས་སྤྱི་མཚན་ནམ་ལྐོག་གྱུར་གྱི་དོན་འཆད་པར་མི་བྱ་སྟེ། བྱེ་བྲག་ཏུ་དབབ་ནས་སྤྲོས་པར་བྱ། དང་པོར་ངེས་དགོས་པ་ནི་དཔེ་ཀློག་ནི་དགོས་པ་གང་ཞིག་གི་ཕྱིར་དུ་ཡིན་ནམ་ཞེས་པ་དེ་ཡིན། དམིགས་ཡུལ་མི་འདྲ་བས་དཔེ་ཀློག་གི་ཐབས་མི་འདྲ་བ་དང་ལམ་མི་འདྲ་བ་གཏན་དུ་འཁེལ་ལོ།།

 

ཤེས་བྱ་བསགས་པའི་ཕྱིར་དུ་དཔེ་ཆ་ཀློག་པ། _  དཔེ་ཀློག་ལ་གདམ་ཀ་ཤེས་པ་གལ།

གལ་ཏེ་ཤེས་བྱ་བསགས་པའི་ཕྱིར་དུ་ཡིན་ན། ཁྱོད་ཀྱིས་དང་པོར་གང་བསླབ་པར་བྱ་བའི་ཡུལ་གྱི་ཁྱབ་ཁོངས་དང་དམིགས་ཚད་གཏན་འཁེལ་བྱས་རྗེས། ཆེས་འཚམ་པའི་དེབ་གདམས་དགོས། ཁྱོད་ཀྱིས་ཤེས་བྱ་ཀུན་ཁྱབ་ཀྱི་དེབ་ལ་མི་བལྟ་རོགས། དུས་སྐབས་དེ་གཞི་ནས་རྫོགས་ཚར་བ་རེད། ད་ལྟའི་དཔེ་ཆ་ནི། ཤོག་པར་དང་གཞི་གྲངས་ཅན་གང་ཡིན་རུང་། ང་ཚོ་མི་སྒེར་གྱི་ལྟོ་བའི་འཇུ་ཚོད་དང་ཀླད་པའི་ཤོང་ཚད་ལས་འདས་ཡོད་པ་རེད། བརྒྱ་ལ་ཁྱོད་རང་ཕྱག་སྟོང་སྤྱན་སྟོང་ལྡན་པ་ཞིག་ལགས་ཀྱང་དཀའ་ཚོད་དུ་མཆི།

སྔོན་གྱི་དུས་ལ། པོ་ཏི་ཤིང་རྟ་ལྔ་ལ་ལོངས་ཚད་ཀྱིས་མི་ཞིག་ལ་ཡོན་ཏན་ལྡན་ཅེས་བསྔགས་པ་བརྗོད། ད་ལྟའི་ཆར། ཤིང་རྟ་ལྔ་བཅུས་ཀྱང་མི་ལྡེང་བའི་ཚོད་དུའོ།། གནའ་དུས་ཀྱི་ཤིང་རྟ་ལ་རྟ་དང་གླང་། རྟ་བཞིས་འདྲུད་པ་སོགས་ཡོད། དེབ་ནི་དར་གྱིས་བྱས་པའི་སྨྱུག་ཁྲམ་ལག་བྲིས་མ་ཡིན་པ་རེད། གླེགས་བམ་ཁྲི་སྟོང་བཀླགས་གྱུར་ཚེ་ཞེས་པའི་གླེགས་བམ་གཅིག་ནི་ཤོག་གྲངས་བརྒྱ་ལས་བརྒལ་བ་ཙམ་ཡིན། ཡིན་ནའང་། ཤེས་བྱ་ལ་ཇི་ལྟར་དབྱེ་བ་ཕྱེས་ན་དེ་ལྟར་ཕྲ་ཞིང་ཕྲ་བར་འགྱུར་བ་རེད། སྔོན་ཆད་རྩོམ་རིག་དང་ལོ་རྒྱུས། མཚན་ཉིད་རིག་པ། གྲངས་རིག་དང་དངོས་ལུགས། རྫས་འགྱུར་དུ་ཕྱེ། ད་ལྟ་ནི། འོད་གྲངས་རིག་ཁོ་ན་ལའང་ཡན་ལག་མང་དུ་བགར་ཡོད། དེ་བས་ན། དཔེ་ཀློག་ལ་གདམས་གསེས་ཡོད་རྒྱུ་ཤིན་ཏུ་གཅེས་སོ།།

རིགས་གང་ལ་བལྟ་རྒྱུར་གདམ་ཀ་ཡོད་རྒྱུ་གལ་ཆེ་བར་མ་ཟད། ད་དུང་རང་ཉིད་ཀྱི་དམིགས་ཚད་གསལ་བོ་ཡིན་དགོས། བསླབ་ལ་བརྩོན་པའི་གང་ཟག་གིས་དང་པོར་དཀའ་གནས་ལ་འཇུག་རྒྱུ་མ་ཡིན་པར། ལམ་གྱི་རིམ་པ་ལྟར་བགྲོད་དགོས། གལ་ཏེ་རང་གི་དོན་གཉེར་གྱི་ཆེད་སྦྱོང་ཤེས་བྱ་ལས་གཞན་པའི་ཤེས་བྱ་བསླབས་ཏེ་རྒྱ་བསྐྱེད་བསམས་ན། རང་གིས་འབད་འབུངས་བསྟེན་བཞིན་པའི་ཆེད་ལས་ནང་བཞིན་བྱ་དགོས་དོན་མེད། འཇོན་ནུས་གསར་བ་ལ་རྒྱུས་ལོན་བྱ་ན། རྩ་བའི་རྨང་གཞིའི་སྐོར་གྱི་ངོ་སྤྲོད་ལ་བལྟ་བའམ། ཡང་ན། ཁྱབ་ཁོངས་དེར་འཇུག་གྱིན་པའི་གྲོགས་པོར་དྲི་བ་མཛད་དེ། རྩ་བའི་རྣམ་གཞག་ངེས་པས་འཐུས་སོ།། མི་ལ་ཤས་ཀྱིས་རིག་ཚན་ནི་འཕེལ་རྒྱས་སླ་མོ་ནས་རྙོག་འཛིང་ཅན་དུ་ཕྱིན་ཏེ། ད་ལྟ་ཐོས་པ་རྒྱ་ཆེར་ལྡན་དགོས་པའི་དུས་ལ་བསླེབ་ཡོད་ཅེས་སྨྲ་བ་ནི་བདེན་པའི་གཏམ་མ་ཡིན། ཐོས་པ་རྒྱ་ཆེ་བ་ཞེས་པ་ནི་མཐའ་མེད་རབ་འབྱམས་ཀྱི་དོན་མ་ཡིན་པར། རང་གིས་གང་གཉེར་བྱའི་ཆེད་ལས་ལ་ཆགས་ཐོགས་མེད་པའི་ཐོག་དྲངས་རིག་ཚན་གཞན་རྒྱུས་ལོན་པ་དེའོ།།

ད་ལྟ་མི་ཁ་ཤས་ཀྱིས་འབུམ་རམས་པའི་ཤེས་བྱ་དམན་ཞེས་ལེ་བདའ་བྱེད་ཀྱིན་འདུག འདི་ནི་མི་རྣམས་ཀྱིས་འབུམ་རམས་པ་སྐྱེད་སྲིང་གི་དམིགས་ཚད་ལ་གོ་བ་ལོག་པར་བླངས་པ་རེད། དངོས་སུ་བྱས་ན། འབུམ་རམས་པ་ཞེས་པ་ཀྲུང་གོའི་སྔར་ཡོད་མིང“博士”བཀོལ་ནས“PHD”མཚོན་དུ་བཅུག་པའོ། དེས་ན་འབུམ་རམས་པ་ཡིན་ན་ཤེས་བྱའི་དཔངས་མཐོ་ཞིང་སྤམ་མཐུག་དགོས་པའི་དོན་ཡོད་པ་མ་རེད། འབུམ་རམས་པ་ཡིན་ན་ཆེད་ལས་ལ་ཞིབ་ཆ་ཡོད་ན་འགྲིག་གི་རེད། སོང་སྟེ་འབུམ་རམས་པའི་དཔྱད་རྩོམ་གྱི་ཁ་བྱང་ལ་གཟིགས་དང་། འཛམ་གླིང་ཡོངས་ཀྱི་འབུམ་རམས་པས་བྱས་པའི་དཔྱད་རྩོམ་ཁ་བྱང་ཧ་ཅང་ཞིབ་ཆ་ཆེའོ།།

དེ་ཕྱིར། སྨྱན་གཟུགས་དང་མྱི་གཞན་གྱིས་དེབ་འོས་སྦྱོར་བྱས་ཚེ། ངས་རྩ་བ་ནས་དང་ལེན་བྱེད་ཐུབ་ཀྱི་མེད་དེ། དཔེ་ཀློག་ནི་ཤིན་ཏུ་ནས་རང་ཉིད་ཀྱི་ཁྱད་ཆོས་ཅན་ཞིག་ཡིན་པས་སོ།། ཤེས་བྱ་གང་དེར རྒྱུས་མེད་པའི་མི་ལ་འོས་སྦྱོར་བྱས་ན་སྐབས་རེར་བརྔོ་ཐོགས་པའང་སྲིད་དོ།།

 

ཉམས་ཞིབ་ཀྱི་ཆེད་དུ་དཔེ་ཆ་ཀློག་པ། _ དཔེ་ཀློག་ཡོངས་སུ་རྫོགས་པས་ན་ད་གཟོད་གསར་བཏོད་བྱེད་ཐུབ།

དཔེ་ཀློག་གི་དམིགས་ཡུལ་གཉིས་པ་ནི་ཉམས་ཞིབ་རེད། ཤེས་བྱ་བསགས་པའི་ཕྱིར་དུ་དཔེ་ཆ་ཀློག་པ་ལ་གདམས་ཀ་བྱས་ཏེ་རང་གི་རྒྱུད་ཚོད་དང་མཐུན་པོ་ཡོང་བ་བཟོ་དགོས། ཡིན་ནའང་། ཉམས་ཞིབ་ཀྱི་ཆེད་དུ་དཔེ་ཆ་ཀློག་པ་ལ་གདམས་ཀ་བྱེད་མི་རུང་སྟེ། ཉམས་ཞིབ་བྱེད་པ་ལ་དཔེ་ཆ་ཡོངས་སུ་རྫོགས་པར་མཇལ་དགོས། དཔེར་ན། ཁྱོད་ཀྱིས་པེ་ཅི་དབྱི་ལ་ཉམས་ཞིབ་བྱེད་པའི་དབང་དུ་བཏང་ན། པེ་ཅི་དབྱི་དང་འབྲེལ་ཡོད་ཀྱི་རྒྱུ་ཆ་ཚང་མ་འཚོལ་བསྡུ་དང་། ཡོངས་སུ་ཀློག་དགོས། འདི་ནི་དམིགས་ཡུལ་གྱིས་ཐག་བཅད་པ་རེད་དོ།།

ཉམས་ཞིབ་ཟེར་བ་ནི་ཅི་ཞིག་རེད། ཅི་ཞིག་ལ་རིན་ཐང་ཅན་གྱི་ཉམས་ཞིབ་དཔྱད་འབྲས་ཟེར་ཞུ་ན། དང་པོ། སྔ་མའི་ཉམས་ཞིབ་པའི་ནོར་འཛོལ་དང་ཆད་སྐྱོན་རྙེད་པ། གཉིས་པ། ཉམས་ཞིབ་ཀྱི་ཁྱབ་ཁོངས་གསར་བ་བཏོད་པའམ་གནས་ཚུལ་གསར་བ་རྙེད་པ། སྔ་མས་ཉམས་ཞིབ་མ་བྱས་པའམ་ཉམས་ཞིབ་བྱེད་ལོང་མ་བྱུང་བར་ལུས་ཡོད་པ་ལ་འཇུག་པ། གསུམ་པ། སྔ་མའི་ཉམས་ཞིབ་པའི་དཔྱད་འབྲས་ལ་སྤྱི་སྡོམ་དང་། དབྱེ་ཞིབ། དཔྱད་འཇོག་བཅས་བྱེད་པ། འདི་ནི་རིམ་པ་ཅུང་དམའ་ཤོས་ཀྱི་ཉམས་ཞིབ་ཡིན།

ད་ལྟའི་དཔྱད་རྩོམ་ཁ་ཤས་ཀྱི་ཆུ་ཚད་དེ་འདྲའི་མཐོ་རྒྱུ་མི་འདུག་སྟེ། བསྐྱར་ཟློས་ཀྱི་ངལ་བ་བསྟེན་པ་ཙམ་དུ་ཟད་འདུག ད་སོ་མར་གོང་དུ་བཤད་པའི་ཆ་རྐྱེན་གསུམ་ཀ་ཚང་མི་འདུག་པ་ཡོད། སྔོན་ཆད་སློབ་མ་ཞིག་གིས་གཟབ་ནན་གྱིས་ང་ལ་ཁོས་གནས་ཚུལ་གསར་རྙེད་བྱུང་ཡོད་ཅེས་ཐལ་མྱོང་མོད། དོན་ངོ་མར་ཁོའི་གསར་རྙེད་དེ་ངས་སྔོན་མ་ནས་མཐོང་མྱོང་ཡོད། ཉམས་ཞིབ་འདི་ལྟ་བུ་རིག་གཞུང་སྦྱོང་བརྡར་དུ་སྨྲ་རུང་མོད། གལ་ཏེ་ཉམས་ཞིབ་དཔྱད་འབྲས་སུ་རློམ་ན་དོན་དག་བཟོས་ཚར་བ་རེད།

སྔོན་ཆད་ང་ཚོས་ཕྱིའི་རྒྱལ་ཁབ་ཀྱི་ཉམས་ཞིབ་དང་བསྐྱར་ཟློས་སོང་ཡོད་པ་ཁ་ཤས་བྱས་མྱོང་། ད་དུང་ཡིན་མདོག་ཁ་པོའི་གནས་ལུགས་ནི་ང་ཚོས་དེ་དག་གི་དཔེ་ཆ་བཀླག་མི་ཐུབ་ཅེས་པའོ།། ཡིན་ནའང་། ད་ལྟ་དེ་དང་ལྡོག་པས་དེ་ལྟར་ལབ་ན་འགྲིག་གི་མ་རེད། དེའི་རྒྱུ་མཚན་ནི་དྲ་རྒྱའི་སྒང་ནས་འཚོལ་ཆོག་པས་སོ།། གལ་ཏེ་མི་འཚོལ་བར་ད་དུང་རང་ཉིད་ཀྱིས་བྱས་པ་ཡིན་པར་བསྒྲགས་ན། དེ་ནི་བཤུ་འབྲིའི་ལས་ཀར་ཆགས་ཡོད། དེ་ཕྱིར། ངས་ཉམས་ཞིབ་སློབ་མར་བཏོན་པའི་རེ་བ་ནི་ཐོག་མར་སྔ་མའི་ཉམས་ཞིབ་དཔྱད་འབྲས་བསྡུ་རུབ་བྱས་ཏེ། གླེང་སློང་བའི་གཏམ་དུ་སྔ་མའི་མིས་བྱས་པའི་དཔྱད་འབྲས་དག་གསལ་བོར་འབྲི་དགོས་ཞེས་པ་དེ་ཡིན།

ལས་འདིས་ནི་ང་ཚོར་དེབ་གཅིག་བཀླགས་ཚེ་ཡོངས་སུ་རྫོགས་པར་བཀླག་དགོས་པའི་རེ་བ་འདོན་གྱི་ཡོད། ཡོངས་སུ་བཀླག་དགོས་པར་མ་ཟད། ཐོག་མའི་པར་གཞིའི་དཔེ་ཆ་འཚོལ་བ་དང་། ད་དུང་པར་གཞི་གསར་མ་ཡོད་ཚེ་དག་བཅོས་དང་འཕྲི་སྣོན་ཅི་རིགས་ཡོད་མེད་ལ་དང་དོད་བྱ་དགོས། མི་ལ་ཤས་ཀྱིས་དཔེ་ཆ་གཅིག་ལ་ཉམས་ཞིབ་ཀྱིས་དུས་མང་པོ་འདས་ཏེ། དེབ་དེའི་ཆད་ལྷག་ལ་རང་གི་ལྟ་ཚུལ་ཀྱང་ཆགས་ཡོད་པ་རེད། འོན་ཏེ། རྩོམ་མཁན་གྱིས་འདས་པའི་ལོའི་ནང་ཞུ་དག་བྱས་ཏེ་ནོར་འཛོལ་སྐོར་ཅིག་མེད་པར་བྱས་ཡོད་དོ།།

ངས་ཉམས་ཞིབ་སློབ་མར་རོགས་བྱས་ཏེ་དཔྱད་རྩོམ་གྱི་ཁ་བྱང་འདེམ་པའི་སྐབས་ཧ་ཅང་ཉུང་། ངས་ཁོ་ཚོ་ལ་རང་ཉིད་ཀྱི་ཁྱད་ཆོས་ཡོད་པའི་ཁ་བྱང་འདེམས་ཐུབ་མིན་ནི་ཁྱོད་ལ་བཏང་པའི་ཡིག་ཚད་དང་པོར་ཆགས་བསྡད་ཡོད་ཅེས་ལབ་པ་ཡིན། མི་ལ་ཤས་ཀྱིས་གདམས་པའི་ཁ་བྱང་གི་ཁོག་དབུབ་ཆེ་ལ། ཡང་ལ་ཤས་ཀྱིས་གདམ་པའི་ཁ་བྱང་ཉི་ཚེ་བ་ཙམ་དུ་ཟད། ཉམས་ཞིབ་དམིགས་ཡུལ་དུ་འཛིན་ན། དེར་བཅས་མཚམས་ངེས་ཅན་ཡོད་ངེས་པས། ཚད་དང་རན་པའི་ཁ་བྱང་འདེམས་ཐུབ་དགོས། ཡིན་ནའང་། བཅས་མཚམས་འདིའི་ནང་དུ་ལས་ཀ་ཅི་བྱས་ཕྲ་ཞིང་མཛངས་ལ། ཡོངས་སུ་རྫོགས་རྒྱུ་གལ་ཆེའོ།།

དཔེ་ཀློག་གི་བརྒྱུད་རིམ་ཁྲོད། ཁྲལ་མངོན་སླ་བཅོས་བྱས་ན་མཇུག་འབྲས་ཅི་ཡོད་རང་ཉིད་ནས་འགན་ལེན་དགོས་པ་ཡིན། མི་འགའ་རེས་ཡུན་རིང་བོར་རིག་གཞུང་ལས་རྐང་དུ་ནོར་འཛོལ་བཟོ་ཀྱིན་པ་སྣང་ལ། ལ་ཤས་ནི་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ངང་རིག་གཞུང་གི་འགྲོ་ལུགས་དང་འགལ་གྱི་ཡོད་དོ།།

ཧྥུ་ཏན་གྱི་དགེ་རྒན་ཆེན་མོ་ཞིག་ལ། པེ་ཅིང་གི་སྐུ་ཞབས་ཤིག་གིས་དགག་རྩོམ་སྤེལ་ཏེ་བཤུ་འབྲི་བྱེད་ཀྱིན་འདུག རིག་གཞུང་གི་རྣམ་འགྱུར་ཡང་དག་མ་རེད་ཅེས་དགག་བཞག་སྤྲོས་འདུག དེའི་ནང་གི་ལྟ་ཚུལ་རེ་གཉིས་ངས་ནི་མོས་མཐུན་བྱ་ཡི་མེད་དེ། ཁོང་གིས་རང་ཉིད་ཀྱི་སྔོན་བྲིས་དག་ཡང་བཤུ་བསྐྱར་བཤུ་བྱེད་ཀྱིན་འདུག ཁ་སང་སྤེལ་བ་དེ་རིང་ཡང་སྤེལ་འདུག་ཅེས་པའོ།། ངས་བལྟས་ན་འདི་ནི་གནས་བབ་ལ་བརྟག་སྟེ་བྱེད་དགོས་པ་ཞིག་རེད་བསམས། གལ་ཏེ་སྤྱི་ཚོགས་ལ་དགོས་གལ་ཡོད་ན། དེ་ལྟར་དུ་བྱེད་ཆོག་ཆོག་རེད། འོན་ཏེ། ཁོང་གིས་གསལ་བཤད་གསལ་བོ་ཡོད་ན་འགྲིག་སྙམ། དགག་རྩོམ་དེའི་ཁྲོད་ཀྱི་སྒྲུབ་བྱེད་གཅིག་ནི། ཁོང་གིས་ཡིག་ཆ་ཞིག་བརྒྱུད་པའི་སྒོ་ནས་དྲངས་འདུག་པ་ལ། བསམ་གཟས་ནས་མ་རྩོམ་གྱི་ཡིག་ཆ་ལུང་འདྲེན་ཡོད་པའི་བཟོ་སྟོན་ཡོད་འདུག དོན་དག་དེས་བསྐྱལ་འོང་བའི་གནད་དོན་ནི། ཁོས་དྲངས་པའི་རྩོམ་དུDover Strait”ཞེས་པ“street”ལ་བསྒྱུར་ཉེས་བྱུང་སྟེ། “多福尔大街ཞེས་བསྒྱུར་འདུག་གོ། ཁོང་གིས་རྣམ་འགྱུར་དྲང་མོས། བརྒྱུད་པའི་ཚུལ་གྱིས་དྲངས་པ་ཡིན་ཞེས་དྲང་བཤད་བྱས་ཚེ་དེ་ཙམ་མི་སྐྱོན་མོད། ཁོང་གིས་མ་ཡིག་ལས་དྲངས་པ་ཡིན་ཞེས་རྫུན་གཏམས་པར་བརྟེན། མི་གཞན་གྱིས་ཧྥུ་ཏན་གཙུག་ལག་སློབ་ཆེན་གྱི་འབུམ་རམས་པ་འདིའི་ཨིན་ཡིག་ཆུ་ཚད་ནི། དངོས་གནས་ཞན་པོ་ཡིན་ནམ་ཞེས་ཚ་འདྲི་བྱེད་དོ།། དྲང་མོར་བཤད་ན། ནོར་འཛོལ་འདི་འདྲ་ང་ཚོ་ཚང་མས་བཟོས་ཡོད་ཀྱང་སྲིད་སྙམ། ངས་ནི་ཨེན་ཙམ་མིན་ཚེ་ནོར་འཕྱུག་བཟོས་སོང་ངོ་།། ཡིན་ནའང་། ཆེས་མ་མཐའ་ཡང་མ་རྩོམ་ལ་བལྟ་དགོས་པ་ལགས་མོད། གལ་ཏེ་དེ་ཙམ་ཡང་མི་འདོད་ཚེ། ནོར་འཁྲུལ་དེ་ནི་རང་གི་སྡུག་གྱོང་ཡིན་ནོ།།

ངས་སྤོར་དམངས་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་བྱེད་སྐབས། ཀྲུང་གོའི་ཞིང་ལས་ལོ་རྒྱུས་ཡོད་ཚད་དུ་ཅིན་ཤར་མའི་དབང་སྒྱུར་དུས་མགོར་ཅང་ཞི(江西)རུ་ས་ལུ་ལྗང་བ་འདེབས་འགོ་ཚུགས་པའི་གནས་ཚུལ་ཞིག་འཁོད་པ་ཤེས་རྟོགས་བྱུང་། དེའི་ངའི་བློ་ངོར་ཤིན་ཏུ་མི་བདེ་བ་བྱུང་། ས་ལུ་ལྗང་བ་ནི་མ་གཞི་རྨ་ཆུའི་འབབ་ཡུལ་དུ་འདེབས་པ་རེད། ཅང་ཞི་ལ་འདེབས་འཛུགས་ཀྱི་ཆ་རྐྱེན་འཚམ་པའི་གནམ་གཤིས་ཡོད་དམ་ཞེས་སོམ་ཉིའི་དྲ་རྒྱ་ལ་ཚུད་པར་བྱས། གཞན་ད་དུང་ལོ་རྒྱུས་ཐད་ནས་བལྟས་ན་ཡང་། བྱང་ཕྱོགས་ཀྱི་སྤོར་དམངས་འདུས་སྡོད་བྱེད་ས་ནི་འབྲི་ཆུ་དང་བེ་ཆུ་གཉིས་ཀྱི་བར་རེད། ཅང་ཞི་ལ་ཡོང་དོན་ཅི་ཡིན་ནམ་བསམས། ཡིན་ནའང་། དབང་གྲགས་ཆེ་བའི་ལོ་རྒྱུས་ཚང་མར་དེ་ལྟར་བཤད་ཀྱི་འདུག གཞི་འཛིན་ས་ནི་ཅིན་གྱི་ཡི་གེ(晋书)རེད། དེ་ལ་བརྟེན་ནས་ངས་མ་ཡིག་བཙལ་ནས་རྙེད་ཅིང་། མ་གཞི་ཡིན་པ་ནི་ཅང་ཀྲི་ཞི(江之西)ཅེས་པ་ཡིན་པ་ཤེས་རྟོགས་བྱུང་ངོ་།།

འདི་ནི་ཐེངས་དང་པོར་ཉམས་ཞིབ་བགྱིས་པའི་ཆེད་མཁས་པས་འཐུས་ཤོར་བྱུང་བ་རེད་དེ། དེ་ཉིད་ལོ་ན་བགྲེས་པའམ་སྤྱན་གྱིས་གསལ་བོར་མ་མཐོང་བས་ན་དེ་འདྲ་ཡིན་ཤོས་ཆེ་སྲིད། ཡིན་ནའང་། ནོར་བ་རྒྱུན་འབྱམས་ཀྱིས་ཡོང་བ་འདིས་ཕྱི་མའི་མི་དག་གིས་དེབ་དེ་ཉིད་བསློག་མེད་པ་ཤེས་ནུས་སོ།། དེས་ན་ཅང་()ཡིག་འདིས་ཅང () གང་ཞིག་མཚོན་ནམ། མུ་མཐུད་དེ་བལྟས་ན། ཡིན་པ་ནི་ཀྲི་ཅང(浙江)སྟེ། ཆན་ཐང་ཅང(钱塘江)རེད་དོ། ཆན་ཐང་ཅང་གི་བྱང་ངོས(江西)ལ་ས་ལུ་ལྗང་བ་བཏབས་ན་དེ་ནི་ཧ་ཅང་རྒྱུན་ལྡན་འབའ་ཞིག་ཏུ་ཟད། རྒྱུ་མཚན་ནི་སྐབས་དེའི་སྤོར་དམངས་བྱང་ཕྱོགས་ནས་ཐོན་པ་དང་། གོང་མས་རྒྱལ་ས་ཡང་ནན་ཅིན་དུ་བརྩིགས་ཡོད་པས་སོ།། དེ་ནས་ཤར་ལྷོ་ལ་ཕྱོགས་ན་དེང་གི་ཆན་ཐང་ཅང(钱塘江)གི་བྱང་ངོས་ལ་འཁེལ་ཡོད་པ་རེད། དེ་རུ་ས་ལུ་ལྗང་བ་བཏབས་ན་གོང་མའི་དགོས་མཁོ་བསྐང་ནུས་སོ།།

ནོར་འཛོལ་ཕྲ་མོ་འདི་ཙམ་བྱུང་བ་ཡང་། ཚང་མས་དཔེ་ཆ་ཡར་བསློག་མར་བསློག་མ་བྱས་པས་ལན་པ་རེད། དེ་ཕྱིར་ན། ངའི་ལྟ་ཚུལ་ནི། ཉམས་ཞིབ་བྱེད་ན་དཔྱད་འབྲས་ཡོད་པ་བྱས་ནས་བསྒྲུབ་དགོས། དེ་ཡང་ནན་ཏན་གྱིས་མ་ཕྱི་ཡི་གེ་བསློག་དགོས་དགོས་ཏེ། ཡོངས་སུ་རྫོགས་པར་བསློག་དགོས་སོ།།

རྒྱུ་ཆའི་ཁུངས་སྣེ་ལག་སོན་འབྱུང་སླ་བའི་ཆ་རྐྱེན་འདི་ལྟ་བུའི་འོག་ཏུ། ཁྱོད་རང་སྔར་བཞིན་སྒྱིད་ལུག་པར་གནས་ཚེ། ད་ནི་ཉམས་ཞིབ་པ་བཅའ་བའི་གོ་ཐོབ་ཀྱང་ཡོད་ས་མ་རེད། ད་ལྟའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་བལྟས་ན། ཅང་མི་འགོར་བར་འཛམ་གླིང་ཡོངས་ཀྱི་དཔེ་མཛོད་ཁང་དང་ཡིག་ཆ། གཞི་གྲངས། རི་མོ་དག་ལྷན་དུ་སྦྲེལ་ཏེ་གཞི་གྲངས་ཆེན་མོའི་གན་མཛོད་ཅིག་འགྲུབ་ངེས་ཤིང་། ཁི་ལོ་ཊྲི(cloud computing)་རྩིས་གྲངས་ལག་རྩལ་དང་འཕེལ་རྒྱས་ཆེ་བའི་ཐིར་མེ་ཎོ(Terminal)ལ་བརྟེན་ནས་ཉི་མ་རྟག་པར་མི་སུས་ཀྱང་ལེན་རྐྱང་དུ་ཆགས་ངེས། གནས་ཚུལ་འདི་འདྲའི་འོག་ཏུ། ཁྱོད་ཀྱི་ཚད་མའི་རིགས་བསྒྲེས་རིགས་ལམ་ལ་ཚོད་བགམ་བྱེད་པས་ན། གལ་ཏེ་སྔོན་ཆད་ཁྱོད་རང་དཔེ་འཛིན་བསྐྱོར་སྦྱོང་དང་དྲན་ཤེས་ལ་བརྟེན་དྲགས་པ་ཞིག་ཡིན་ཚེ། ཁྱོད་ཀྱི་དགེ་མཚན་འབུར་དུ་ཐོན་ཏེ་གནས་མི་སྲིད་དོ།།

 

ཚེ་སྲོག་གི་སྙིང་བོ་འཚོལ་བའི་ཕྱིར་དུ་དཔེ་ཆ་ཀློག་པ། _ དཔེ་ཆ་ཀློག་པ་དེ་ཉིད་ཚེ་སྲོག་གི་དགོས་མཁོ་རུ་གྲུབ་པ།

དཔེ་ཆ་ཀློག་པ་ནི་ཚེ་སྲོག་གི་དགོས་མཁོ་དང་། མི་ཚེའི་བདེ་སྐྱིད་དུ་འགྱུར་སྐབས། གཞི་ནས་བག་ཕེབ་པ་དང་སྤྲོ་སྐྱིད་ཀྱི་སྣང་བ་བཅོས་མིན་དུ་སྐྱེ་ངེས།

དོན་དམ་དུ། དཔེ་ཆ་བཀླག་སྟངས་འདི་རྨད་དུ་བྱུང་བ་ཞིག་རེད་མོད། ཤིན་ཏུ་བློ་འགྱོད་སྐྱེས་པ་ནི། མི་ཚང་མས་དུས་ནམ་ཡང་འདི་འདྲའི་དཔེ་ཀློག་གི་སྐལ་བ་ལོངས་སུ་སྤྱོད་མི་ཐུབ་བོ། གལ་ཏེ་ཁྱོད་ཀྱིས་རང་གི་འདོད་མོས་ལྟར་དཔེ་ཆ་བཀླགས་ཚེ། ལོ་མཇུག་གི་བྱ་བའི་དཔྱད་འཇོག་གམ། ལོ་ལྔ་དང་གསུམ་ཡོངས་སུ་ལོངས་རྗེས་ཀྱི་བྱ་བའི་དཔྱད་འཇོག་ལ་འཁེལ་དུས། ད་དུང་ཡང་དཔེ་ཆ་ཀློག་བཞིན་བཞུགས་ཚེ་ཕལ་ཆེར་འགྲིག་ཡོད་པ་མ་རེད། ལྡོག་ན། ཁྱོད་ཀྱི་དབུ་ཁྲིད་ཀྱི་བློ་གྲོས་ཀྱི་སྤྱན་གྱིས་ཁྱོད་རང་འཇོན་མི་ཞིག་ཡིན་པ་རྟོགས་སྲིད་དེ། ན་ཧྲི(Nash)ལྟར་དུ་བལྟ་ཡང་སྲིད། ན་ཧྲི་ནི་ཤེས་པ་རྣལ་དུ་གནས་པ་ཞིག་མིན་ནའང་ཁོང་གི་མགོ་བས་ཁོ་ར་ཕྱིར་འབུད་བཏང་སྟེ་སྤྱུགས་ཡོད་པ་མ་རེད། དེ་ལྟར་ཆེས་མཇུག་མཐར་ཁོང་ལ་ནོར་བྷེལ་གཟེངས་རྟགས་རེག་སོང་ངོ་།

ཧྥུ་ཏན་གྱི་དཔེ་མཛོད་ཁང་དུ་རྒྱུན་མགྲོན་འགའ་ཡོད། དེའི་ཁྲོད་ལོ་ན་དགུ་བཅུ་ལྷག་ལ་བུད་པའི་ལས་འཁྱུར་དགོངས་ཞུ་ཅན་གྱི་བགྲེས་པོ་ཞིག་འདུག ཁོང་ཉིན་རྒྱུན་ལྕགས་རྟ་ལ་ཞོན་ནས་ཕེབས་ཤིང་། སྒོ་འབྱེད་མ་ཐག་ནང་དུ་འབྱོར་ལ། གུང་ཇར་རན་དུས་ཕྱིར་ལོག་འགྲོ། མ་ཟད། ཁོ་རང་འདུག་ས་ཀཱང་ཐེ(港台)ཚགས་ཤོག་སྤུང་བའི་ཉེ་ལོགས་ཡིན་ཞིང་། ཉིན་གང་བོར་གཟིགས་ཀིན་འདུག་པས། གཟིགས་རྗེས་ག་རེ་བྱེད་ཀྱིན་པ་ཧ་གོ་མ་སོང་། ད་དུང་ལོ་གྱ་གཅིག་ཅན་གྱི་བགྲེས་སོང་ཅིག་ཡོད། ཉིན་ཞིག་དཔེ་ཀློག་བྱེད་སྒང་དུ་ཁོ་རང་ཐང་དུ་འགྱེལ་ནས་སྙིང་ནད་འཕར་སོང་། ཁོས་དཔེ་ཆར་མ་བལྟས་ན། ཚེ་འཕོས་ནའང་མིག་བཙུམ་མི་ཐུབ་པ་འདྲ། ལུས་པོ་ཇེ་བདེ་ལ་སོང་ན་ཁོ་རང་ཕྱིར་ཡོང་ངེས་པ་གདོན་མི་ཟའོ། ། འོ་ན། ཁོང་གིས་དཔེ་ཆ་ཀློག་དོན་ཅི་ཞིག་གི་ཕྱིར་དུ་ཡིན་ནམ། ཁོང་གིས་ལས་ཐོབ་འཕར་བའམ་དཔྱད་རྩོམ་སྤེལ་བ་སོགས་བྱེད་མི་དགོས་ལ། ཤེས་བྱ་རྒྱ་ཆེར་ཡང་བསགས་དོན་ཞིག་མེད་དོ།། འོ་མ་གཞི་ཡིན་པ་ནི། ཁོང་གིས་དཔེ་ཀློག་ནི་མི་ཚེའི་གྲུབ་ཆ་ཞིག་དང་། སྤྲོ་སྣང་རིགས་ཤིག་ཏུ་བསམས་ཤིང་། ནམ་ཞིག་གི་ཚེ། དཔེ་ཆ་ཀློག་ཞོར་ཚེ་ཡི་འཕེན་པ་རྫོགས་དུས། ཁོ་རང་གི་འདོད་ཐོག་ལ་རྟ་རྒྱུག་པ་དང་། བསམ་ཐོག་ལ་ཆར་བབས་པ་ཡིན་ལ། དེ་ནི་ཁོང་གི་སེམས་ཀྱི་ལོག་མལ་ཡིན་ནོ།།

འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་ཏུ། མི་ལ་ཤས་ལས་འཁྱུར་བྱས་པ་ཧ་ཅང་སྔ་སྟེ། དེ་ནི་སྒོར་མོ་བསགས་པ་ཚད་དུ་ལོངས་པས་རེད། ཁོ་ཚོའི་གོམ་པ་ཕྱི་མ་ནི་ཇི་ལྟར་ལོངས་སུ་སྤྱོད་མིན་ལ་སྤོ་རྒྱུ་དེའོ།། ཁོ་ཚོ་ལས། རེ་འགས་ཡུལ་ཁམས་མྱུལ་ཞིང་། རེ་འགའ་དཔེ་ཆ་ཀློག་པའི་ལས་སུ་ཞུགས་སོ།། ཉིན་འདི་འགར་ཨ་རིའི་ཐང་གུར་ཉམས་ཞིབ་རོགས་སྐྱོར་ཚོགས་པའིThe Tang Reseach Foundationདབུ་གཙོ་ལོ་ལྗེ་ཝི་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བསྒྲགས་འདུག ཁོང་དགུང་ལོ་ང་བརྒྱད་ལ་བཞུགས་འདུག མི་བོ་ཆེ་འདི་དང་ཐོག་རྩིས་འཁོར་གྱི་འཇོན་མི་དང་ཁེ་ལས་པ་ཞིག་རེད། ཕྱིས་སུ་ཁོ་རང་ཀྲུང་གོའི་རིག་གནས་དང་སྒོས་སུ་ཐང་གུར་གྱི་རིག་གནས་ལ་སྤྲོ་བ་སྐྱེས་ཏེ། ཁེ་ལས་གཉེར་ནས་མ་དངུལ་མང་པོ་བསགས་རྗེས། ཕྱིར་འབུད་གནང་ལ། ཁྲེ་ཀ་ཀོ་གཙུག་ལག་སློབ་ཆེན་གྱི་མགྲོན་བཞུགས་དགེ་རྒན་ཆེན་མོའི་འགན་བཞེས་པ་དང་། ཁོང་གིས་ཐང་གུར་ཉམས་ཞིབ་རོགས་སྐྱོར་ཚོགས་པThe Tang Reseach Foundationབཙུགས་ཤིང་། ཐང་གུར་ལ་ཉམས་ཞིབ་བྱེད་པའི་དུས་དེབ་མང་པོར་མ་དངུལ་གྱིས་རོགས་སྐྱོར་གནང་འདུག

མི་ཚེའི་བདེ་སྐྱིད་དང་། ཚེ་སྲོག་གི་དགོས་མཁོར་དམིགས་ཏེ་དཔེ་ཆ་ཀློག་པའི་མི་ཇི་ལྟར་ཇེ་མང་དུ་སོང་ན། སྤྱི་ཚོགས་ཀྱང་སྔར་བས་དེ་ལྟར་འཕེལ་ཁ་མྱུར་ངེས་ཤིང་། མིའི་འཕེལ་རྒྱས་ཀྱི་ཚད་ཀྱང་དེར་བསྟུན་གྱིས་མཐོ་རུ་འགྲོ་བ་ཡིན། ཀྲུང་གོའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས། མི་སོ་སོས་རང་དབང་གི་དུས་ཚོད་ངེས་ཅན་རེ་སྤྱད་ནས་དཔེ་ཀློག་ལ་ཞུགས་ན་འོས་ཤིང་། དཔེ་ཀློག་ནི་མི་ཚེ་ཡི་ལོངས་སྤྱོད་ཅིག་ཏུ་བལྟས་ན་ཡག་པར་འདོད། དེས་ན་འདྲི་ཚིག་ཅིག་མདུན་དུ་ལྷགས་ཡོད་པ་ནི། དཔེ་ཀློག་གིས་དོན་དམ་དུ་ང་ཚོར་ཅི་ཞིག་སྟེར་ངེས་སམ་ཞེས་པའོ།།

འཛམ་གླིང་ལ་ཕྱོགས་པའི་ཕྱིར་དུ་དཔེ་ཆ་ཀློག་པ། _  ལས་དབང་ལ་ཁ་ལོ་སྒྱུར་ཐུབ་མིན་ནི་ཇི་ལྟར་བཀླག་མིན་ལ་རག་ལས་ཡོད།

ལོ་འདི་དག་ལ། མི་རྣམས་ཡང་བསྐྱར་དཔེ་ཀློག་ནི་ཅི་ཞིག་ཡིན་མིན་ལ་མགོ་རྨོངས་པར་གྱུར། མི་ལ་ཤས་ཀྱིས། ཤེས་བྱས་ལས་དབང་ལ་ཁ་ལོ་སྒྱུར་མི་ཐུབ་ཞེས་སྨྲས་ལ། སྨྱན་གཟུགས་ཀྱིས་“སློབ་ཆེན་པ་ཞིང་པ་ལས་ཀ་བར་མི་དོ་བ”འི་ཚུལ་སྤེལ་སོང་། ངས་བལྟས་ན་འདི་ནི་བྱུང་རྒྱལ་དུ་ལབ་པའི་བབ་ཅོལ་གྱི་གཏམ་ཞིག་རེད་བསམས། ཞིང་པ་ལས་ཀ་བ་ལས་ཤེས་རབ་རྩལ་དང་ལྡན་པ་ཞིག་གམ། གོ་སྐབས་ཡག་པོ་བྱུང་ཡོད་པ་ཞིག་རྒྱུ་མཚན་དུ་བྱས་ནས། བརྒྱ་ཁ་གཅིག་གཅོད་ཀྱིས“སློབ་ཆེན་པ་ཞིང་པ་ལས་ཀ་བར་མི་དོ”ཞེས་སྨྲ་མི་རུང་ངོ་།། དཔེ་ཀློག་གིས་ལས་དབང་ལ་ཁ་ལོ་སྒྱུར་ཐུབ་བམ་མི་ཐུབ། དོན་ངོ་མར་འདི་ནི་ཁྱོད་ཀྱིས་ཇི་ལྟར་བཀླག་མིན་ལ་རག་ལས་ཡོད་དོ།།

ངས་ནི་སློབ་གྲྭ་ཆེན་མོ་འགྲིམ་མྱོང་མེད་མོད། ཉམས་ཞིབ་སློབ་མར་ཡིག་ཚད་ཀྱིས་ལོངས་ཡོད་དེ། མ་ཟད། ཧྥུ་ཏན་སློབ་ཆེན་གྱི་ལོ་རྒྱུས་སུ་ལོ་རྒྱུས་རིག་པའི་སྡེ་ཡི་ཆེད་ལས་ཀྱི་ཉམས་ཞིབ་སློབ་མ་ཨང་དང་པོའི་ཡིག་ཚད་བཏང་ཚར་ཡོད། དེ་ནི་ང་རང་ལ་ཆུང་དུས་ནས་སློབ་གྲྭ་དང་ཁྱིམ་གྱི་སློབ་གསོ་ཡག་པོ་ཐེབས་པས་ཡིན་ནོ།། དཔེར་ན། རིག་གནས་གསར་བརྗེ་སྐབས་སུ། ཨིན་ཡིག་སློབ་ཁྲིད་བྱས་ཆོག་པ་མ་རེད། ཚག་སྒྲ་འཚོང་བའི་བུ་མོནི་“གྲལ་རིམ་དབྱེན་ཟླུམ་དུ་བསྒྲགས་པ”དང་།ནམ་ཕྱེད་ཀྱི་བྱ་སྐད།ནི་“ས་བདག་གྲལ་རིམ་ཡོན་ཏན་ཀུན་རྫོགས་སུ་སྒྲུབ་བྱེད”དུ་སྨྲའོ།།། གང་ལྟར། བསླབ་ཚན་ཡག་པོ་གཅིག་ཀྱང་མེད་ས་རེད། དེའི་སྐབས། ཨིན་ཡིག་སློབ་ཁྲིད་བྱས་མི་ཆོག དེས་ན་ཇི་ལྟར་བྱེད་དམ། ལས་ཡག་པ་ནི་ངས་ཨིན་ཡིག་པར་མའིམོ་ཙེ་ཏུང་གསུང་རྩོམ་གཅེས་བསྡུས།ཞིག་རྙེད། དེའི་འགྱུར་ཧ་ཅང་ལེགས། དེ་བས་ན། མི་གཞན་གྱིས་རྒྱ་ཡིག་ལ་བལྟ་སྐབས་ངས་ནི་ཨིན་ཡིག་པར་མར་བལྟས་པ་ཡིན་ནོ།།

ངའི་ཡིད་ལ།  མོ་ཀྲུའུ་ཞིའི་གསུང་ཚིག་ཏུ་སྐད་ཆ་འདི་འདྲ་ཞིག་ཡོད་པ་དྲན་ཡོང་སྟེ། “མི་དམངས་གཅིག་ཀྱང་མེད་པའི་དམག་སྡེ་ལ་མི་དམངས་ཀྱི་ཡོད་ཚད་མེད་དོ”ཞེས་པའོ། དེ་ཨིན་ཡིག་ཏུ“Without the people’s army the people have nothing”ཅེས་པ་རེད། ཚིག་གྲུབ་འདི་ཧ་ཅང་ལེགས་པོ་འདུག ནང་གི་མིང་གཉིས་བརྗེས་པས་དེ་ལས་གཞན་པའི་ཚིག་ཕུན་སུམ་ཚོགས་པ་འབྲི་ཐུབ། དེ་ཕྱིར། ཉམས་ཞིབ་སློབ་མའི་ཨིན་ཡིག་གི་རྒྱུགས་ཚད་ལ་ང་རང་ཞེད་སྣང་ཅི་ཡང་མ་བྱུང་ངོ་། རིག་གནས་གསར་བརྗེའི་སྐབས། “ལིན་ཁོང་ལ་རྒོལ་བ”འི་ལས་འགུལ་བསླངས། ཁོང་ཙི་ལ་རྒོལ་ཞེས་སྐུལ་ན་ངས་ནི་ཁོང་ཙིའི་དཔེ་ཆར་བལྟས་པ་ཡིན་ལ།  གོ་སྐབས་དེར་བསྟུན་ཏེ་ཁོང་ཙིའི་དེབ་དག་ལ་ཐེངས་གཅིག་ལ་བལྟས་ཐུབ་སོང་། དེ་ནས་དུས་སྐབས་ངེས་ཅན་ཞིག་འདས་པ་ན། ཡང་“ཁྲིམས་གླེང་ནས་རུའུ་ལུགས་བསློག་པ”བྱུང་བ་རེད། དེ་ལྟར། ངས་དཔེ་ཆ་གང་ཡིན་ཡང་བལྟས་ཏེ། ལོ་རྒྱུས་དང་བརྡ་རྙིང་ལ་རྨང་གཞི་བཞག་པ་ཡིན། དེ་ལྟ་མིན་ཚེ་ངའི་མ་གཞིའི་མཐོ་རིམ་སློབ་འབྲིང་གི་ཆུ་ཚད་ཀྱིས། ཉམས་ཞིབ་སློབ་མའི་ཡིག་ཚད་གཏང་ཐུབ་བམ།

དེ་ཕྱིར། མི་ཚེ་ནང་གོ་སྐབས་ཡག་པ་ལ་འཕྲད་དགོས་ཤིང་། དེ་ལས་ཀྱང་ནར་མའི་གུས་རྟག་གི་བརྩོན་པ་དགོས་ཏེ། གོ་སྐབས་ཡག་པོ་བྱུང་བ་ལ་སྔོན་འགྲོའི་རྒྱུ་ཚོགས་བསྐྲུན་པའོ།། སློབ་མ་རེ་གཉིས་ཀྱིས། གལ་ཏེ་གོ་སྐབས་ཡག་པོ་མ་བྱུང་ན། ད་ནི་མི་ཚེ་སྟོང་ཟད་བྱས་ཏེ་བཀླག་པ་མིན་ནམ་ཟེར། ངའི་ལན་ནི། གལ་ཏེ་ཁྱོད་ཀྱིས་དེ་ཉིད་མི་ཚེའི་སྤྲོ་སྐྱིད་ཞིག་ཏུ་བསམས་ཚེ། དེ་ཉིད་རང་དགར་བཀླགས་པ་ཙམ་དུ་ག་ལ་འགྱུར་ཞེས་པའོ།། ཁྱོད་ཅག་གི་དུས་སྐབས་ནི་ངེད་ཅག་གི་དུས་སྐབས་དང་མི་འདྲ་སྟེ། ད་ལྟ་བཅོས་སྒྱུར་སྒོ་འབྱེད་ཀྱི་དུས་སྐབས་ཡིན་པས། གོ་སྐབས་ཤིན་ཏུ་འབེལ་བོ་ཡོད་དེ། ད་ནི་ཁྱོད་ཀྱིས་བརྩོན་ལེན་བྱེད་ཐུབ་མིན་གྱི་གནད་ལ་ཐུག་ཡོད། གོ་སྐབས་དམ་འཛིན་བྱ་ཕྱིར། རྣམ་པ་ལྷན་རྒྱས་ནས་ཤོག་བུའི་དཔེ་ཆ་ལ་བལྟ་དགོས་པས་མི་ཚད། སྤྱི་ཚོགས་ཀྱི་དཔེ་ཆ་དང་། འཛམ་གླིང་གི་དཔེ་ཆ་ལ་བལྟས་ན། ད་གཟོད་དོན་དམ་བདེན་པ་ནམ་ལངས་རྗེས་ཀྱི་ཉི་མ་ལྟར་རྙེད་སྲིད་དོ།།

ནམ་རྒྱུན་གཞན་གྱིས། ཁྱེད་ཅག་ལོ་རྒྱུས་ཉམས་ཞིབ་པ་དག་དངོས་ནས་ངར་བ་རེད། བརྡ་རྙིང་ཐམས་ཅད་ཁོང་དུ་ཆུད་འདུག་ཅེས་བསྙད་མོད། འོན་ཀྱང་ངས་ནི་ནུས་པ་ངོ་མ་བོ་ནི་དཔེ་ཆ་ལ་གོ་བ་རྙེད་པ་དེ་མ་ཡིན་པར། དཔེ་ཆའི་གོ་བའི་ལྟག་རྒྱབ་ཀྱི་སྤྱི་ཚོགས་ཀློག་ཐུབ་པ་དེ་རེད་ཅེས་ལན་བྱིན་པ་ཡིན། བརྡ་རྙིང་ཇི་འདྲ་གོ་དཀའ་ནའང་། མཐར་མི་རྣམས་ཀྱིས་ཡང་ཡང་དཔྱད་དེ་ཧ་གོ་དུས། ཆུ་ཚད་གཅིག་པ་གཅིག་རྐྱང་དུ་ཆགས་ཡོད། འོན་ཏེ། མི་ལ་ཤས་ཀྱིས་ཅིའི་ཕྱིར ཡི་གེ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྣང་ཚུལ་མཐོང་ཐུབ་པ་ཡིན་ནམ། མི་གཞན་སུས་ཀྱང་ཡིད་ལ་མ་ཤར་བའི་ལུགས་མཐུན་གྱི་སྡོམ་ཚིག་བཀོད་པ་ཡིན་ནམ། འདི་ནི་དཔེ་ཆ་ལ་བལྟ་དགོས་པར་མ་ཟད། དེ་ལས་ཀྱང་སྤྱི་ཚོགས་བཀླགས་ཐུབ་མིན་ལ་ཐུག་ཡོད།

དཔེར་ན། ཅང་ཅེ་ཧྲིའི་ཉིན་ཐོ་ད་ལྟ་སུས་ཀྱང་བལྟས་ཆོག་པ་རེད། དེར་ཁོ་རང་ལོ་ན་གཞོན་དུས་བསྲན་མ་ཐུབ་པར་འདོད་འཇོ་གླིང་ལ་ཕྱིན་པ་བྲིས་ཡོད་པ་རེད། རང་ཉིད་ཀྱི་སྐྱོན་ཆ་བྲིས་པ་ཅུང་ཟད་དྲང་བོ་དྲང་བཞག་ཡིན་སྣང་འཆར་ཏེ། ད་ལྟ་བཀླགས་ན་ལོས་བདེན་འདོད་སྲིད་མོད། འོན་ཀྱང་ཅང་ཅེ་ཧྲེའི་ཉིན་ཐོ་ལ་བསླད་ཅུང་ཟད་ཀྱང་ཞུགས་མེད་པ ཡིན་ནམ། གཞན་གྱིས་དེའི་ཉིན་ཐོ་དང་ལོ་རྒྱུས་གཉིས་བསྡུར་བ་བྱས་མྱོང་འདུག་སྟེ། སྐབས་འགར་ལོ་རྒྱུས་སུ་དོན་དག་མང་པོ་ཞིག་བྱུང་མྱོང་ནའང་། ཉིན་ཐོ་རུ་དེའི་སྐོར་ཡིག་འབྲུ་གཅིག་ཀྱང་མཐོང་རྒྱུ་མེད་དོ།། དེའི་ཕྱིར། ལོ་རྒྱུས་ལ་ཉམས་ཞིབ་བྱེད་ན། དཔེ་ཆ་བཀླག་པ་ཁོ་ནས་མི་ཆོག་པར། སྤྱི་ཚོགས་ལ་བརྟག་དཔྱད་ཀྱང་བྱ་རིགས་སོ།།

ཀྲུང་གོའི་ལོ་རྒྱུས་ཡིག་ཆ་ཕོན་ཆེ་བ་ནི་ཆབ་སྲིད་ཀྱི་བདག་ཉིད་ཅན་ཡིན་པ་རེད། ཁུང་ཙིས་དག་སྒྲིག་བྱས་པའིཁྲུན་ཆིའུལ་ཁྲོན་ཆིའུ་འབྲི་ཐབས་སྤྱད་ཡོད་པ་རེད་དེ། དེ་ནི། གོ་གནས་མཐོ་ཞིང་། བརྩི་བཀུར་ཐོབ་པའི་མིས་ནོར་འཁྲུལ་བཟོས་ཀྱང་ལྐོག་ཏུ་སྦེད་པར་བྱེད་ལ། ལྐོག་ཏུ་སྦེད་ཐབས་མེད་ཀྱང་ཚིག་རྒྱན་བཀོལ་ནས་བརྩི་བཀུར་བྱེད་པ་རེད། དཔེར་ན། ཀྲོའུ་རྒྱལ་རབས་ཀྱི་དུས་སུ་ཟིང་ཆ་ཆེ་སྒང་ལ། ཀྲོའུ་གོང་མ་ཧི་ཡང(河阳)ལ་བྲོས་བྱོལ་དུ་ཕེབས་པ་རེད། དོན་དག་འདི་སྔོན་གྱི་མིས“གནམ་བསྐོས་གོང་མ་ཧི་ཡང་ལ་བྲོས་པ། ”(天王奔于河阳)ཞེས་བྲིས་ཡོད་པ་རེད། འོན་ཀྱང་། ཁུང་ཙིས“གནམ་བསྐོས་གོང་མ་ཧི་ཡང་ལ་རི་དྭགས་རྔོན་དུ་བསྐྱོད་པ།”(天王狩于河阳) ཞེས་བཅོས་ཡོད།འདིའི་ཡི་གེ་ཧྲིག་གི()དོན་ནི། རི་དྭགས་རྔོན་པའི་དོན་རེད། དེ་བཞིན་ནང་དོན་ཡང་རྦད་དེ་འགྱུར་ཡོད་པ་རེད། ཡིན་ནའང་། གོང་མ་ཉིད་རྒྱལ་སར་ཁ་བྲལ་ཏེ་ཕྱི་ལ་བྲོས་པ་ཉིད་སྦེད་ཐབས་མེད་མོད། ཡི་གེ་ཧྲིག()འདི་སྤྱད་པ་ནི་ཁོ་རང་ཆེས་མཐོའི་དབང་སྒྱུར་བ་ཡིན་པར་བརྟེན། སྔར་བཞིན་བརྩི་བཀུར་བྱེད་དགོས་པས་སོ།།འདིའི་རྒྱབ་ལྗོངས་ཧ་མི་གོ་བའི་མིས་གོང་མ་ཁོང་དངོས་གནས་རི་དྭགས་རྔོན་དུ་བསྐྱོད་པ་རེད་བསམ་ངེས། དེ་དང་ཆ་འདྲ་བ་ནི། རྒྱལ་ཁབ་བརྒྱད་ཀྱི་མཉམ་འབྲེལ་དམག་གིས་པེ་ཅིང་ལ་རྒོལ་སྐབས་རྒྱལ་ཡུམ་ཚི་ཞི་རྟབ་རྟུབ་པོར་པེ་ཅིང་མཁར་ཕྱིར་བྲོས་པ་རེད། ཆིང་རྒྱལ་རབས་ཀྱི་དཔོན་དམག་གི་ངག་དང་སྐབས་དེའི་གསར་འགྱུར་གྱི་གནས་ཚུལ་ནི་རྒྱལ་ཡུམ་ནུབ་ལ་རི་དྭགས་རྔོན་དུ་བསྐྱོད་པ(西狩)ཞེས་སོ།།

ལོ་རྒྱུས་ལ་ཉམས་ཞིབ་བྱེད་པའི་ཚེ། གནའ་རབས་སྤྱི་ཚོགས་སུ་ཕྱིན་ཏེ་བརྟག་དཔྱོད་བྱེད་པ་དེ་འདྲ་དཔེ་མི་སྲིད་པས་ན། གལ་ཏེ་ཀྲུང་གོའི་དེང་སང་གི་སྤྱི་ཚོགས་ལག་མཐིལ་གྱི་རྫས་བཞིན་མཐོང་ནུས་ན། ད་ནི་ཀྲུང་གོའི་སྲོལ་རྒྱུན་སྤྱི་ཚོགས་བདེ་ལེགས་ངང་ཇི་ལྟ་བུ་ཡིན་པ་རྟོགས་ཐུབ། ངས་མི་གྲངས་ལོ་རྒྱུས་ལ་ཉམས་ཞིབ་བྱེད་སྐབས། མི་གྲངས་ཁྲོད་དུ་སྣང་ཚུལ་ཡ་མ་བརླ་མང་པོ་ཡོད་པ་མཐོང་བྱུང་།

སུང་རྒྱལ་རབས་སྐབས་སུ། རྒྱལ་ཡོངས་སུ་དུད་ཁྱིམ་རེར་མི2.65དང་། ཆེས་ཉུང་མཐའ་ཡང་མི1.4ཡོད་པ་རེད། མི1.4འདི་འདྲ་ཡིན་དུས་དུད་ཁྱིམ་ཞིག་ཇི་ལྟར་གྲུབ་བམ། འདི་འདྲ་ཡིན་ཚེ་ཚང་མ་ཕོ་རྐྱང་མོ་རྐྱང་ཆགས་ཡོད་ས་རེད། འདི་འདྲ་དཔེ་སྲིད་དམ། རྗེས་སུ་གཟབ་ནན་གྱིས་ཉམས་ཞིབ་བྱས་པ་ན། གྲངས་ཀ་འདི་ནི་དབུས་སྲིད་གཞུང་ལ་ཕུལ་བའི་དཔྱ་ཁྲལ་གྱི་གཞི་འཛིན་གྲངས་ཡིན་པ་ཤེས། དེ་ནི་མི་ཇི་ལྟར་ཉུང་ན་དེ་ལྟར་ཕན་ཁེ་ཡོད་པ་དེས་སོ།། ཡིན་ནའང་། དབུས་སྲིད་གཞུང་ལ་ཆག་སྒོའི་སྙན་ཞུ་འབུལ་དུས། གོང་དང་ལྡོག་སྟེ་དུད་ཁྱིམ་རེར་མི་ལྔའི་ཡན་ན་ཡོད་དོ།།

ད་ལྟ་རང་རྒྱལ་གྱི་མི་གྲངས་ཞིབ་བཤེར་བྱེད་དུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚང་མར་དངོས་ཐོག་བདེན་འཚེལ་དང་དྲང་བོ་དྲང་བཞག་གིས་བཤད་དགོས་པའི་ཆ་རྐྱེན་འདོན་གྱི་ཡོད་པ་རེད། རང་འགུལ་གྱིས་ཁྱིམ་ཐོ་རྩིས་འབུལ་ཞུ་མཁན་ལ་ཆད་པ་གཅོད་ཀྱི་ཡོད་པ་མ་རེད། འདི་ལྟར་བལྟས་ན། སྔོན་དང་ད་ལྟ་ལ་ཁྱད་པར་ཆེན་པོ་མི་འདུག དེ་བས་ན། དཔེ་ཆར་བལྟ་དུས་སྤྱི་ཚོགས་ལ་སྦྲེལ་བ་དང་། སྤྱི་ཚོགས་ཧ་གོ་བ་བྱ་དགོས། གནའ་མིས་ངག་ནས་ཇི་སྐད་དུ། གླེགས་བམ་ཁྲི་སྟོང་བཀླགས། ལེ་དབར་ཁྲི་སྟོང་བརྒལ། སྨྲས་པ་ཇི་ལྟ་བ་ནང་བཞིན། ཁྱོད་རང་ཕྱི་རུ་བསྐྱོད་དེ་སྤྱི་ཚོགས་ལ་རྒྱུས་ལོན་ཚེ། ད་གཟོད་དཔེ་ཀློག་གིས་གོ་ཆོད་དོ།།

མི་ཚེའི་བདེ་སྐྱིད་དང་ལེགས་འགྲུབ་ནི་དཔེ་ཆར་བལྟས་པ་ཁོ་ནས་ཡོངས་སུ་རྫོགས་པར་མཚོན་མི་ནུས་ཏེ། ཁྱོད་ཀྱི་མི་གཞི་དང་། དཔེ་ཀློག་ཕུད་པའི་ལས་གཞན་ལ་བརྩོན་འགྲུས་བརྩམས་པ་དེ་ལ་རག་ལས་ཤིང་ཐག་གཅོད་པ་ནི་ལྟ་ཅི་སྨྲོས་སོ།། །།

   

རྩོམ་འདི་ནི་དགེ་རྒན་ཆེན་མོ་ཀེ་ཀྱན་ཞུང་གིས་ཧྲན་ཐིག་གཙུག་ལག་སློབ་ཆེན་དུ་གཏམ་བཤད་གནང་བའི་མ་ཟིན་ལེགས་བཅོས་འཕྲི་སྣོན་བྱས་པ་ཞིག་ཡིན། ཁོང་གིས་དགེ་སློབ་དག་དང་མཉམ་དུ་དུས་རབས་གསར་བའི་དཔེ་ཆ་ཀློག་ཐབས་དང་དོན་སྙིང་མཉམ་སྤྱོད་གནང་ཞིང་། ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་སྤྱད་ནས། “དཔེ་ཀློག་གིས་ལས་དབང་ལ་ཁ་ལོ་སྒྱུར་ཐུབ་པ”གསལ་འགྲེལ་གནང་ཡོད།

རྩོམ་ཁུངས། ཀྲུང་གོའི་སློབ་གསོ་ཚགས་ཤོག2015ལོའི་ཟླ3པའི་ཚེས2ཉིན།

阳春白雪ནི་ཀྲུང་གོའི་གནའ་བོའི་རོལ་མོ་གྲངས་ཅན་བཅུའི་གྲས་ཀྱི་གཅིག་ཡིན།

②③卖炭翁》《长恨歌

学富五车

大学生不如农民工