༄།། བླ་མགོན་དབྱེར་མེད་ཀྱི་གསོལ་འདེབས།

རྙེ་སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད།(1802—1861)

རྒྱན་ཀུན་འགྲོ་ལ་རྗེས་ཆགས་རང་མདངས།
བླ་མགོན་དབྱེར་མེད་མ་ཅིག་སྲོག་བདག།
གནོད་སྦྱིན་སྡེ་བཞི་དམ་ཅན་རྒྱ་མཚོས།།
དེང་འདིར་མི་མཐུན་ཉེར་འཚེ་ཞི་མཛོད།།
ས་མཁན་བཤེས་གཉེན་མཆོག་གིས་ཅི་མཛད།།
ཡོན་ཏན་ལས་གཞན་སྐྱོན་སྣང་ཀུན་ཞི།།
དེ་ལ་མི་ཕྱེད་གཅིག་ཏུ་དད་པས།།
ལམ་གྱི་རྨང་གཞི་བདག་གིས་ཟིན་མཛོད།།
ཐོབ་དཀའ་ཐོབ་ན་དོན་ཆེའི་མི་ཉིད།།
འཆི་བའི་རྐྱེན་མང་གསོན་པ་ཡི་ཉུང་།།
དེ་ཕྱིར་ནམ་འཆི་ངེས་མེད་བསམས་པས།།
འདི་སྣང་ཆོས་ལ་གདུང་བ་ཞི་མཛོད།།
ཕྱི་མར་གར་སྐྱེས་ལས་ཀྱི་གཞན་དབང་།།
ཐོག་མེད་ནས་བསགས་སྟོབས་ཆེན་སྡིག་པས།།
ངན་འགྲོར་སྐྱེ་དགོས་དེ་ལས་སྐྱོབ་པའི།།
སྐྱབས་ལ་ཡིད་ཆེས་བློ་འགེལ་ཐོབ་མཛོད།།
དེ་ཡང་སྐྱབས་གནས་དགེ་སྡིག་བླང་དོར།།
ཚུལ་བཞིན་བྱས་པས་ཡན་ལག་བརྒྱད་ལྡན།།
ལམ་མཆོག་སྒྲུབ་ལ་ས་ཆོད་ཆེ་བའི།།
དལ་འབྱོར་ཀུན་ཚང་རྟེན་བཟང་ཐོབ་མཛོད།།
ལས་ཉོན་མཐུ་ཡིས་ཉིང་མཚམས་སྦྱར་ཕྱིན།།
སྲིད་འདིར་སྡུག་བསྔལ་མཆིས་སོ་ཅོག་གིས།།
མནར་བར་མེ་འབར་ཁྱིམ་དུ་ཆུད་འདྲའི།།
སྐྱོ་ཤས་དྲག་པོས་ཐར་བར་བསྐུལ་མཛོད།།
རང་ཉིད་ཇི་བཞིན་མཁའ་ཁྱབ་མ་རྒན།།
སྲིད་པའི་ཉེས་བརྒྱས་རྟག་ཏུ་མནར་བར།།
བུ་སྡུག་ན་བས་གདུང་ལ་མ་བཞིན།།
བྱམས་བརྩེས་དྲངས་པའི་སེམས་མཆོག་ཐོབ་མཛོད།།
ཕྱིན་དྲུག་སྤྱོད་པ་སྤྱི་དང་ཁྱད་པར།།
གང་སྣང་བཙལ་བས་བདེན་པའི་གཏོང་བྲལ།།
རྫུན་པར་ངེས་ལ་བདེན་གཉིས་གྲུབ་པས།།
ཐབས་དང་ཤེས་རབ་ཕ་མཐར་ཕྱིན་མཛོད།།
ནམ་ཞིག་འདི་སྣང་འགགས་ཚེ་བྱམས་བརྩེ།།
དམིགས་མེད་དྲན་པའི་དགའ་སྤྲོའི་ངང་ནས།།
ལུས་སེམས་འབྲེལ་འཐོར་ཕྱི་མའི་བར་དོར།།
ཁྱོད་གསུང་སྙན་དགུས་དབུགས་དབྱུང་ཐོབ་མཛོད།།
ཌ་མ་རུ་དང་གཡེར་ཁའི་སྒྲ་ཡིས།།
སྙིང་ལ་མི་བཟད་དགའ་བདེ་སྟེར་བཞིན།།
ཤམ་བྷ་ལར་སྐྱེས་རིག་ལྡན་ཐུགས་བཅུད།།
གསང་ཆེན་སྒྲུབ་པ་ཕ་མཐར་ཕྱིན་མཛོད།།
བླ་མ་མཆོག་གསུམ་ཆོས་ཉིིད་བདེན་པ།།
བླ་མགོན་དབྱེར་མེད་བྱིན་རླབས་ནུས་མཐུ།།
བདག་ཅག་རྩེ་གཅིག་གདུང་བའི་དད་པ།།
ཚོགས་པས་རེ་བ་ཡིད་བཞིན་འགྲུབ་མཛོད།།

༄།། རྗེ་བཙུན་སྒྲོལ་མ་ལ་ཐུགས་རྒྱུད་བསྐུལ་བའི་གསོལ་འདེབས་པད་དཀར་ཕྲེང་བ་ཞེས་བྱ་བ།

རྒྱལ་ཀུན་ཡེ་ཤེས་ཀྱི་རང་མདངས་མར་གད་ཀྱི་མདངས་འཛིན།།
བརྩེ་བའི་ཟུར་མིག་གིས་འགྲོ་རྣམས་བུ་བཞིན་དུ་གཟིགས་པའི།།
རྒྱལ་ཡུམ་སྒྲོལ་མ་ཞེས་གྲགས་སྙན་ཨུཏྤལ་གྱི་འཕྲེང་བ།
སྤྱི་བོར་བསྟེན་པ་དེར་འདི་ལྟར་གདུང་ཤུགས་ཀྱིས་གསོལ་འདེབས།།

རིང་ནས་མ་ཁྱོད་ཀྱི་ཡོན་ཏན་གསང་བ་གསུམ་ཐོས་པས།།
གླང་ཆེན་པད་མཚོར་བཞིན་བདག་ཡིད་དེ་རྗེས་སུ་ཕྱོགས་ཏེ།།
བྱང་ཆུབ་དེ་སྲིད་དུ་འདི་ཕྱིའི་དོན་གཉིས་ཀྱི་ལེགས་ཚོགས།།
ཁྱོད་ལ་རེ་ལྟོས་སུ་བགྱིའོ་དགོངས་མཛོད་ཅིག་བརྩེ་ལྡན།།

གཡུ་ཡི་འཁྲི་ཤིང་བཞིན་ཕྲ་ལྡེམ་འཇོ་སྒེག་གི་ཉམས་ཅན།།
དྲི་ཟའི་རྒྱུད་མང་ལྟའི་གསུང་སྙན་དངོས་གྲུབ་ཀྱི་གཏེར་ཆེན།།
ཟབ་ཡངས་རྒྱ་མཚོ་ལྟར་མཁྱེན་བརྩེའི་གཏིང་དཔག་དཀའི་ལྷ་མོ།།
རིང་ནས་སྐྱབས་སོང་གི་བུ་ལ་དགྱེས་པའི་ཞལ་ངོམས་ཤིག།

གློ་བུར་ནད་གདོན་སོགས་རྐྱེན་ངན་རུ་འཛིངས་སུ་འཁྲུགས་ཏེ།།
དགེ་སྦྱོར་གང་བྱས་ཀྱང་དོན་པོ་གནད་སྨིན་ཞིག་དཀའ་བས།།
བུ་ལ་རྗེས་ཆགས་ཀྱི་སྤྲིན་ལས་བྱིན་རླབས་ཀྱི་ཆར་གྱིས།།
གདུང་བའི་མེ་ལྕེ་ཀུན་གཞིལ་དང་དགེ་སེམས་ཀྱིས་བརླན་མཛོད།།

རབ་འབྱམས་མདོ་རྒྱུད་ཀྱི་དོན་ལ་ཐོས་སོགས་ཀྱིས་གང་ཞུགས།།
སེམས་ཀྱི་མཚར་ཐོག་ཏུ་བསྐོར་ཏེ་རྒྱུད་སྟེང་ནས་ལེགས་སྦྱངས།།
བསགས་སྦྱང་རླབས་ཆེན་ལ་བརྩོན་པ་བླ་ལྷག་ཏུ་བགྱིས་པས།།
རྣམ་དཀར་ཡར་ལྡན་དུ་བསྐྱེད་ཅིག་ཐུགས་རྗེ་ཡི་གཏེར་ཆེན།།

དམྱལ་བ་ངན་སོང་གི་གཡང་ནས་གཏན་སྡོད་དུ་ཉེ་བའི།།
ནམ་ཞིག་སྐྱུར་དགོས་ཀྱི་ཚེ་འདིའི་འདུན་མ་ཡི་འཕྲང་ནས།།
མཚན་ལྡན་བཤེས་གཉེན་གྱི་གདམས་པའི་འཁར་བ་ཡི་འཕྲུལ་གྱིས།།
མཐོ་རིས་སྤང་ལྗོངས་ཀྱི་དགའ་བདེའི་དཔལ་ཡོན་ཞིག་ཐོབ་མཛོད།།

འབྱུང་འགྱུར་མཐའ་བྲལ་གྱི་སྡུག་བསྔལ་མ་ལུས་པའི་སྣ་འདྲེན།།
དེ་ལྟ་གྲུབ་ཟིན་གྱི་སྡུག་བསྔལ་འབའ་ཞིག་གི་ཁོལ་བོ།།
ལས་ཉོན་མཐུ་བཙན་པོ་འཁོར་བར་རང་ཉིད་སྦྱོར་འདི་ལ།།
ཞེན་པ་གཏིང་ལོག་གིས་ཐར་བའི་བསྐུལ་མ་ཞིག་ཐོབ་མཛོད།།

རང་ཉིད་ཡལ་བོར་ཏེ་གཞན་ལ་རང་ཉིད་བཞིན་གཅེས་པས།།
མཁའ་ཁྱབ་མ་རྒན་གྱི་སྡུག་བསྔལ་རྒྱུ་འབྲས་ཀྱི་ཆོས་ཀུན།།
གཅེས་འཛིན་རང་སྟེང་དུ་དྲངས་ཤིང་བདག་ཉིད་ཀྱི་དགའ་བདེ།།
གཞན་ལ་བཏང་བ་དེས་འགྲོ་ཀུན་དགའ་བདེ་ཡིས་ཚིམ་མཛོད།།

རྫོགས་པའི་བྱང་ཆུབ་མཆོག་སྒྲུབ་པའི་ཕྱི་ནང་གི་མཐུན་རྐྱེན།།
གང་དགོས་བསམ་ཙམ་ནས་འགྲུབ་པའི་འཕྲིན་ལས་ཀྱི་གཏེར་དང་།།
བྱང་ཆུབ་མ་ཐོབ་པར་བདག་ཉིད་མཐོང་ཐོས་དང་དྲན་གང་།།
དེ་ཡི་དོན་གཉིས་ཀུན་འགྲུབ་པར་འཕགས་མ་ཡིས་དགོངས་མཛོད།།

ལུས་ཀྱི་སྤྱོད་ལམ་དང་ངག་ནས་དོན་ལྡན་གཏམ་གང་བགྱིས།།
སེམས་ཀྱི་འཆར་སྒོ་ཀུན་མཁའ་ཁྱབ་མ་རྒན་གྱི་འགྲོ་ལ།།
གཏན་དུ་བདེ་བའི་རྒྱུར་རྒྱལ་སྲས་རྒྱ་མཚོ་ལས་ལྷག་པའི།།
དཔག་དཀའི་བྱང་ཆུབ་ཀྱི་སྤྱོད་པ་ཕ་མཐའ་རུ་ཕྱིན་མཛོད།།

ཁྱད་པར་ཚེ་འདི་ཡི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ།།
གང་བགྱིས་གཞན་དོན་དུ་འགྱུར་བ་འབའ་ཞིག་གི་ངང་ནས།།
ནམ་ཞིག་ཕ་རོལ་ཏུ་འགྲོ་ཚེ་ངེས་འབྱུང་དང་བྱང་སེམས།།
ཡང་དག་ལྟ་བ་ཡིས་དགའ་སྤྲོའི་གདེང་ཐོབ་ཅིག་མཛོད་མཛོད།།

བུས་པ་ཆུང་ངུ་ཡིས་མ་ལ་ལབ་རྡོལ་དུ་སྨྲ་བཞིན།།
འཕགས་མར་གང་འདོད་ཀྱི་གསོལ་འདེབས་པད་དཀར་གྱི་ཕྲེང་བར།།
ཁྱོད་ཐུགས་བྷྲཿམ་ར་བརྩེ་བས་འཕུར་ལྡིང་གིས་རོལ་ནས།།
བྱིན་རླབས་སྦྲང་རྩི་ཡིས་རང་གཞན་ཚིམ་ནུས་སུ་མཛོད་ཅིག།

བླ་མ་མཆོག་གསུམ་གྱི་བྱིན་རླབས་ཆོས་ཉིད་ཀྱི་བདེན་པ།།
སྒོས་སུ་འཕྲིན་ལས་ཀྱི་གཏེར་ཆེན་ལྷ་མོ་ཡི་ནུས་མཐུ།།
བདག་ཅག་རྩེ་གཅིག་ཏུ་གདུང་བ་འདི་དག་ཀུན་ཚོགས་པས།།
བསམ་དོན་གེགས་མེད་དུ་འགྲུབ་མཛོད་བརྩེ་ལྡན་མ་མཁྱེན་མཁྱེན།།

༄།། སྐྱབས་མཆོག་ཀུན་འདུས་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ།

ཀ་རུ་ཎཿདང་ཆོས་ཉིད་དབྱེར་མེད་ཀྱི་རང་མདངས།།
ཁ་དོག་ངུར་སྨྲིག་འཆང་བ་གསུམ་ལྡན་གྱི་སློབ་དཔོན།།
ག་ན་གནས་ཀྱང་ཅི་མཛད་བསྟན་འགྲོའི་དོན་འབའ་ཞིག།
ང་ཡི་སྐྱབས་གཅིག་མཚུངས་མེད་བྱིན་རླབས་ཀྱི་གཏེར་ཆེན།།
ཅ་ཅོའི་གཏམ་སོགས་འདུ་འཛིའི་མཚང་རྒྱ་རུ་སྐྱོ་བས།།
ཆ་མེད་དབེན་པར་འདོད་ཆུང་བག་ཡོད་ཀྱིས་ཞི་དུལ།།
ཇ་སོགས་རྫས་ལ་སྲེད་སྤངས་སྤངས་རྟོགས་ཀྱི་ཡོན་ཏན།།
ཉ་རྒྱས་ཇི་བཞིན་ཡོངས་རྫོགས་ཐར་འདོད་ཀྱི་མགོན་པོ།།
ཏ་ལའི་ལྗོན་པས་སྤྲས་པའི་དགེ་མཚན་གྱི་གནས་ནས།།
ཐ་མལ་རྙོག་བྲལ་རིམ་གཉིས་ཕ་མཐའ་རུ་འཁྱོལ་བས།།
ད་ལྟ་ཟུང་འཇུག་སྒྱུ་མའི་ཟློས་གར་ལ་མངའ་བརྙེས།།
ན་འཆིའི་སྐྱེ་བའི་རྒྱུན་བཅད་སྔགས་འཆང་གི་རྗེ་བོ།།
པ་སངས་ལྟར་དཀར་སེམས་ཀྱིས་རྒྱལ་བ་དང་སྲས་བཅས།།
ཕ་མཐའ་ཡས་པ་བསྐལ་བརྒྱར་བསྙེན་བཀུར་ལས་གང་གི།
བ་སྤུ་གཅིག་ཙམ་མཆོད་པ་བླ་ལྷག་ཏུ་བསྔགས་པས།།
མ་ལུས་ཐར་འདོད་རེ་སྐོང་ཡིད་བཞིན་གྱི་ནོར་བུ།།
ཙ་རི་མན་ཆད་ཕྱོགས་འདུས་དད་ལྡན་གྱི་སློབ་མར།།
ཚ་གྲང་སྣ་ཚོགས་གསོ་བའི་འཚོ་བྱེད་ཀྱི་འཕྲུལ་བཞིན།།
ཛ་ཡའི་མ་བཟང་ཐབས་མཁས་བརྒྱ་ཕྲག་གི་སྒོ་ནས།།
ཝ་ལེར་སྟོན་མཛད་སྐྱེ་དགུའི་མ་འདྲིས་པའི་མཛའ་བཤེས།།
ཞྭ་སེར་བསྟན་པའི་བདག་པོར་ཁྱོད་ཉིད་མངའ་གསོལ་བས།།
ཟ་བྱེད་གདོང་ལྔ་འབར་བའི་རི་སྐྱེས་ཀྱི་ཚོགས་བཞིན།།
འ་འུར་ཅན་གཞན་ལྟ་སྒོམ་སྤྱོད་གསུམ་གྱི་གནད་ཀུན།།
ཡ་མ་བརླ་རུ་བྱས་པའི་ས་མཁན་མཆོག་དོ་མེད།།
ར་བ་གངས་རིས་བསྐོར་བ་མདོ་སྨད་ཀྱི་ཡུལ་ལྗོངས།།
ལ་ལུང་གར་བྱོན་དགེ་ལྡན་བསྟན་འཛིན་གྱི་ཁྲོད་ན།།
ཤ་ས་དྷ་ར་ཁྱོད་འདྲའི་ཐར་འདོད་ཀྱི་སྐྱབས་གཅིག།
ས་སྟེང་མཁས་པས་བཙལ་ཡང་བློ་གྲོས་ཀྱི་ཡུལ་མིན།།
ཧ་ཅང་སྙན་པའི་བསྟོད་ཚིག་ཨུཏྤལ་གྱི་འཕྲེང་མཛེས།།
ཨ་རེ་དགེ་མཚན་བྱིན་རླབས་དྲི་ངད་རང་འཐུལ་བ།།
རྒྱལ་སྲས་རྒྱ་མཚོའི་ཐུགས་བསྐྱེད་སྨོན་ལམ་དང་ཆབས་ཅིག།
སྐྱབས་མཆོག་ཀུན་འདུས་དགྱེས་པའི་མཆོད་སྤྲིན་དུ་སྤྲོའོ།།