མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བརྩམས།   དོན་བཙན་གྱིས་བསྒྱུར།

རྒྱལ་དབང་ལྔ་བ་དང་སླར་གཅིག་གྱུར་བྱས་པའི་ཁོང་གི་བོད།

༧རྒྱལ་དབང་ལྔ་བ་ཆེན་མོ་སྐུ་བལྟམས་དུས་བོད་དེ་ཆབ་སྲིད་དང་། ཆོས་ལུགས། སྤྱི་ཚོགས་བཅས་གང་ཐད་ནས་ཟང་ཟིང་གི་གནས་སུ་ལྷུང་ཞིང་ཆབ་སྲིད་ཀྱི་དབང་ཆ་ནི་རང་གི་གྲུབ་མཐའ་ཁོ་ན་སྤེལ་བར་འདོད་པ་མ་ཟད། ད་དུང་རང་གི་དཔལ་འབྱོར་ནུས་པ་དང་ཆབ་སྲིད་དབང་ཤུགས་འཛུགས་པར་མོས་ཤིང་གྲུབ་མཐའ་སོ་སོས་རྒྱབ་སྐྱོར་བྱེད་ཀྱིན་པའི་ཚོ་བ་ཤོག་ཁག་ཚོས་བཟུང་ཡོད། བོད་ཁམས་སུ་ཆོས་ལུགས་དང་།ཆབ་སྲིད།དཔལ་འབྱོར་བཅས་ཀྱི་སྟོབས་ཤུགས་དུས་རྒྱུན་ཕན་ཚུན་རྐྱ་འཐབ་སྟེ་གནས་ཤིང་ཆབ་སྲིད་ཀྱི་གཞུང་ལུགས་ཏེ་བླ་མའི་ཆོས་ལུགས་ཀྱི་རྣམ་པ་ཅན་གྱི་ཆོས་སྲིད་ཟུང་འབྲེལ་གྱི་ལུགས་སུ་བརྟེན། མཆོད་ཡོན་ཟེར་བའི་ཨ་མཆོད་དང་ཡོན་བདག་གི་འབྲེལ་བའི་ཁྲོད་ཕྱོགས་གཉིས་ཀ་མཐོ་དམན་མེད་པར་འདྲ་མཉམ་དུ་ངོས་འཛིན་བྱེད་ལ་ཨ་མཆོད་ཀྱིས་ཡོན་བདག་ལ་ཆོས་ཀྱི་བསླབ་བྱ་དང་སློབ་སྟོན་གནངས་ཤིང་ཡོན་བདག་གིས་ཕྱིར་རང་གི་ཨ་མཆོད་ལ་སྦྱིན་གཏོང་དང་སྲིད་ཀྱི་འགེབ་སྲུང་བྱེད། ཆབ་སྲིད་ཀྱི་འགེབ་སྲུང་དེས་ཆོས་ལུགས་གྲུབ་མཐའ་དེའི་རྗེས་འཇུག་པ་ཇེ་མང་དང་དེ་བཞིན་ཁོ་ཚོའི་རྒྱུ་འབྱོར་ཡང་ཇེ་རྒྱས་སུ་གཏོང་གིན་ཡོད།མཆོད་ཡོན་ཅེས་པའི་བརྡ་ཆད་འདིས་དུས་རྒྱུན་བོད་ཀྱི་བླ་མ་དང་ཕྱིའི་རྒྱལ་པོ་བར་གྱི་འབྲེལ་བ་གཏན་འབེབས་བྱེད་ཅིང་ས་སྐྱ་གྲུབ་མཐའི་མངའ་བདག་འགྲོ་མགྲོན་འཕགས་པ་བློ་གྲོས་རྒྱལ་མཚན་དང་དུས་རབས་བཅུ་གསུམ་པའི་སོག་པོའི་ཧུ་པུ་ལེ་སེ་ཆེན་ཧན་བར་གྱི་འབྲེལ་བ་ལྟ་བུ་རེད། ཆབ་སྲིད་དང་ཆོས་ལུགས་བར་གྱི་རྟེན་འབྱུང་གི་འབྲེལ་བ་རྟོགས་རྒྱུ་ནི་བོད་ཀྱི་ལོ་རྒྱུས་སློབ་པའི་ལྡེ་མིག་ཡིན།

རྨད་དུ་བྱུང་བའི་རྒྱལ་དབང་ལྔ་བ་ཆེན་མོས་བོད་ཁམས་སླར་ཡང་གཅིག་གྱུར་བྱེད་པར་བཏོན་པའི་ཐག་གཅོད་རང་བཞིན་གྱི་མཛད་སྤྱོད་དེ་རྟོགས་ཕྱིར་ཁོང་ཉིད་སྐུ་བལྟམས་པའི་གནས་བབས་དང་འཐབ་རྩོད་ཀྱི་འབྲེལ་བར་ཕྱིར་དྲན་བྱ་རྒྱུ་དེ་ཤིན་ཏུ་གནད་ཆེ།

༡༥༤༨་ལོར་དབུས་ཀྱི་ཡུལ་དཔོན་ཏེ། ཀརྨ་བཀའ་བརྒྱུད་ཀྱི་རྒྱབ་སྐྱོར་མཁན་རིན་སྤུངས་དཔོན་གྱིས་ཞིང་ཤག་ཚེ་བརྟན་རྡོ་རྗེ་གཙང་གི་དཔོན་ཆེན་དུ་བསྐོས་ཤིང་གསར་དུ་བསྐོ་བཞག་བྱས་པའི་དཔོན་ཆེན་དེ་དགེ་ལུགས་པའི་བཀྲ་ཤིས་ལྷུན་པོ་དགོན་དང་ཉེ་བའི་གཞིས་ཀ་བསམ་འགྲུབ་རྩེར་གནས་བཞུགས་བྱས། ཡུད་ཙམ་མ་འགྱངས་པར་ཁོས་རིན་སྤུངས་ལ་ངོ་ལོག་ཅིང་རང་ཉིད་གཙང་གི་རྒྱལ་པོ་ཡིན་པའི་བཀའ་ཡིག་བསྒྲགས། ཁོས་རང་གི་གདུང་སྲས་དགུ་དང་ལྷན་དུ་ཡུལ་ཁམས་རྒྱ་བསྐྱེད་དེ་བོད་དབུས་ཁུལ་གྱི་ས་གནས་གཙོ་བོ་སྟེ་དབུས་དང་གཙང་གཉིས་དབང་དུ་བསྡུས། འདི་ནི་དུས་རབས་དགུ་བའི་ནང་གི་བོད་བཙན་པོའི་རྒྱལ་ཁབ་རྒུད་པའི་རྗེས་སུ་བོད་ལ་དབང་བསྒྱུར་བྱེད་མཁན་གྱི་སྐྱ་བོའི་གཞུང་ཐོག་མ་དེ་རེད།

གསར་བྱུང་གི་གཞུང་འདིའི་ཕུགས་འདུན་ནི་མཛད་ཆེན་ལྔ་ཟེར་བའི་སྲིད་བྱུས་དོན་ཚན་ལྔ་ལག་ཏུ་བསྟར་དེ་བོད་བཙན་པོའི་དུས་སྐབས་ཀྱི་ཆོས་ཁྲིམས་སླར་གསོ་དང་རང་གི་རྒྱལ་ཁབ་ཞི་བདེ་བག་ཕེབས་དང་འབྱོར་ཕྱུག་གི་ལམ་སྣེར་འདྲེན་རྒྱུ་དེ་ཡིན་ལ་ཕུགས་བསམ་འདིར་ས་སྐྱ་པ་དང་།ཇོ་ནང་པ་སོགས་གྲུབ་མཐའ་འདྲ་མིན་གྱིས་རྒྱབ་སྐྱོར་བྱེད་ཅིང་ཀརྨ་བཀའ་བརྒྱུད་ཀྱི་བདག་པོས་དམིགས་བསལ་གྱིས་རྒྱབ་སྐྱོར་བྱེད།སྲིད་དབང་འདིའི་བསྙོན་མེད་ཀྱི་སྐུ་ཚབ་ཡིན་ཕྱིར་ཤིང་ཤག་ཚེ་བརྟན་རྡོ་རྗེ་ཡིས་རྒྱལ་རབས་གསར་བ་འདིའི་དམིགས་ཡུལ་ལ་གྱ་ཚོམ་བཞིན་པའི་བཀྲ་ཤིས་ལྷུན་པོའི་དགེ་ལུགས་པའི་མཁན་པོ་དང་ལྷན་ཏུའང་ཕྱོགས་སུ་མ་ལྷུང་བའི་མཐུན་སྒྲིལ་གྱི་འབྲེལ་ལམ་བཟང་བོ་རྒྱུན་འཛིན་བྱེད།

དེ་མིན་སྐབས་དེ་ཤེད་དུ་དགེ་ལུགས་པས་སྔར་བཙན་པོའི་རྒྱལ་སར་གྱུར་བའི་ལྷ་སའི་ཉེ་འཁོར་དུ་འབྲས་སྤུངས་དང་།སེ་ར།དགའ་ལྡན་བཅས་གདན་ས་ཆེན་པོ་གསུམ་གསར་དུ་ཕྱག་བཏབས།དབུས་ཁུལ་ཀྱི་མི་སྐྱ་རྣམས་དང་སྐུ་དྲག་འགས་རྒྱབ་སྐྱོར་མཛད་བཞིན་དགེ་ལུགས་པའི་དགོན་སྡེ་ཁག་གིས་ཆོས་སྲིད་ཕྱོགས་གཉིས་ཀར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།༡༥༧༧་ནས་༡༥༧༨་བར་སོག་པོའི་ཐུ་མིག་(Tumed)་ཚོ་བའི་ཚོ་དཔོན་ཨལ་ཏན་ཧན་དང་ཁོང་གི་མངའ་འབངས་རྣམས་ནང་བའི་ཆོས་ལ་འཇུག་མཁན་གྱི་བསོད་ནམས་རྒྱ་མཚོ་ནི་འབྲས་སྤུངས་མཁན་པོ་དང་ཏཱ་ལའི་བླ་མའི་མཚན་རྟགས་བཞེས་མཁན་དེ་ཡིན་ཞིང་ཕྱིས་སུ་རྒྱལ་དབང་སྐུ་ཕྲེང་གསུམ་པར་ངོས་འཛིན་མཛད་ཅིང་འདི་ནི་དགེ་ལུགས་པའི་ཁྱད་དུ་འཕགས་པའི་གྲུབ་འབྲས་ཤིག་ཡིན།གང་ལྟར་གཞིས་ཀ་བསམ་འགྲུབ་རྩེའི་སྐྱ་བོའི་གཞུང་གིས་དོན་ཆེན་འདི་དགེ་ལུགས་པ་དང་ཕྱིའི་སྟོབས་ཤུགས་བར་ཀྱི་ཆོས་སྲིད་ཟུང་གི་འབྲེལ་བར་གཟིགས་བཞིན་ཡོད།དོན་དངོས་སུ་འདི་ནི་ཕྱོགས་གཉིས་ཀྱི་འཚོ་རྟེན་ཏུ་གྱུར་བའི་མཆོད་ཡོན་གྱི་འབྲེལ་བ་དེ་སྲ་བརྟན་འོངས་པའི་ནང་པའི་གྲུབ་མཐའ་གཉིས་བར་གྱི་འཐབ་རྩོད་ཞིག་དང་སྐབས་འདིར་དགེ་ལུགས་དང་ཀརྨ་བཀའ་བརྒྱུད་གཉིས་རེད།

༡༥༨༩་ལོར་དགེ་ལུགས་པས་སོག་པོའི་ཁྱིམ་རྒྱུད་ཞིག་ཏུ་སྐུ་བལྟམས་པའི་ཁྱེའུ་ཞིག་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པའི་ཡང་སྤྲུལ་དུ་ངོས་འཛིན་མཛད་པས་འགལ་བ་དེ་སྔར་བས་ཛ་ཇེ་དྲག་ཏུ་ཕྱིན།གཙང་རྒྱལ་པོའི་གཞུང་ནས་འདི་ཉིད་དགེ་ལུགས་པའི་མངོན་གསལ་འཛེམས་མེད་ཀྱི་དམིགས་ཡུལ་ཡིན་པར་འཁུམས་ཤིང་བྱིས་པ་དེ་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་གདན་དྲངས་ཤིང་མཁན་པོར་ཁྲིར་འདོན་མཛད་རྗེས་སོག་པོས་དགེ་ལུགས་པ་དང་བོད་ཀྱི་གནད་དོན་ལ་ཐེ་གཏོགས་བྱེད་ཚད་ཇེ་མང་དུ་ཕྱིན།དེ་མིན་ཏཱ་ལའི་བླ་མའི་ཡང་སྲིད་གསར་པས་གཙང་རྒྱལ་པོ་མཇལ་དུས་རྒྱལ་པོར་མཇལ་ཁ་མ་གནངས་ལ་ཁོང་ཉིད་མཐུ་ནུས་ལ་མཁས་པར་བསྙད་པས་གཙང་རྒྱལ་པོར་མཐུ་བཏང་བར་དོགས།གང་ལྟར་ཡུད་ཙམ་གྱི་རྗེས་ཏེ་༡༦༡༦་ལོར་འབྲས་སྤུངས་སུ་ཁོང་དགུང་ལོ་ཉེར་བརྒྱད་སྟེང་དགོངས་པ་རྫོགས་ཤིང་གཙང་པ་རྒྱལ་པོའི་གཞུང་གིས་ཁོང་གི་ཡང་སྲིད་རྩད་གཅོད་བྱ་མི་ཆོག་པའི་བཀའ་ཡིག་བསྒྲགས།

༡༦༡༨་ལོར་སོག་པོ་དང་དགེ་ལུགས་པའི་གྲྭ་བ་ཚོས་ལྷ་སར་གནས་པའི་གཙང་པ་རྒྱལ་པོའི་གཞུང་ཞབས་རྣམས་ལ་རྒོལ་པའི་འགོ་ཚུགས་ཤིང་འདིས་གཙང་པ་གཞུང་གི་དམག་དཔུང་།སོག་པོ་དང་དབུས་ཁུལ་ཀྱི་སྐུ་དྲག་འགས་རྒྱབ་སྐྱོར་བྱེད་བཞིན་པའི་དགེ་ལུགས་པའི་གྲྭ་བ་བར་གྱི་འགལ་བ་སྔར་བས་རྣོ་ངར་ཅན་དུ་བསྒྱུར།གཡུལ་འཁྲུག་དེ་༡༦༢༡་བར་ཆད་མ་མཐུད་ཀྱི་ངང་མུ་མཐུད་པས་སོག་རོགས་འདུས་སྡོད་ཆེ་བའི་ཡུལ་ཁུལ་དུ་དགེ་ལུགས་པའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པོ་འཛུགས་སུ་བཅུག།༡༦༢༡་ལོར་པན་ཆེན་བློ་བཟང་ཆོས་རྒྱན་(༡༥༦༧་ནས་༡༦༦༢)་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོས་གཟུ་འདུམ་མཛད་པས་ཕྱོགས་གཉིས་སུ་སྐྱི་གཡའ་བའི་དམར་གསོད་འབྱུང་བའི་ལྷ་སའི་ཉེ་འདབས་ཀྱི་དམག་འཁྲུག་དེ་བྱུང་མེད་ལ་ཁོང་ཕྱིས་སུ་པཎ་ཆེན་སྐུ་ཕྲེང་དང་པོར་ངོས་འཛིན་གནངས།

རྙོག་ཟིང་གི་རྒྱབ་ལྗོངས་འདི་ལ་བརྟེན་ནས་༡༦༡༧་ལོར་ཟ་ཧོར་ཁྱིམ་རྒྱུད་ཚང་ལ་སྲས་ཤིག་འཁྲུངས་ཤིང་དུས་རབས་བཅུ་བཞི་ནས་བཟུང་ཁྱིམ་རྒྱུད་འདི་གནའ་བོའི་ཡར་ལུང་རྒྱལ་པོའི་གདན་ས་སྟེ་ཕོ་བྲང་ཕྱིང་བར་སྟག་རྩེ་རུ་བཞུགས།གཙང་པ་རྒྱལ་པོས་ཡང་སྲིད་རྩད་འཚོལ་བཀག་སྡོམ་བྱས་ཤིང་དབུས་གཙང་གཉིས་འཁྲུག་ནའང་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་ཚོས་ཏཱ་ལའི་བླ་མའི་ཡང་སྲིད་འཚོལ་བའི་འདུན་པ་གཏན་ནས་དོར་མེད།

ཁོ་ཚོས་གསང་བའི་ངང་ཏཱ་ལའི་བླ་མའི་ཡང་སྲིད་དུ་ངོས་འཛིན་མཛད་ཆོག་པའི་བྱིས་པ་གསུམ་རྙེད་ཅིང་དེ་དག་ལས་ཟ་ཧོར་ཚང་ལ་འཁྲུངས་བའི་བྱིས་པ་དེ་ནི་ཆེས་ཡིད་རྟོན་བྱེད་ཆོག་པའི་ཡང་སྤྲུལ་གྱི་འོས་མི་ཞིག་རེད།འབྲུག་པ་བཀའ་བརྒྱུད་དང་ཀརྨ་བཀའ་བརྒྱུད་གཉིས་ཀྱིས་ཀྱང་བྱིས་པ་དེ་༡༦༡༦་ལོར་སྐུ་གཤེགས་བའི་ཁོང་ཚོའི་བླ་མར་ངོས་འཛིན་མཛད་པས་ཁྱིམ་རྒྱུད་ཀྱི་གནས་བབ་ནི་འགག་རྩའི་གནད་རེད།སྐྱེ་སྤྲུལ་འདིའི་ཡབ་དང་འབྲུག་པ་བཀའ་བརྒྱུད་བར་གྱི་འབྲེལ་ལམ་ཤིན་ཏུ་བཟང་ཡང་ཁྱིམ་རྒྱུད་འདིས་དེ་དག་གི་རེ་འདུན་བསྐངས་མེད།དེ་ཡང་ཨ་མའི་ཁྱིམ་རྒྱུད་ཀྱི་ཕྱོགས་ནས་ཇོ་ནང་པ་དང་འབྲེལ་ཞིང་དེ་ཉིད་སྣ་དཀར་རྩེ་ཕོ་བྲང་དུ་བཞུགས།མ་བུ་གཉིས་ཀའི་མཚན་ཀུན་དགའ་ལྷ་མཛེས་དང་ཀུན་དཀའ་འགྱུར་མེད་ཀྱིས་འབྲེལ་བ་དེ་མཚོན་པས་ཇོ་ནང་པས་ཀྱང་ཁོ་ཚོའི་དགོས་མཁོའི་ཆེད་བྱིས་པ་འདི་འགུག་ཐབས་བྱས་པ་དཔོགས་ཐུབ།གང་ལྟར་དོན་དག་དེ་ལྟར་མིན་པ་ང་ཚོས་ཕྱིས་སུ་མཐོང་ཐུབ།

རྒྱལ་དབང་ལྔ་བའི་སྐུ་ཚེ་སྟོད་ཀྱི་བགྲང་བྱ་དྲུག་ནི་བརྩམས་སྒྲུང་ཞིག་དང་དབྱེར་མེད་པ་ཞིག་རེད།༡༦༡༨་ལོར་ཁོང་གི་ཡབ་བདུད་འདུལ་རབ་བརྟན་གཙང་པ་རྒྱལ་པོར་ངོ་ལོག་པའི་ལྐོག་ཇུས་ནང་དུ་ཚུད་པས་རྒྱལ་པོའི་བཀའ་ཡི་ཉེས་ཆད་དྲག་པོ་ཕོག།གོང་དུ་བརྗོད་པ་ལྟར་སྐབས་དེ་དང་དུས་མཚུངས་སུ་དགེ་ལུགས་པས་གསང་བའི་ངང་ནས་རབ་བཟང་དགོན་པའི་སྐུ་རྟེན་གྱི་དྲུང་དུ་འོས་སྤྲུལ་གསུམ་གསན་དཀྲུགས་པས་ཁོང་གི་ཐུགས་སྲས་རྒྱལ་དབང་སྐུ་ཕྲེང་བཞི་བའི་ཡང་སྲིད་དུ་འདམས་ཤིང་ཞོར་དུ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་གཙང་པ་རྒྱལ་པོར་ཡང་སྲིད་རྩད་གཅོད་ཀྱི་བཀའ་རྒྱ་གྲོལ་ཏེ་སྐྱེ་སྤྲུལ་གསར་བ་འཚོལ་དུ་འཇུག་བའི་ཐུགས་སྐུལ་གནངས།

དེ་ལྟ་ནའང་གཙང་རྒྱལ་པོས་ཟ་ཧོར་ཁྱིམ་རྒྱུད་ཕོ་བྲང་བྱང་བར་སྟག་རྩེ་དང་བྲལ་དགོས་པའི་བཀའ་ཕབས་ཤིང་བདུད་འདུལ་རབ་བརྟན་བོད་ཤར་ཕྱོགས་སུ་འབྲོ་རྩིས་བྱས་པ་གཙང་རྒྱལ་པོའི་ཕོ་ཉས་འཛིན་བཟུང་བྱས་ཏེ་བསམ་འགྲུབ་རྩེའི་ཕོ་བྲང་དུ་ཁྲིད།༡༦༢༦་སྟེ་ཁོང་རང་འདས་རག་བར་དེ་རུ་བཙོན་འཇུག་བྱས་ཤིང་རང་གི་སྲས་དང་མཇལ་བའི་སྐལ་བ་གཏན་ནས་མ་བྱུང་ལ་ཁོང་གི་སྐུ་ལྕམ་དང་སྲས་གཉིས་བཙན་ཚུགས་ཀྱིས་བདེ་སྐྱིད་གླིང་དང་དེ་ནས་ལྷ་རྫོང་དུ་སྤར་རུ་བཅུག།སྐབས་དེའི་དམག་འཁྲུག་གི་ཟང་ཟིང་དབང་གིས་གཙང་རྒྱལ་པོས་ཡུམ་སྲས་ཟུང་བསམ་འགྲུབ་རྩེའི་ཕོ་བྲང་དུ་ཕེབས་པའི་རེ་འདུན་བཏོན་མོད་ཡང་སྲིད་ཀྱི་ཡུམ་གཙང་པ་རྒྱལ་པོའི་ཀུན་སློང་རྣལ་མར་ཐེ་ཚོམ་པས་གཙང་པ་རྒྱལ་པོའི་ཐུགས་འདུན་སྣང་མེད་དུ་བསྐྱུར་ཏེ་ཕྱིར་རང་གི་ཡབ་གཞིས་སྣ་དཀར་རྩེ་རུ་ལོག།ཡང་སྲིད་རྩད་གཅོད་ཀྱི་བཀའ་རྒྱ་གྲོལ་མ་ཐག་པན་ཆེན་བློ་བཟང་ཆོས་རྒྱལ་གྱིས་ཕྱི་འབྲེལ་ལས་དོན་གྱི་མིང་ཐོག་ནས་དགའ་ལྡན་ཕོ་བྲང་གི་ཕོ་ཉ་སོག་པོའི་སྐུ་ཚབ་དང་ལྷན་དུ་གཙང་པ་རྒྱལ་པོའི་ཕོ་བྲང་དུ་མངགས་ཏེ་ད་ལྟ་སྣ་དཀར་རྩེར་བཞུགས་པའི་བྱིས་པ་དེ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བའི་ཡང་སྲིད་ཡིན་པ་གཞུང་འབྲེལ་ངང་ངོས་འཛིན་བྱེད་པའི་རེ་འདུན་ཞུས།

བྱིས་པ་འདིས་མི་ཚེ་ཡི་ཐོག་མའི་ལོ་ངོ་དྲུག་པོ་མཁར་རྫོང་འདིའི་ནང་དུ་སྐྱེལ་ཅིང་ཡང་སྲིད་འདི་འཁྲུལ་བྲལ་དུ་ངོས་འཛིན་གནང་ཕྱིར་ཁོང་གི་སྐྱེ་བ་སྔ་མའི་དྲན་ཤེས་དེ་སྲོལ་རྒྱུན་གྱི་བརྟག་ཐབས་དེར་ངེས་པར་གཏུགས་དགོས།འདི་དག་ལས་ཀུན་ལ་ཆེས་གྲགས་ཆེ་པ་ནི་སྐུ་ཕྲེང་སྔ་མར་དབང་བའི་དངོས་རྫས་རྣམས་དང་འདྲ་ཆེ་བའི་ཅ་ལག་འོས་སྤྲུལ་གྱི་ཕྱག་ཏུ་ཕུལ་ཏེ་ངོས་འཛིན་བྱེད་དུ་འཇུག་རྒྱུ་དང་།གལ་ཏེ་བྱིས་པས་དངོས་རྫས་ནོར་འཕྱུག་མེད་པར་གདམས་ཚེ་ཁོང་ཉིད་སྤྲུལ་སྐུ་ཡིན་པར་བསྒྲགས།གང་ལྟར་སྲོལ་རྒྱུན་ལས་ལྡོག་སྟེ་ཟ་ཧོར་ཚང་གི་གདུང་སྲས་དེ་སྲོལ་རྒྱུན་གྱི་བརྟག་ཐབས་མ་བརྒྱུད་སྔོན་ནས་གདམས་ཟིན།

འོས་སྤྲུལ་གཞན་གཉིས་ལས་གཅིག་ནི་གྲགས་པ་རྒྱལ་མཚན་དང་།དེ་ཉིད་འབྲས་སྤུངས་ཀྱི་དགེ་ལུགས་ཀྱི་བླ་ཆེན་གཞན་ཞིག་གི་ཡང་སྤྲུལ་དུ་ངོས་འཛིན་མཛད་ཅིང་གཟིམ་ཁང་གོང་མར་མངལ་གསོལ་བས་རྒྱལ་དབང་ལྔ་བའི་ཁ་གཏད་ཀྱི་གཏེ་བོ་ནུས་མཐུ་ཅན་ཞིག་ཏུ་གྱུར་པ་ང་ཚོས་རྗེས་སུ་མཇལ་ཐུབ།

རྒྱལ་དབང་ལྔ་བའི་བྱིས་དུས་ཀྱི་དྲན་འཛིན་ནི་ཡིད་མུག་པ་ཅིག་སྟེ།སྐབས་དེར་ཡང་སྲིད་ཀྱི་ལྟ་བར་འབྲེལ་བའི་ཆོས་དང་མཚན་ཉིད་ཀྱི་གཞུང་ལུགས་དེ་སྲིད་ཀྱི་དམིགས་ཡུལ་འགྲུབ་པར་ཞབས་འདེགས་བྱེད།ཁོང་གི་བརྩམས་ཆོས་ནང་དུའང་དུས་རྟག་ཏུ་ཆབ་སྲིད་ཀྱིས་དབང་བསྒྱུར་བྱེད་པའི་ཁོང་གི་གྲུབ་མཐའ་དང་དེའི་གནད་དོན་ཀྱི་སྔ་ཕྱི་ཀུན་ལ་ཟུག་པའི་སོག་པོ་སོགས་རང་རྣམ་དུ་ཀུ་ལར་འདི་ལྟར་བཀོད་ཡོད།

སོག་པོའི་དམག་གཏོས་ཆེ་བ་རོང་པོ་འདམ་དུ་འབྱོར་བས་བོད་ཤིང་སྒོ་ཅན་མཐའ་དག་ཤེས་པ་འཚུབ་ལིང་ངེ་བར་གྱུར།བོད་ཀྱི་སྡེ་དཔོན་ས་ཆ་ཤོར་བ་དང་སོག་པོའི་དཔོན་པོ་བུ་མང་པོ་ཡོད་པ་རྣམས་སྐུ་སྐྱེར་འགྲོ་བ་སྲོལ་ལ་འདུག་པས་དེ་སྐབས་ངེད་ཀྱང་སྐུ་སྐྱེ་ཞིག་ཡིན་ནམ་ཞེས་གླེང་།

དེ་བཞིན་དུ་ཁོང་སྲོལ་རྒྱུན་གྱི་ཅ་དངོས་ངོས་འཛིན་པའི་ཚོད་ལྟ་ལེགས་པར་བརྒལ་བའི་ཐད་ལའང་ཁོས་གོང་མཚུངས་ལྟར་ཁ་ཁོག་མེད་པར་འདི་ལྟར་སྲོང་པོར་སྨྲས་འདུག་སྟེ།

དགའ་ལྡན་ཕོ་བྲང་གི་ཚ་བ་བཀའ་བཅུ་སངས་རྒྱས་ཤེས་རབ་གྱིས་སྐུ་འདྲ་དང་ཕྱག་འཕྲེང་སོགས་བསྟན་བྱུང་བ་ངོས་ཟིན་པའི་ཐ་སྙད་ནི་མ་བྱུང་སྒོ་ཐོན་ངོས་འཛིན་ཤིན་ཏུ་ཡིད་ཆེས་པར་བྱུང་ཞེས་སྨྲ་ཞིང་སྟིང་མར་སློབ་གཉེར་བྱེད་སྐབས་ཀྱང་ཧུར་ཐག་མ་བྱས་ན་དེ་སྐབས་ངོས་འཛིན་ནི་མ་བྱུང་ཞེས་ཞེ་མ་བཤགས་ཟེར་གྱིན་ཡོད།

བྱིས་པ་དེ་དགའ་ལྡན་ཕོ་བྲང་དུ་ཁྲིད་ཅིང་དེ་ལ་ཡོངས་གྲགས་སུ་གཟིམ་ཁང་འོག་མའང་ཟེར།ཁོང་ཉིད་རྒྱལ་དབང་ལྔ་བའི་ཡང་སྤྲུལ་དུ་ངོས་འཛིན་མཛད་དེ་གསེར་ཁྲིར་མངའ་གསོལ་ཞིང་རང་གི་རྩ་བའི་བླ་མར་གྱུར་བའི་པན་ཆེན་བློ་བཟང་ཆོས་རྒྱལ་གྱིས་མཚན་ལ་བློ་བཟང་རྒྱ་མཚོ་ཞེས་གསོལ།གསེར་ཁྲིར་མངའ་གསོལ་མ་ཐག་སོག་པོས་ཁོང་མཚོ་སྔོན་པོའི་ཡུལ་ཏུ་ཁྲིད་རྩིས་བྱས་ཤིང་ཞབས་གཡོག་པ་རྣམས་ཀྱིས་དེ་ལྟའི་འགྲུལ་བསྐྱོད་བྱེད་པའི་སྐབས་སུ་བབས་མེད་པར་སྙམ་ཡང་ཁོང་ཚོས་འགོག་རྒོལ་བྱས་ཚེ་སོག་པོས་བཙན་ཁྲིད་བྱེད་པ་ཐག་གིས་ཆོད་པས་གཙང་པ་རྒྱལ་པོས་བཀའ་དགོངས་དང་བཅས་དགའ་ལྡན་ཕོ་བྲང་གི་ཞབས་གཡོག་པས་ཁོང་ཉིད་ལྐོག་ནས་རི་སྒོར་སྐྱེལ།དོན་རྐྱེན་འདིས་དབུས་ཀྱིས་སྐུ་དྲག་ཚོས་རོགས་འདེགས་བྱེད་བཞིན་པའི་དགེ་ལུགས་དང་སོག་པོའི་བར་གྱི་འབྲེལ་བ་དེ་བདེ་ལེགས་མིན་པ་གསལ་བོར་བསྟན་ཡོད་ལ་རྒྱལ་དབང་ལྔ་བ་རིག་སྒོ་རུ་ལོ་གཅིག་ལ་ཡིབ་སྡོད་མི་བྱེད་ཀ་མེད་བྱུང་བས་སྐབས་དེ་དུས་ཁོང་གིས་ཡི་གེ་འབྲི་ཀློག་གསར་དུ་སློབ་པའི་མགོ་ཚུགས།

དགུང་ལོ་དྲུག་ནས་ཉེར་བཞི་བར་ཁོང་གིས་ནང་པའི་ཚད་མ་རིག་པ་དང་།ལེགས་སྦྱར་གྱི་སྐད།སྙན་ངག་སོགས་སྲོལ་རྒྱུན་གྱི་བསླབ་བྱར་འབད་པ་ལྷུར་བླངས།ཁོང་ནང་པའི་ཚད་མ་རིག་པར་སྤྲོ་བ་ཀུན་ནས་བརྟས་ཤིང་དགེ་ལུགས་པའི་གྲུབ་མཐར་བློ་སེམས་རྩེ་གཅིག་གིས་ཐོས་བསམ་སློབ་གཉེར་བྱས་པས་མཐར་བརྩམས་ཆོས་མི་ཉུང་བ་ཞིག་མཛད་ཅིང་ཞོར་དུ་རང་ཉིད་བཞུགས་སའི་འབྲས་སྤུངས་དགོན་པའི་མཁན་པོའང་གཅིག་ལྕོགས་གནངས།༡༦༣༣་ལོར་ཁོང་རྙིང་མའི་བླ་མ་དཀོན་མཆོག་ལྷུན་གྲུབ་(༡༥༦༡ནས་༡༦༣༧)དང་མཇལ་ཞིང་དེས་བསྟན་པའི་ཆོས་དེ་དགེ་ལུགས་གྲུབ་མཐས་ནམ་ཡང་ཁས་མི་འཆའ།བླ་མ་འདི་དང་མཇལ་བ་ནི་ཁོང་གི་མི་ཚེ་ནང་གི་དཀྱོགས་མཚམས་ཤིག་སྟེ་ཁོང་ལ་སྔར་མཁྱེན་ཡུལ་དུ་མ་གྱུར་བའི་སྔགས་གྱི་ཆོ་ག་དང་གསང་བའི་ཉམས་ལེན་གྱི་དབང་ལུང་མན་ངག་སོགས་ཐོབ་ཅིང་དགུང་ན་ཕྲ་བའི་བླ་ཆེན་འདིས་དགོན་པའི་མཚན་ཉིད་ཤེས་བྱ་གཅིག་པུས་མཁྱེན་རྟོགས་ཀྱི་དྲ་བ་སེལ་མི་ནུས་པ་ཐུགས་སུ་འཁྲུངས་ཡོད།

དུས་འདི་དང་ཆབས་ཅིག་གཟིམ་ཁང་གོང་མའི་ཡང་སྤྲུལ་གྲགས་པ་རྒྱལ་མཚན་བོད་སོག་གཉིས་སུ་མཁས་ཤིང་གྲུབ་པར་གྲགས་ཤིན་ཏུ་ཆེ་ལ་ཁོས་དུས་ནམ་ཡང་རང་ཉིད་རྒྱལ་དབང་ལྔ་བའི་ཐུགས་སྲས་ཡིན་པར་བསྒྲགས་ཀྱང་མཁས་གྲུབ་ཀྱི་མཚན་སྙན་འདིས་རྒྱལ་དབང་ལྔ་བའི་ཞབས་གཡོག་པའི་ཁྲོད་ཕྲག་དོག་གི་མེ་ལྕེ་བསླངས་ཤིང་གནས་བབ་འདིས་དགོན་པའི་ནང་ཁུལ་གྱི་ཞི་མཐུན་མཉམ་གནས་ལ་གཡོལ་ཐབས་བྲལ་བའི་ཤུགས་རྐྱེན་ཐེབས།

པན་ཆེན་བློ་བཟང་ཆོས་རྒྱལ་གྱི་ཕྱི་འབྲེལ་ལ་བརྟེན་ནས་རྒྱལ་དབང་ལྔ་བ་གསེར་ཁྲིར་ཞབས་སོར་འཁོད་པ་ནས་བཟུང་གཙང་རྒྱལ་པོ་དང་ཁོའི་གཞུང་དགེ་ལུགས་པར་སྡང་བའི་ཞེ་འཁོན་མཚམས་འཇོག་བྱས་ཀྱང་བཀྲ་ཤིས་ལྷུན་པོ་ཉེ་འདབས་སུ་ཀརྨ་བཀའ་བརྒྱུད་ཀྱི་དགོན་པ་ཞིག་གསར་བཞེངས་གནངས་བས་གཙང་ཕྱོགས་ཀྱི་དགེ་ལུགས་པའི་སྤྱི་ཚོགས་ལ་འཇིགས་སྐུལ་ཐེབས་ཤིང་རྒྱུ་མཚན་འདི་ལ་བརྟེན་ནས་སོག་པོ་སླར་ཡང་བོད་ཀྱི་ཆབ་སྲིད་གར་སྟེགས་སུ་འཛེགས་ཏེ་ཡམ་ཡོམ་གཡོ་བའི་བོད་ཀྱི་ཆབ་སྲིད་ཀྱི་དོ་མཉམ་རང་བཞིན་དེར་གཡོ་འཁྱོམ་གྱི་འཇིགས་ཉེན་བསླངས།

དགའ་ལྡན་ཕོ་བྲང་གི་ཕྱག་མཛོད་བསོད་ནམས་ཆོས་འཕེལ་(༡༥༩༥་ནས་༡༦༥༧)ནི་དགེ་ལུགས་གྲུབ་མཐའ་ཆབ་སྲིད་ཀྱི་དབང་ཆར་སྙེགས་སུ་འཇུག་པའི་ཇུས་མཁན་གཙོ་བོ་ཡིན། ཁོང་ལ་ཕྱིས་སུ་ཞལ་ངོ་ཞེས་པའི་མཚན་ཐོབ་ཅིང་ང་ཚོས་ཁོང་གླེང་དུས་མཚན་ཐོབ་འདི་བེད་སྤྱོད་བྱེད།ཁོས་ནུབ་སོག་གི་ཀྲུན་ཀ་(Dzungar)་ཚོ་བར་རོགས་རྟེན་བཅོལ་ཏེ་ཐོག་མར་གཙང་པ་རྒྱལ་པོར་རོགས་འདེགས་བྱེད་པའི་སོག་པོའི་ཚོ་བ་གཞན་རྣམས་ལ་བསྟུད་མར་རྒོལ་ཞིང་ཆམ་ལ་ཕབ་རྒྱུ།དེ་ནས་བོད་ཤར་ཕྱོགས་ཀྱི་ཁམས་སུ་གཙང་པ་རྒྱལ་པོ་དང་བློ་ཉེ་བའི་རིགས་སྤ་བཀོང་།མཐར་གཙང་ཕྱོགས་རྒྱལ་པོ་དང་ཁོང་གི་ཞབས་གཡོག་རྣམས་འདུལ་བའི་ཇུས་ཕུལ་ཏེ་སྐུལ་མ་བྱས་པས་དགེ་ལུགས་པའི་ཆོས་སྲིད་ལུགས་གཉིས་དབྱར་མཚོ་བཞིན་རྒྱས།

རང་གི་ཡུལ་ཁམས་སུ་ཀྲུན་ཀ་(Dzungar)བས་དགེ་ལུགས་པར་དངོས་ནས་རྒྱབ་རོགས་ཤུགས་ཆེན་མཛད།༡༦༣༦་ལོར་ཁུ་ཤྲོར་ཏི་(Qoshot)་ཚོ་བའི་ཚོ་དཔོན་གུ་ཤྲི་ཧན་ཏེ་སོག་པོའི་མགོ་དཔོན་ཅིག་གིས་གཙང་པ་རྒྱལ་པོའི་མནའ་འབྲེལ་དུ་གྱུར་བའི་ཆོག་ཐུར་(Chogthur)་སོག་པོ་ཚོ་བར་རྒོལ་ཞིང་ཚོ་བ་འདི་ནི་ཐོག་མར་ཁལ་ཁ་(Khalka)་ནས་ཡིན་ཞིང་༡༦༣༤་ལོར་དབུས་སོག་ཡུལ་ནས་ཕྱིར་བསྐྲད་དེ་བོད་བྱང་ཤར་ཨ་མདོའི་མཚོ་སྔོན་པོའི་ཁུལ་དུ་གནས་སྡོད་བྱས།སྤྱི་ལོ་༡༦༣༧་ལོར་ གུ་ཤྲི་ཧན་གྱིས་མཚོ་སྔོན་པོའི་ཆོག་ཐུར་ཚོ་བ་དང་ཁོང་གི་དམག་མི་ཁྲི་བཞི་ཙམ་ཆམ་ལ་ཕབ་ཏེ་ཡུལ་དེར་གཞིས་ཆགས་ཤིང་ཅུང་མ་འགྱངས་བར་ཡུལ་དེའི་སོག་པོའི་བསྙོན་མེད་ཀྱི་ཚོ་དཔོན་མོར་གྱུར།ལོ་དེར་ཁོང་དང་དེའི་མངའ་ཞབས་པ་འགའ་གནས་མཇལ་བར་བརྫུས་ནས་བོད་དབུས་ཁུལ་དུ་བསྐྱོད་དེ་རྒྱལ་དབང་ལྔ་བ་དང་ཞལ་མཇལ་ཞིང་མཚོ་སྔོན་པོའི་ཡུལ་གྱི་དགེ་ལུགས་པར་སྲུང་སྐྱོབ་མཛད་པས་སྐབས་དེ་ཤེད་དུ་རྒྱལ་དབང་མཆོག་གིས་ལྷ་སའི་ཇོ་ཁང་གི་ཇོ་བོ་ཤཀྱ་ཐུབ་པའི་སྐུ་བརྙན་གྱི་དྲུང་དུ་ཁོང་ལ་བསྟན་འཛིན་ཆོས་རྒྱལ་ཅེས་པའི་མཚན་གསོལ་ཞིང་ཐུགས་འཕྲད་འདིར་ལོ་རྒྱུས་རང་བཞིན་གྱི་ཤུགས་རྐྱེན་ཤིན་ཏུ་གཏིང་ཟབ་ཅིག་ལྡན།སོག་པོའི་ཚོ་དཔོན་འདི་ཕྱིར་མཚོ་སྔོན་པོའི་ཡུལ་དུ་ལོག་མ་ཐག་ཁོས་རྟ་དམག་བསྡུས་ཏེ་བོད་ཤར་ཕྱོགས་ཀྱི་ཁམས་བེ་རི་རྒྱལ་པོ་དོན་ཡོད་དང་དམག་འཐབ་པའི་སྟ་གོན་བྱས།དོན་ཡོད་ནི་གཙང་པ་རྒྱལ་པོའི་ཕྱོགས་གཏོགས་ཡིན་པ་མ་ཟད།བོན་ཆོས་ལ་དད་མཁན་ཞིག་ཡིན་པས་ནང་པར་བསྒྱུར་ནས་ཅུང་མ་འགྱངས་བའི་སོག་པོའི་དགྲའི་གཏེ་བོར་གྱུར།ཕྱི་ལོ་༡༦༤༡་ལོར་ལོ་ངོ་ཧྲིལ་པོ་གཅིག་ཙམ་རིང་གཡུལ་བསྲེས་རྗེས་གུ་ཤྲི་ཧན་གྱིས་བེ་རི་རྒྱལ་པོ་ཕམ་པར་བརྒྱབ་ཏེ་ཁོའི་རྟུལ་ཕོད་ཀྱི་མཚན་སྙན་དེ་བོད་རིགས་ཚོའི་ཁྲོད་དུའང་སོག་པོ་བཞིན་རྒྱས།

བེ་རི་དང་གཡུལ་བསྲེས་དུས་རྒྱལ་དབང་ལྔ་བ་དང་ཞལ་ངོ་བས་གུ་ཤྲི་ཧན་དང་ཁོང་གི་དཔུང་དམག་རྣམས་མཚོ་སྔོན་པོའི་ཡུལ་དུ་ཕྱིར་ལོག་འོས་མིན་ལ་བཀའ་བགྲོས་ཤིང་ཁོང་ཚོས་ཁམས་ཕྱོགས་སུ་ཕོ་ཉ་མངགས་ཏེ་སོག་པོའི་ཚོ་དཔོན་དང་འབྲེལ་བ་བྱས།རྒྱལ་དབང་ལྔ་བ་དང་ཕོ་ཉ་བ་བཞུགས་སར་ཞལ་ངོ་བས་བོད་ཤར་ཁུལ་གྱི་གཡུལ་འཁྲུག་མཇུག་བསྒྲིལ་རྗེས་ གུ་ཤྲི་ཧན་མཚོ་སྔོན་དུ་ལོག་པར་མོས་མཐུན་ཡོད་པའི་ཚུལ་བསྟན་ཡང་ཕོ་ཉ་བ་འགྲོ་ཁ་ལ་མོ་དེར་ཁོས་ཕོ་ཉ་བར་བཀའ་བཏང་སྟེ་གུ་ཤྲི་ཧན་གྱིས་དམག་སྣ་གཙང་གི་ཕྱོགས་སུ་འདྲེན་དགོས་ཞེས་སྨྲས།

༡༦༤༢་ལོའི་ལོ་སྟོད་དུ་རྒྱལ་དབང་ལྔ་བས་ལོ་རེའི་ལྷ་སའི་སྨོན་ལམ་ཆེན་མོའི་མཛད་སྒོ་དབུ་སྒོ་སྐྱོང་བཞིན་པའི་སྐབས་སུ་བོད་ཤར་ཁུལ་དུ་གུ་ཤྲི་ཧན་གཡུལ་ལས་རྒྱལ་ཏེ་ཁོའི་དཔུང་སྣ་གཙང་ཕྱོགས་སུ་འདྲེན་བཞིན་པའི་གནས་ཚུལ་ལྷ་སའི་གླིང་ཏུ་འབྱོར་ཞིང་རྒྱལ་དབང་ལྔ་བ་ཧ་ལས་སུ་བཅུག་པས་མཐར་ཞལ་ངོ་བས་ཁོང་ལ་གནས་ཚུལ་དངོས་དེ་གསལ་བཤད་བྱས།དོན་དམ་ཐོག་ཞལ་ངོ་བས་རྒྱལ་དབང་ལྔ་བའི་མཚན་ཐོག་ནས་བཀའ་བསྒོས་བ་དང་།ཡུད་ཙམ་གྱི་རྗེས་སུ་གུ་ཤྲི་ཧན་དང་གཙང་པ་རྒྱལ་པོའི་དཔུང་དམག་གཉིས་ཀྱིས་གཡུལ་བསྲེས་ཤིང་ཁྲག་དྲི་བྲོ་བའི་གཡུལ་འཁྲུག་འདི་ཡུན་རིང་པོར་རྒྱུན་བསྲིང་།ཟླ་བ་མང་པོའི་གཡུལ་འཐབ་ཀྱི་རྗེས་སུ་ད་གཟོད་གཙང་གི་དཔུང་དམག་རྣམས་རྟེན་གཞི་མཁར་རྫོང་གཞིས་ཀ་བསམ་འགྲུབ་རྩེའི་ལྕགས་རིའི་རྒྱབ་ཏུ་ཕྱིར་འཐེན་བྱས།ཐང་ཆེན་ཡངས་པོར་གཡུལ་ཐབས་ཀྱི་དགེ་ཕན་ལོངས་སུ་སྤྱོད་ཀྱིན་པའི་སོག་དམག་གིས་གཙང་རྒྱལ་པོའི་དཔུང་དམག་གི་རྒྱགས་ཆས་ནམ་ཟད་ལ་སྒུག་སྟེ་བསྡད།གནས་བབ་འདིའི་འཁོར་འགྲོས་ལ་སེམས་འཚབ་སྐྱེ་བཞིན་པའི་ཞལ་ངོ་བས་རྒྱལ་དབང་ལྔ་བ་གཙང་ཕྱོགས་སུ་གཟུ་འདུམ་དུ་འགྲོ་བའི་རེ་འདུན་བཏོན་པས་སྐབས་དེ་དུས་རྒྱལ་དབང་མཆོག་གིས་གཞི་ནས་རང་གི་ཆབ་སྲིད་ཀྱི་རྣམ་དཔྱོད་ངོ་མ་དེ་ཕྱི་རུ་མངོན་འགོ་ཚུགས་པ་ནི་རང་རྣམ་ལས།

འདི་མི་དགའ་ཚུལ་ལན་དེ་ཙམ་གྱི་བར་ཞུས་ཀྱང་གསན་མ་སོང་།ད་ཆ་དགའ་ལྡན་ཕོ་བྲང་པ་ངོ་ལོག་ནས་སྟར་སྡོང་པས་དམག་སྣེ་འདྲེན་མཁན་བྱས་ཟེར་བ་ཀུན་གྱིས་མིག་མཐོང་ལག་ཟིན་འདི་བཞིན་ལ་བར་པའི་རེ་བ་ཅི་ལ་ཡོད།ཁོང་དཔོན་བློན་ཐབས་ཟབ་པས་འཕྲལ་དགྱེས་པའི་ཚུལ་གྱིས་སྣེ་བླངས་ཡོད་ཡང་སོག་པོ་ལོག་བསྟུན་མཐའ་ག་ལ་ཚེས།རྒྱལ་པོ་གཙང་དུ་བྱོན་ཚུལ་གྱིས་བང་ཆེན་འབྱོར་པ་ནས་བཟུང་བློ་ཐག་གཅིག་ཏུ་བཅད་པ་ལས་རྐང་པ་ཉིས་འཛུགས་མེད་ངེས་ཡིན།ཆོས་འཇིག་རྟེན་གཉིས་ག་ནས་ནུས་གང་འཕྲོད་ཅིག་བྱས་པས་ཚབས་སུ་སོང་ན་རབ་མ་སོང་ན་གཙང་པའི་ཁྲིམས་འོག་ཏུ་མི་སྡོད་པའི་ཐག་ཆོད་ཡིན་ཚུལ་རྒྱས་པར་ཞུས།

༡༦༤༢་ལོའི་ལོ་སྨད་དུ་བགྲང་བྱ་གཅིག་ཙམ་ལ་སོག་དམག་འགོག་རྒོལ་བྱས་རྗེས་མཐར་གཙང་པ་རྒྱལ་པོ་དང་ཁོང་གི་བློན་པོ་གཉིས་ཀྱིས་མགོ་བཏགས་ཤིང་ཞལ་ངོ་བ་དང་གུ་ཤྲི་ཧན་གཉིས་ཀྱིས་རྒྱལ་དབང་ལྔ་པ་བསམ་འགྲུབ་རྩེར་གདན་དྲངས་ཤིང་ཁོང་གཉིས་གཙང་ཐོབ་རྒྱལ་དུ་ཕེབས་སྐབས་དཔོན་གཡོག་རྣམས་ལ་འཚམས་གཟིགས་སུ་བསྐྱོད།ཕྱིའི་ཉིན་མོར་སྐྱ་དམག་དྲུག་བརྒྱས་སྣེ་ཁྲིད་པའི་ཡུལ་མི་རྣམས་བསྟར་དུ་སྒྲིག་བཞིན་རྒྱལ་དབང་མཆོག་ལ་ཆིབས་བསུ་བགྱིས། སྐབས་དེར་གཞིས་ཀ་བསམ་འགྲུབ་རྩེ་རུ་རྒྱལ་དབང་ལྔ་བ་མཆོག་བོད་གངས་ཅན་གྱི་ཆོས་སྲིད་གཉིས་ཀྱི་བདག་པོར་བསྐོས་ཏེ་མི་འཇིགས་གསེར་གྱི་ཁྲིར་མངའ་གསོལ་ཞིང་གུ་ཤྲི་ཧན་གྱིས་དབང་དུ་བསྡུས་པའི་བོད་དབུས་ཁུལ་དང་ཤར་ཕྱོགས་གཉིས་ལེགས་སྐྱེས་ཀྱི་ཚུལ་ཏུ་ཁོང་ལ་ཕུལ། ༡༦༤༢་ནི་ཆེས་འགངས་ཆེ་བའི་ལོ་ཟླ་ཞིག་ཡིན།ཐོག་མར་དགོན་པའི་མཁན་པོ་ཙམ་དང་གྲུབ་མཐའ་ཞིག་གི་བདག་པོ་ནས་རྒྱལ་ཁབ་ཅིག་གི་རྒྱལ་པོ་གྱུར་བས་འདི་ནི་བོད་ཀྱི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་དང་ཁོང་གི་མངའ་ཐང་རྒྱས་པའི་གྲུབ་འབྲས་དེ་རང་ག་བ་ཞིག་ག་ལ་ཡིན།

ཁོང་གིས་བོད་དབུས་ཁུལ་དུ་སྲ་ཞིང་བརྟན་པའི་དབང་ཤུགས་བཙུགས་ནའང་ཡུལ་ཁུལ་གཞན་གྱི་དམག་དོན་གྱི་འགལ་བ་འདྲ་མིན་ལ་ད་དུང་གཟིགས་རྟོག་བྱེད་དགོས།ལྷག་པར་དུ་ཀོང་པོ་དང་ལྷོ་མོན་ས་ཁུལ་ལ་བྲོས་བྱོལ་དུ་ཕེབས་པའི་བཀའ་བརྒྱུད་གྲུབ་མཐའི་བདག་པོ་དང་འདིར་དད་པའི་ཡུལ་དེའི་རྗེས་འཇུག་རྣམས་ཀྱིས་འགོག་རྒོལ་མཐའ་གཅིག་ཏུ་བྱེད།ཕྱིས་ཀྱི་ལོ་ཟླའི་ནང་གནས་བབ་འདི་དག་ཞི་འཇགས་སུ་གཏོང་ཆེད་རྒྱལ་དབང་ལྔ་བ་ཡུལ་ཕྱོགས་གང་སར་ཕེབས་ཤིང་སྐབས་དེར་ཞལ་ངོ་བས་སྡེ་སྲིད་ཀྱི་སྲིད་འགན་བཞེས་ཏེ་གཞུང་དོན་ཆེ་ཕྲ་ཚང་མ་ཁུར་ཏུ་བཞེས།གུ་ཤུར་ཁན་གྱིས་སྲིད་ཀྱི་གོ་གནས་གཏན་ནས་མ་བཞེས་པར་གསར་དུ་བཙུགས་མ་ཐག་པའི་གཞུང་འདིའི་མགོན་སྐྱབས་ཀྱི་ཚུལ་མཛད་ཕྱིར་རྐྱེན་ངན་ནམ་བྱུང་ཡང་དམག་སྣ་ཁྲིད་དེ་གཡུལ་འཐབ་པའི་སྟ་གོན་བྱས།གུ་ཤྲི་ཧན་མཚོ་སྔོན་པོའི་སོག་པོ་རྒྱལ་པོ་ཡིན་པས་རྒྱལ་དབང་ལྔ་བས་ཁོང་ལ་མུ་མཐུད་དེ་རྒྱལ་པོ་ཞེས་འབོད་པ་ལས་བོད་ཀྱི་རྒྱལ་པོ་ནི་མིན།

གཞུང་གསར་བའི་ཆབ་སྲིད་ཀྱི་སྒྲོམ་གཞི་ཆགས་མགོ་ཚུགས་ཤིང་རྒྱལ་དབང་ལྔ་བ་རྒྱལ་ཁབ་ཀྱི་བདག་པོར་གྱུར་ཏེ་མཆོད་ཡོན་གྱི་འབྲེལ་བའི་ཡང་རྩེ་རུ་ཏོག་ལྟར་བཞུགས་ཏེ་སྡེ་སྲིད་ཀྱིས་ཨ་མཆོད་ཀྱི་ཚུལ་མཛད་ཅིང་གུ་ཤུར་ཁན་གྱིས་སྦྱིན་བདག་གི་ཚུལ་མཛད།སྤྱིར་ཁོས་ཨ་མདོ་མཚོ་སྔོན་པོའི་ཕྱོགས་དབང་བསྒྱུར་བྱེད་བཞིན་པས་དོན་དངོས་སུ་ཕྱིའི་མི་རུ་གཏན་ནས་མི་བརྩི་ལ་ཁོས་སྒོ་གསུམ་པའི་ངང་མཐའ་གཅིག་ཏུ་རང་ཉིད་རྒྱལ་དབང་ལྔ་བའི་ཞབས་སུ་གཏུགས།

དགའ་ལྡན་ཕོ་བྲང་ནི་འབྲས་སྤུངས་དགོན་པའི་ནང་དུ་གནས་ཤིང་བཙུགས་མ་ཐག་པའི་གཞུང་འདིའི་དམིགས་ཡུལ་དང་ཐོད་ཐུག་དཀའ་བས་འབྲས་སྤུངས་དེ་བོད་ཀྱི་ཆབ་སྲིད་ལྟེ་གནས་སུ་གྱུར་མ་ཐུབ་ལ་གུ་ཤྲི་ཧན་གྱི་བཞུགས་གནས་གོང་དཀར་ཡང་དེ་དང་གཅིག་མཚུངས་རེད།སྤྱིར་ཀོང་པོའི་ཁུལ་གྱི་ཆབ་སྲིད་གནས་བབ་དང་།སྒོས་སུ་བོད་ལྷོ་ཁུལ་གྱི་གནས་བབ་ཤིན་ཏུ་ཛ་དྲག་ངང་གནས་པས་སྲ་ཞིང་བརྟན་པའི་རྟེན་གཞི་ཞིག་བསྐྲུན་ཏེ་གསར་འཛུགས་མཛད་པའི་གཞུང་གསར་བར་ཞབས་འདེགས་ཞུ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་རེད།དཀོན་མཆོག་ཆོས་འཕེལ་ནི་རྒྱལ་དབང་ལྔ་བའི་ཡོངས་འཛིན་དང་སྐབས་དེའི་དགའ་ལྡན་གསེར་ཁྲིའི་བདག་པོ་ཡིན་ལ་ཁོས་རྒྱལ་དབང་ལྔ་བར་གདན་ས་སེ་འབྲས་གཉིས་དང་ལྷ་ས་གྲོང་ཁྱེར་བཅས་བར་གྱི་རི་བོ་པོ་ཏ་ལ་ནི་ཆེས་ཕུལ་དུ་བྱུང་བའི་གནས་ཤིག་ཡིན་པར་སྨྲས།༡༦༤༥་ལོར་ཕོ་བྲང་པོ་ཏ་ལ་བཞེངས་བསྐྲུན་བྱེད་འགོ་ཚུགས་ཤིང་ཤར་ཕྱོགས་ཀྱི་ཕོ་བྲང་དཀར་པོ་དེ་༡༦༤༩་ལོར་ཕལ་ཆེར་བཞེངས་གྲུབ་བྱས་ཚར་ཞིང་རྗེས་སུ་རྒྱལ་དབང་ལྔ་བ་དང་ཁོང་གི་གཞུང་གཉིས་ཀས་གནས་དེར་རྟེན་གཞི་བྱས།

ཡུད་ཙམ་གྱི་རྗེས་སུ་རྒྱལ་དབང་ལྔ་བས་བོད་ཕྱི་རོལ་གྱི་ཆབ་སྲིད་ཀྱི་གནད་དོན་གང་མང་ཞིག་ཐག་གཅོད་བྱེད་དགོས་བྱུང་བ་དང་།ལྷག་པར་དུ་རྒྱ་ནག་དང་འབྲེལ་བའི་འགྲོ་འོང་དེས་བོད་ཀྱི་མ་འོངས་བའི་ལོ་རྒྱུས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་སུ་བཅུག།

སྐབས་ཐོག་དེར་ཤར་ཕྱོགས་སུ་མན་ཇུ་ལ་སྟོབས་ཤུགས་གསར་བ་རྒྱས་ཤིང་དེས་རྒྱ་ནག་ཐམས་ཅད་དབང་དུ་བསྡུས་ཏེ་པེ་ཅིན་དུ་རྒྱལ་ས་བཙུགས།སོག་པོ་སྟེ་དེང་སང་གི་ཕྱི་སོག་ནི་གསར་བྱུང་གི་རྒྱལ་ཁབ་འདིའི་ཆགས་འཇིག་མཚོན་བྱེད་ཀྱི་དགྲ་བོ་ཡིན་ལ་ཏཱ་ལའི་བླ་མར་སོག་པོའི་དད་ལྡན་མང་ཚོགས་ཁྲོད་ཆོས་སྲིད་གཉིས་ཀའི་དབང་ཤུགས་ལྡན་ལ་སོག་འབངས་མང་པོ་ཞིག་དགེ་ལུགས་པར་དད་པ་བྱེད་མཁན་ཤ་སྟག་ཡིན་པ་མ་ཟད།མཚོ་སྔོན་པོའི་རྒྱུད་ཀྱང་དེ་དང་གཅིག་མཚུངས་རེད།སྐབས་དེར་སོག་པོས་ཚུར་རྒོལ་བྱེད་པར་དངངས་ཤིང་སྐྲག་པས་མན་ཇུ་ཡིས་ཞི་འཇགས་བརྟན་བརླིང་འོང་བར་མེད་དུ་མི་རུང་བའི་ཏཱ་ལའི་བླ་མར་སྐོམ་པ་ཆུ་འདོད་བཞིན་རེ་སྒུག་བྱེད།

མན་ཇུ་གོང་མ་ཧྲིན་ཀྲིས་(顺治)་ཀྱིས་པེ་ཅིན་ཏུ་རྒྱལ་འབྲེལ་འཚམས་གཟིགས་སུ་ཕེབས་པའི་གདན་ཞུ་ལན་དུ་མར་འབྱོར་རྗེས་༡༦༥༢་ལོར་མཐར་རྒྱལ་དབང་ལྔ་བ་རྒྱ་ནག་ཏུ་ཕེབས་པའི་ཞལ་བཞེས་གནངས་ཤིང་འཁོར་འབངས་སུམ་སྟོང་དང་ལྷན་དུ་ཆིབས་ཞབས་བསྒྱུར་ཏེ་སྔ་ཕྱིར་ཟླ་བ་དགུ་ཙམ་ཕྱིན།རྒྱལ་དབང་ལྔ་བ་ཨ་མདོའི་རྒྱ་བོད་ས་མཚམས་སུ་སླེབས་རྗེས་མན་ཇུ་གོང་མར་ཕྱག་ཡིག་སྤྲིངས་ཏེ་རྒྱ་བོད་མཐའ་མཚམས་སུ་ཁོང་ལ་ཆིབས་བསུ་རུ་འོང་དགོས་ཚུལ་གསུངས་ཤིང་ཕྱག་ཡིག་འདིས་མན་ཇུ་གོང་མའི་ཕོ་བྲང་ནང་གི་མན་ཇུ་དང་རྒྱའི་དཔོན་རིགས་གཉིས་བར་ལ་མི་མཐུན་པའི་བསམ་ཚུལ་འདྲ་མིན་བསླངས།མན་ཇུ་དཔོན་བློན་རྣམས་བཀའ་དགོངས་དང་བསྟུན་པའི་མོས་པ་བྱུང་མོད་རྒྱའི་བློན་པོ་རྣམས་དེ་ལ་གྲོས་མ་མཐུན་པས་མཐར་བོད་དང་གོང་མའི་དཔོན་རིགས་རྣམས་ཀྱིས་ཕན་ཚུན་བསམ་ཤེས་ངང་བཀའ་བགྲོས་ཏེ་དཀའ་གནད་འདི་སེལ།རྒྱལ་དབང་ལྔ་བ་མན་ཇུ་གོང་མའི་སྐུ་མགྲོན་ཡིན་པས་ཁོང་རྒྱ་ཡུལ་གྱི་ཁི་རི་ཏའི་ཁ་སྟེ་མན་ཇུས་བཞེངས་བསྐྲུན་བྱས་པའི་གནས་དེར་ཕེབས་བཞུགས་ཞུ་རྒྱུ་དང་།ལོ་དེར་རྒྱ་ནག་ལ་ལོ་ཉེས་དང་རིམས་ནད་བྱུང་བས་ཏཱ་ལའི་བླ་མས་འཁོར་འབངས་སུམ་བརྒྱ་ཁྲིད་པར་གྲོས་མཐུན་ཞིང་གོང་མས་དུས་རྒྱུན་རང་གི་རྔོན་རྒྱག་སའི་རི་དྭགས་ཁོ་ཐོར་རུ་ཏཱ་ལའི་བླ་མ་ཆིབས་བསུ་བྱ་བར་སྒུག།

ཏཱ་ལའི་བླ་མ་རྒྱའི་ཡུལ་ཁམས་སུ་སླེབས་མ་ཐག་མན་ཇུ་གོང་མས་རང་གི་ཁྱིམ་རྒྱུད་རྣམས་ཕོ་ཉ་མངགས་ཏེ་ཕེབས་ལམ་ཡོངས་སུ་ཏཱ་ལའི་བླ་མར་ཆིབས་བསུ་བྱེད་དུ་བཅུག།རྒྱལ་དབང་ལྔ་བས་ཀྱང་མན་ཇུ་གོང་མ་དང་དེའི་འབྲེལ་གྱི་བྱེད་སྒོ་རྣམས་རང་གི་རྣམ་ཐར་དུ་འདི་ལྟར་བཀོད་འདུག།

ཚེས་བཅུ་དྲུག་ལ་རྒྱལ་བོའི་དྲུང་དུ་བཏེག་པའི་ལྕགས་རིའི་ནང་དུ་ཚུད་དེ་རིམ་གྱིས་བགྲོད་ཚེ།རྒྱལ་སྲིད་སྣ་བདུན་མདུན་དུ་བདར་བ་སོགས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆེ་བ་དང་ལྡན་པའི་གཟི་བརྗིད་འཆི་མེད་བདག་པོའི་དཔལ་ལ་ཅོ་འདྲི་བའི་གུང་གི་རྒྱལ་པོ་བཞུགས་ས་མཐོང་མི་མཐོང་གི་མཚམས་སུ་སླེབས་པ་དང་དམངས་མས་རྟ་བབས།དེ་ནས་ཀྱང་མདའ་རྒྱང་བཞི་ཙམ་གྱི་བར་ཕྱིན་མཚམས་རྟ་ལས་གཞོལ་ཏེ་ཕྱིན་པ་ན་གོང་མ་ཉིད་ཁྲི་ལས་བབས་ཏེ་གཞུ་འདོམ་བཅུའི་ཚོད་ལ་ཕེབས་ནས་ངེད་ཀྱི་ལག་པ་ལ་ཕྱག་གིས་འཇུས་ལོ་ཙཱ་བཙུགས་ཏེ་འཚམས་འདྲི་གནང་།རྒྱལ་པོ་བཞུགས་ཁྲི་མིའི་རྐེད་པ་དང་མཉམ་པའི་སྟེང་ཁྲིའུ་ཤིང་གི་ཁར་བཞུགས།དེ་དང་འདོམ་པ་གང་ལས་མི་རིང་བའི་སར་ངེད་ལ་རྒྱལ་པོའི་བཞུགས་ཁྲི་ལས་ཅུང་ཟད་དམའ་བ་ཞིག་འདུག་པའི་སྟེང་དུ་བསྡད།གསོལ་ཇ་བྱུང་བའི་སྔོན་ལ་འཐུང་གསུངས་ཀྱང་དེ་འདྲ་མི་འགབ་ཞུས་པས་དུས་མཉམ་དུ་འཐུང་གནང་བ་སོགས་མཐོང་གཟོས་ཤིན་ཏུ་ཆེ་བ་མཛད།

པེ་ཅིན་དུ་བཞུགས་དུས་རྒྱལ་དབང་ལྔ་བ་གཞུང་འབྲེལ་གཟིགས་སྐོར་གྱི་ཕྱིར་པེ་ཅིན་གྱི་ཉེ་འཁོར་རུ་ཆེད་བསྐྲུན་བགྱིས་པའི་གཟིམ་ཁང་སེར་པོ་རུ་བཞུགས་ཤིང་གནས་དེར་སྔ་ཕྱིར་ཟླ་བ་གཉིས་བཞུགས་ཤིང་དེ་དུས་མན་ཇུ་གོང་མ་ཚང་དང་དེ་མིན་གྱི་དཔོན་བློན་རྣམས་ཀྱིས་ཁོང་ལ་བཀུར་བསྟི་མཚོན་ཕྱིར་གཟབ་རྒྱས་ལྡན་པའི་བསུ་མ་ལན་གཉིས་བྱས།༡༦༥༣་ལོའི་ལོ་མགོར་ཁོང་པེ་ཅིན་དང་ཁ་བྲལ་ཏེ་ཁི་རི་ཏའི་ཁར་བསླེབས་ཤིང་ཡུལ་དེར་ཟླ་བ་གསུམ་ཙམ་བཞུགས་ཏེ་ཕྱིར་ལྷ་སར་ལོག་པའི་སྟ་གོན་བྱས།

ཁོང་བོད་དུ་མ་ཕེབས་པའི་ཉིན་འགའི་སྔོན་ཏག་ཏག་ལ་པེ་ཅིན་ནས་བཀའ་ཡིག་བརྐོས་པའི་གསེར་གྱི་བྱང་བུ་དང་གསེར་ཐམ་ཅིག་འཚུབ་ཆའི་ངང་ཁོང་ལ་སྤྲིངས་འོང་བ་དང་།ཏཱ་ལའི་བླ་མ་ཕྱིའི་རྒྱལ་ཁབ་ཀྱི་རྒྱལ་པོ་བཞིན་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པས་ཕོ་བྲང་གི་སྲིད་དོན་པས་གསེར་ཐམ་འདི་གོང་མའི་མདུན་ནས་རྒྱལ་དབང་ལྔ་བར་ཕུལ་མ་ནུས་ལ་གསེར་ཐམ་འདི་རྒྱལ་དབང་ལྔ་བར་འབུལ་དུས་དམིགས་བསལ་གྱི་མཛད་སྒོ་ཅི་ཡང་སྤེལ་མེད་པས་ཁོང་གིས་དེར་ཐུགས་སྣང་ཆེན་པོ་བྱས་མེད།ཁོང་གི་རང་རྣམ་དུ་གསེར་ཐམ་སྟེང་གི་བོད་འགྱུར་མའི་འགྱུར་ཤིན་ཏུ་མི་ལེགས་པར་བརྗོད་འདུག་ལ་གང་ལྟར་རྒྱ་ནག་གཞུང་གིས་དེང་སྐབས་གསེར་ཐམ་འདི་ཁོང་ཚོའི་བོད་ལ་བཟུང་བའི་སྲིད་བྱུས་དེ་ཡང་དག་དུ་སྒྲུབ་བྱེད་ཀྱི་དགོས་མཁོར་དམིགས་དེ་བེད་སྤྱོད་བྱེད་ཀྱིན་འདུག།

ངལ་ཞིང་དུབ་ལ་འཇིགས་ཉེན་ཆེ་བའི་འགྲུལ་བཞུད་དེ་རྒྱལ་ཁའི་ངང་མཇུག་བསྒྲིལ་པས་ལྷ་སའི་མི་འབོར་ཡོངས་དང་ས་ཁུལ་གཞན་གྱི་བོད་ཀྱི་འཐུས་མི་རྣམས་ཀྱིས་ཁོང་ལ་གཟབ་རྒྱས་ལྡན་པའི་ཆིབས་བསུ་བྱས།འགྲུལ་བཞུད་ཀྱི་ལམ་ཁ་ཧྲིལ་པོར་ཁོང་གིས་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་གནངས་བར་ཨ་མདོའི་བོད་མི་རྣམས་དང་།སོག་པོ།རྒྱ་རིགས་བཅས་ཀྱིས་ཕུལ་བའི་མཇལ་རྟེན་ཤིན་ཏུ་གཏོས་ཆེ་ཞིང་དེ་དག་ནི་རྟ་དང་རྔ་མོང་སྟོང་ཕྲག་འགའ་དང་རིན་ཐང་བྲལ་བའི་དངོས་ནོར་རེད།

རྒྱལ་དབང་མཆོག་ཕྱིར་ལོག་མ་ཐག་ཁོང་སླར་ཡང་ནང་ཁུལ་གྱི་ཆབ་སྲིད་གནད་དོན་ལ་འཕྲད་དེ་ཁོས་གཟུ་འདུམ་བྱེད་ཐུབ་མིན་གྱི་རྣམ་དཔྱོད་ངོམ་པའི་སྐབས་སུ་བབས།༡༦༥༤་ལོར་བསམ་འགྲུབ་རྩེར་ཕེབས་དུས་ཁོས་གོ་སྐབས་དམ་བཟུང་གིས་ཁོང་གི་ཆབ་སྲིད་ཀྱི་མངའ་ཐང་ལ་དགག་བྱེད་པའི་ཆོས་སྲིད་ཀྱི་གནད་དོན་རྨང་ནས་ཐག་གཅོད་བྱས།༡༦༢༡་ལོར་གཙང་པ་རྒྱལ་པོས་གཙང་གི་དམག་དཔུང་དང་སོག་པོས་རོགས་འདེགས་བགྱི་བའི་དགེ་ལུགས་པའི་གྲྭ་བ་རྣམས་འདུམ་པའི་བཀའ་དྲིན་ཆེད་ལོ་རེར་ལྷ་སར་ཚོགས་བཞིན་པའི་སྨོན་ལམ་ཆེན་མོའི་བཀོད་སྒྲིག་གི་འགན་དེ་པཎ་ཆེན་བློ་བཟང་ཆོས་རྒྱན་དང་བཀྲ་ཤིས་ལྷུན་པོར་བཅོལ།རྣམ་པ་ཀུན་ཏུ་འབྲས་སྤུངས་ཀྱི་དགེ་ཕན་གཙིགས་སུ་འཛིན་པའི་སྡེ་སྲིད་ཀྱིས་༡༦༢༡་ལོའི་ཡར་སྔོན་བཞིན་ལོ་རེ་བཞིན་བཀོད་སྒྲིག་བྱེད་པའི་སྨོན་ལམ་གྱི་ལས་འགན་དེ་ཕྱིར་རང་གི་དགོན་པར་བླངས་ཤིང་༡༦༣༢་ལོར་བཀྲ་ཤིས་ལྷུན་པོར་བཙན་ཤེད་ཀྱིས་ཐོབ་ཐང་དེ་ཕྱིར་འབྲས་སྤུངས་ལ་སྤྲོད་དུ་བཅུག་པས་པཎ་ཆེན་བློ་བཟང་ཆོས་རྒྱན་དང་སྡེ་སྲིད་བར་འབྲེལ་བ་མི་ལེགས་པར་གྱུར།༡༦༥༤་ལོར་རྒྱལ་དབང་ལྔ་བ་བསམ་འགྲུབ་རྩེར་ཕེབས་མཐར་ཁོང་གཉིས་སླར་ཞི་འགྲིག་འོང་།

དེ་མིན་ད་དུང་༡༦༧༤་ལོར་ཏཱ་ལའི་བླ་མས་ཀརྨ་པའི་ཐོབ་དང་གོ་ས་ལྟར་རྒྱལ་དབང་ཀརྨ་པར་བཀུར་བསྟི་ཆེན་པོས་ངང་རྩེ་ཕོ་བྲང་པོ་ཏ་ལར་གདན་དྲངས་ཤིང་༡༦༡༢་ནས་༡༦༤༢་བར་གྱི་འགལ་བ་དང་ལོག་རྟོག་མང་པོ་སེལ་ཏེ་ཕན་ཚུན་གཉིས་འདུམ་འགྲིག་བྱ་པར་ཕྱོགས་གཉིས་ནས་དགའ་བའི་བསུ་མ་བགྱིས།ཡིན་ཡང་གྲུབ་མཐའ་གཞན་ལ་རྒྱལ་དབང་ལྔ་བ་མཆོག་དེ་འདྲའི་གུ་ཡངས་ཞིག་མིན་ཏེ།དཔེར་ན་བྱིས་པའི་སྐབས་སུ་ཁོང་ཉིད་དེ་ཚོའི་ཡང་སྲིད་ཅིག་ཏུ་ཁྲི་འདོན་མཛད་པར་སྨོན་པའི་ཇོ་ནང་གྲུབ་མཐའ་དེ་བོད་དབུས་ཕྱོགས་ནས་ཨ་མདོ་རུ་སྤྱུགས།བོན་པོའི་དགོན་པ་རྣམས་ཀྱང་རེ་འགའ་ཞིག་བཙན་ཤེད་ཀྱིས་དགེ་ལུགས་པའི་གྲུབ་མཐར་བསྒྱུར།གང་ལྟར་སྲིད་གཞུང་གསར་བ་འདིའི་ལངས་ཕྱོགས་དེ་དོན་དངོས་ཐོག་ཆོས་ལུགས་མིན་པར་ཆབ་སྲིད་ཀྱི་དགོས་མཁོར་དམིགས་ཏེ་ཐག་གཅོད་བྱས་ཡོད།

རྒྱལ་དབང་ལྔ་བའི་དབང་བསྒྱུར་བྱེད་སྐབས་ཀྱི་གནད་དོན་གཞན་གཉིས་ཀྱིས་སྐབས་དེའི་ཕོ་བྲང་ནང་གི་ལྐོག་ཇུས་དང་།ལྷག་པར་དུ་ཆོས་སྲིད་གཉིས་ཀྱི་འབྲེལ་བར་སྤྲོ་སྣང་ལྡན་པའི་མངོན་རྟོགས་རེ་རྙེད་ཐུབ་ལ་དེ་དག་གི་ཤུགས་རྐྱེན་ད་ལྟའང་ད་དུང་ཚོར་ཐུབ།

༡༦༥༤་ལོར་འབྲས་སྤུངས་གཟིམ་ཆུང་གོང་མར་མངའ་གསོལ་བའི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་སྐུ་འདས་ཤིང་འདི་ཉིད་རྒྱལ་དབང་སྐུ་ཕྲེང་བཞི་བའི་ཡང་སྲིད་འོས་མི་ཁྲོད་ཀྱི་བྱིས་པ་ཞིག་ཡིན་པ་དེ་ངེས་པར་དུ་ཕྱིར་དྲན་བྱ་དགོས།དེའི་ཕྱིར་ཁོས་ནམ་ཡང་རང་ཉིད་རྒྱལ་དབང་མཆོག་གི་དགེ་ཕྲུག་ཡིན་ཞེས་ཅི་ལྟར་ཁས་འཆེས་ཀྱང་དེ་ཉིད་རྒྱལ་དབང་ལྔ་བའི་ཁ་གཏད་ཀྱི་དགྲའི་གཏེ་བོར་ངོས་འཛིན་བཞིན་ཡོད་པས་གཞུང་ཞབས་མི་ཉུང་བ་ཞིག་དང་ལྷག་པར་དུ་སྡེ་སྲིད་བཅས་ཁོར་སྡང་བར་གྱུར།ཁོང་གི་གྲོངས་རྐྱེན་དེ་དུས་དང་དུས་མ་ཡིན་པའི་རྐྱེན་གང་ཡིན་རུང་དགེ་ལུགས་པ་ཁག་ཅིག་གིས་དེ་ཉིད་སྡེ་སྲིད་ཀྱི་བཀའ་བཞིན་གཞུང་ཞབས་པ་ནོར་བུས་ལྐོག་གསོད་བྱས་པར་འཁུམས།དོན་དངོས་གང་ཡིན་རུང་དེའི་ཡང་སྲིད་རྩད་གཅོད་བྱ་རྒྱུ་དེ་བཀག་སྡོམ་མཛད་པས་གནས་བབ་དངོས་ནས་ཛ་དྲག་ཡིན་པ་མཚོན།༡༦༥༨་ལོར་གཟིམ་ཆུང་གོང་མ་རྨང་ནས་གཏོར་ཞིང་བླ་མ་འདིའི་སྐུ་གདུང་གིས་བཞེངས་བའི་མཆོད་རྟེན་སྐྱིད་ཆུར་བརྫངས་ཤིང་དེ་ནས་བཟུང་གྲགས་པ་རྒྱལ་མཚན་གྱི་རྣམ་ཤེས་བསྟན་པའི་སྲུང་མའི་ཚུལ་གྱིས་ཕྱིར་ལོག་ཅིང་འདིས་སྲུང་མར་བསྙད་པའི་ཁོའི་ཆོས་ལོག་དེ་དར་མགོ་ཚུགས་པ་མཚོན་ཞིང་ཕྱིས་སུ་དགེ་ལུགས་པའི་མཁྲེགས་བཟུང་ཕྱོགས་ཁག་གིས་རྡོ་རྗེ་ཤུགས་ལྡན་ཞེས་མིང་བཏགས།ཉེ་བའི་ཆར་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་མཆོག་གིས་ཀྱང་རྒྱ་གར་ནས་འདི་ཉིད་བཀག་སྡོམ་མཛད།སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་གྲོངས་རྐྱེན་དང་འབྲེལ་བའི་གསང་བ་འདི་ནི་རྒྱལ་དབང་ལྔ་བ་ཆེན་མོའི་དབང་བསྒྱུར་གྱི་ཆེས་ལྐོག་ཏུ་གྱུར་བའི་ཆ་ཞིག་ཏུ་གྱུར།༡༦༥༩་ལོར་དངོས་སུ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་ཁྱིམ་རྒྱུད་ལ་དབང་བའི་གཞིས་ཀ་གད་ཁ་སར་པར་སྡོད་པའི་གཞུང་ཞབས་ནོར་བུས་རྒྱལ་དབང་ལྔ་བའི་གཞུང་ལ་ངོ་ལོག་པའི་ཇུས་བཤམས་ཤིང་ཁོ་དགེ་ལུགས་པའི་དགྲའི་དྭངས་མར་གྱུར་ཏེ་འབྲུག་པར་ལྐོག་འབྲེལ་བྱས་པའི་དོགས་པ་བྱེད།པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་འགལ་བ་འདིའི་ནང་དུ་ཞུགས་པས་གནད་དོན་སེལ་ཐུབ་པར་གྱུར།

༡༦༦༢་ལོར་པཎ་ཆེན་བློ་བཟང་ཆོས་རྒྱན་དགུང་ལོ་༩༣་སྟེང་དགོངས་པ་རྫོགས་ཤིང་རྒྱལ་དབང་ལྔ་བས་དེ་མ་ཐག་དེའི་ཡང་སྲིད་འཚོལ་བའི་ལུགས་གསར་དུ་བཙུགས།ཁོང་གིས་གདན་ས་གསུམ་གྱི་དགེ་འདུན་ཚོར་ཁོང་རང་གིས་ལྗགས་རྩོམ་མཛད་པའི་སློབ་དཔོན་མྱུར་འབྱོན་གསོལ་འདེབས་བསྐྱོར་བའི་བཀའ་བསྒྲགས་པས་༡༦༦༧་ལོར་ཡང་སྲིད་བེ་རུ་ཁྱིམ་རྒྱུད་དུ་སྐུ་འཁྲུངས་ཤིང་དེ་ནི་བོན་གྱི་ཆོས་རྒྱུད་ཆེན་པོ་ལྔའི་ཡ་གྱལ་ཞིག་རེད།ཁོང་གིས་དམིགས་བསལ་གྱི་ཆོས་རྒྱུན་འདི་དང་ཞི་མཐུན་གནས་པ་མཚོན་ཕྱིར་ཕྱིས་ཀྱི་བཀའ་ཡིག་ཁྲོད་དུ་བོན་ཆོས་ཉིད་བོད་གངས་ཅན་གྱི་གཞུང་འབྲེལ་གྱི་ཆོས་རྒྱུན་ཞིག་ཏུ་ངོས་འཛིན་མཛད།གཞུང་འབྲེལ་ངང་བཙུགས་པའི་ཡང་སྲིད་རྩད་གཅོད་ཀྱི་ལམ་ལུགས་བཙུགས་པའི་འབྲས་བུས་དགེ་ལུགས་ཀྱི་ཆབ་སྲིད་གཅིག་གྱུར་ལ་ཕན་ཐོགས་མེད་ལ་བོད་ཁམས་ཆིག་སྒྲིལ་བཅས་ལའང་དེ་བཞིན་ཏུ་གཞོགས་འདེགས་མཛད་མེད།བླ་མ་འདིའི་ཡང་སྲིད་རིམ་བྱོན་ལ་རྗེས་སུ་པན་ཆེན་བླ་མར་གྲགས་ཤིང་ཆོས་ཕྱོགས་ནས་དུས་རྒྱུན་མཁས་ཤིང་གྲུབ་པར་རྩིས་ཤིང་ཁོང་གཉིས་བར་བླ་སློབ་ཀྱི་འབྲེལ་བ་མཆིས་པས་ཕན་ཚུན་ངོས་འཛིན་རེས་བྱེད་དགོས་མོད་ཆབ་སྲིད་ཀྱི་ཐད་ནས་དུས་རྒྱུན་དཀའ་ངལ་གྱིས་ཁེངས་ཡོད།པན་ཆེན་བླ་མ་དེ་དུས་རྒྱུན་ཏཱ་ལའི་བླ་མར་ཁ་གཏད་བྱེད་པའི་ཡོ་བྱད་དུ་གྱུར་ཡོད་ཅིང་ཐོག་མར་མན་ཇུ་དང་།དེ་ནས་དབྱིན་ཇི།མཐར་རྒྱ་གོ་མིན་ཏང་དང་།གུང་ཁྲན་ཏང་གཉིས་ཀས་སྤྱད་ཡོད།

ཡར་ངོའི་ཟླ་ལྟར་འཕེལ་བཞིན་པའི་རྒྱལ་དབང་ལྔ་བའི་ཕྱི་འབྲེལ་གྱི་མཛད་པ་དེ་སྐབས་དེའི་གནས་བབ་ཀྱིས་ཐག་གཅོད་བྱས་ཡོད་ལ་དེ་ཉིད་བོད་སྟོད་སྨད་བར་གསུམ་དང་།སོག་ཡུལ།ལ་དྭགས།འབྲུག་ཡུལ་བཅས་སུ་ཁྱབ་པ་མ་ཟད།རྒྱ་ནག་གི་ཡུལ་དུའང་ཁྱབ་ཡོད།ཆགས་འཇིག་འབྱུང་བའི་ཉེན་ཁ་སྔ་ན་མེད་པ་ཞིག་གནས་ཡོད་པས་རྒྱལ་དབང་ལྔ་བས་རང་ཉིད་ཀྱི་སྲིད་གཞུང་དེ་བདེ་འཇགས་ངང་གནས་སུ་འཇུག་རྒྱུ་ལས་གཞན།ད་དུང་རྐང་ཚུགས་ཟིན་པའི་ཞི་འཇགས་བརྟན་བརླིང་ལ་འཇིགས་སྐུལ་པའི་ཆབ་སྲིད་ཀྱི་སྟོབས་ཤུགས་རྣམས་འདུམ་བྱེད་པར་གཟུ་དཔང་ཡང་བྱ་དགོས།

སྔར་བོད་བཙན་པོའི་དུས་ཀྱི་ཡུལ་ཁམས་བཞིན་རྒྱལ་དབང་ལྔ་བའི་དབང་བསྒྱུར་སྐབས་སུའང་ཨ་མདོའི་མཚོ་སྔོན་ཕྱོགས་འདི་གནས་གཞི་གལ་ཆེན་ཞིག་ཏུ་གྱུར།སྔ་ཕྱིར་༡༦༥༢་ལོ་དང་༡༦༥༣་ལོར་རྒྱལ་དབང་མཆོག་ཡུལ་ཁམས་འདི་བརྒྱུད་དེ་ཕེབས་དུས་ཁོང་གི་ཐུགས་སུ་ཡུལ་འདིའི་ས་བབས་ཀྱི་གལ་ཆེན་རང་བཞིན་སྔར་ནས་ཤར་ཡོད།༡༦༣༨་ལོར་ནུབ་སོག་ནས་གནས་འདིར་འབྱོར་བ་ནས་བཟུང་གུ་ཤྲི་ཧན་གྱི་གདུང་སྲས་བཅུ་ལས་བརྒྱད་ཀྱིས་རང་རང་གི་ཚོ་བ་དང་མཉམ་དུ་གནས་དེ་གར་གཞི་བཙུགས་ཤིང་ཕུ་ནུ་རྣམས་རྒྱུན་ཆད་མེད་པར་ས་རྩོད་ཆུ་རྩོད་ཀྱི་གྱོད་དུ་ཚུད།༡༦༥༦་ལོ་དང་༡༦༥༩་ལོར་མཚོ་སྔོན་དུ་སྤྱི་ཁྱབ་དཔོན་དུ་མ་མངགས་ཤིང་དེ་དག་ལས་གཅིག་གིས་ས་གནས་མང་ཚོགས་རྣམས་གཡས་རུ་དང་གཡོན་རུ་གཉིས་སུ་བགོས།ཡུལ་ཁམས་འདིའི་སོག་པོ་རྣམས་ཕྱིས་སུ་རྨང་ནས་བོད་དུ་འགྱུར་རུང་གུ་ཤྲི་ཧན་གྱི་གདུང་རྒྱུད་རྣལ་མ་ཡིན་པས་བོད་མི་རྣམས་ཀྱི་ཁྲོད་དུ་སྔར་བཞིན་གོ་བབ་མཐོན་པོ་མུ་མཐུད་དེ་ལོངས་སུ་སྤྱོད་བཞིན་ཡོད་ལ་དེ་དག་གིས་ཨ་མདོའི་ཕྱོགས་སུ་དགེ་ལུགས་པའི་གྲུབ་མཐའ་སྤེལ་བར་བྱེད་ནུས་གལ་ཆེན་བཏོན་པ་གདོན་མི་ཟ།༡༦༦༧་ལོ་དང་།༡༦༧༤་ལོ།༡༦༧༥་ལོ་བཅས་སུ་མན་ཇུ་གོང་མའི་ཞུ་སྐུལ་བཞིན་རྒྱལ་དབང་མཆོག་གིས་ལན་དུ་མར་སོག་པོ་དང་མན་ཇུའི་གཡུལ་འཁྲུག།གོང་མ་རང་ཉིད་དང་གོང་མ་སྔ་མའི་བློན་པོ་བཅས་ལ་གཟུ་འདུམ་གལ་ཆེན་མཛད་ཅིང་གཟུ་དཔང་འདི་དག་གིས་མན་ཇུ་དང་།སོག་པོ།རྒྱ།བོད་མང་ཚོགས་བཅས་ལ་ཐེབས་པའི་རྒྱལ་དབང་མཆོག་གི་ཆོས་སྲིད་ལུགས་གཉིས་ཀྱི་ཤུགས་རྐྱེན་དེ་ཤིན་ཏུ་གནད་ཆེ་བ་གསལ་བོར་མངོན་འདུག།

ཆེས་གནད་འགག་ཆེ་བའི་ཕྱི་འབྲེལ་དོན་ཆེན་གཉིས་ཀྱིས་རྒྱལ་དབང་ལྔ་བའི་མངའ་ཐང་མཚོན།གཙང་རྒྱལ་པོའི་དབང་བསྒྱུར་འོག་ཏུ་བོད་དང་ལྷོ་མོན་ནམ་འབྲུག་དབར་གྱི་འབྲེལ་བ་དཀའ་ཁག་གི་གནས་སུ་སླེབས་ཤིང་གནད་དོན་དེ་ཡང་ཡང་སྲིད་དང་འབྲེལ་འདུག།འབྲུག་པ་བཀའ་བརྒྱུད་ཀྱི་མཁས་ཆེན་དམ་པ་ཀུན་མཁྱེན་པདྨ་དཀར་པོར་(༡༥༢༧་ནས་༡༥༩༢)ཡང་སྲིད་གཉིས་བྱུང་།༡༦༡༥་ལོའི་ཡས་མས་སུ་ཡང་སྲིད་ཀྱི་འོས་མི་ངག་དབང་རྣམ་རྒྱལ་(༡༥༩༤་ནས་༡༦༥༡)་ལ་འབྲུག་པ་བཀའ་བརྒྱུད་ཀྱི་གདན་ས་སྟེ་ཁོ་རང་ཉིད་ཀྱི་ར་ལུང་ཁྱིམ་རྒྱུད་ཀྱིས་རྒྱབ་སྐྱོར་གནངས་ཤིང་ཡང་སྲིད་ཀྱི་འོས་མི་གཞན་ཏེ་རྒྱལ་དབང་ལྔ་བའི་སྐུ་དབོན་དཔག་བསམ་དབང་པོར་གཙང་རྒྱལ་པོས་རམ་འདེགས་མཛད།ངག་དབང་རྣམ་རྒྱལ་གྱིས་རྒྱལ་བོའི་བཀར་རྒྱབ་འགལ་གྱིས་ར་ལུང་ཁྱིམ་རྒྱུད་ཀྱིས་བདག་ཉར་བྱས་པའི་འབྲུག་པ་བཀའ་བརྒྱུད་པའི་གྲུབ་མཐའི་སྲོལ་གཏོད་པ་པོ་འགྲོ་མགོན་གཙང་པ་རྒྱ་རས་ཀྱི་གདུང་རུས་ལས་གྲུབ་པའི་ཁཱ་སར་པརྣི་ལྷ་སྐུ་རྩ་ཆེན་དེ་ཕོ་བྲང་དུ་ཁྱེར།དོན་དངོས་སུ་འདིས་ཁོས་ཀུན་མཁྱེན་པདྨ་དཀར་པོའི་ཡང་སྲིད་ངོས་ལེན་གནངས་བ་དེ་རྩིས་མེད་རྡོག་རལ་བགྱིས་པ་མཚོན་ཞིང་ཁོང་གི་རྒྱབ་འགལ་གྱིས་རྒྱལ་པོའི་ཐུགས་སུ་ཁོང་ཁྲོའི་མེ་ལྕེ་བསླངས་རྐྱེན་མཐར་ཁོ་ལྷ་སྐུ་དང་བཅས་མོན་ཡུལ་ཕྱོགས་སུ་མི་འབྲོ་ག་མེད་བྱུང་ཞིང་ཡུལ་དེའི་མི་དམངས་རྣམས་ཀྱི་ཁྲོད་དུ་ཁོས་རང་གི་ཆོས་སྲིད་ཀྱི་སྟོབས་ཤུགས་དང་འཛིན་སྐྱོང་གི་ནུས་པ་མི་དམན་པ་ཞིག་བཙུགས་པས་འབྲུག་ཡོངས་རྫོགས་གཅིག་གྱུར་བྱས།ཆོས་སྲིད་གཉིས་ཀྱི་དགྲས་དབུ་བཙུགས་པའི་འབྲུག་རྒྱལ་ཁབ་དེ་གྲུབ་པས་ལྷ་སའི་གཞུང་ཞེ་གཏིང་ནས་མི་དགའ་བར་གྱུར།ས་ཁོངས་འཕྲོག་རེས་ལན་དུ་མ་བྱས་རྗེས་༡༦༤༧་ལོར་སྡེ་སྲིད་ཀྱིས་འབྲུག་ཡུལ་ཏུ་དམག་འཐབ་པའི་ཐག་གཅོད་བྱས་ཤིང་མཐར་འདིས་དགེ་ལུགས་་དང་སོག་པོ་མནའ་འབྲེལ་གཉིས་ཁ་སྐྱེངས་པའི་ངང་ཕམ་པར་བྱས།

ཕྱོགས་གཞན་ཞིག་ནས་༡༦༧༩་ལོར་ལ་དྭགས་སུ་དམག་དྲངས་བར་རྒྱལ་ཁ་ཐོབ་ཅིང་ལ་དྭགས་རྒྱལ་པོས་འཕྲོག་པའི་བོད་ནུབ་ཁུལ་གྱི་མངའ་རིས་ཕྱིར་བླངས།དེ་བས་རྒྱལ་དབང་ལྔ་བས་དབང་བསྒྱུར་སྐབས་ནུབ་ཀྱི་མངའ་རིས་ནས་ལྷོ་ཤར་གྱི་ཁམས་དར་རྩེ་མདོ།དེ་ནས་བྱང་ཤར་ཕྱོགས་ཀྱི་ཨ་མདོ་མཚོ་སྔོན་པོར་ཐུག་གི་བར་གྱི་ཡུལ་གྲུ་ཡོངས་སུ་རྫོགས་པ་ཡུག་གཅིག་ཏུ་སྦྲེལ་ཏེ་གཅིག་གྱུར་བྱས་པ་དང་།འདི་ནི་དུས་རབས་དགུ་བའི་བོད་བཙན་པོའི་རྒྱལ་ཁབ་སིལ་བུར་འཐོར་བའི་རྗེས་སུ་ཐོག་མར་བྱུང་བའི་བོད་ཡུལ་གཅིག་གྱུར་རེད།

གཡུར་དུ་ཟ་བའི་ཆབ་སྲིད་ཀྱི་གྲུབ་འབྲས་ལས་གཞན་རྒྱལ་དབང་ལྔ་བ་ཆེན་མོས་ལྷག་ཏུ་ཐུགས་ཁུར་ཟབ་བཞེས་མཛད་ས་ནི་ཆོས་ཀྱི་སྙིང་བོ་རེད།ལྗགས་རྩོམ་གནངས་རྒྱུ་ནི་ཁོང་ཉིད་ཆེས་ཐུགས་བརྩེ་ཆེ་བའི་མཛད་སྤྱོད་ཅིག་ཡིན་ལ་ཡུལ་སྐོར་རམ་སྐུ་མཚམས་སུ་བཞུགས་པ་སོགས་གནས་བབས་ཅི་དང་གང་ལ་འཕྲད་ཅིང་དེ་ལ་འགལ་རྐྱེན་གཏན་ནས་བྱུང་མེད་ཅིང་ཁོང་ལ་བསྡོམས་པའི་བརྩམས་ཆོས་པོད་ཉེར་བདུན་མཆིས།བརྗོད་གཞི་འདྲ་མིན་གྱི་ཐད་ལ་ལྗགས་རྩོམ་མཛད་པ་ལས་གཞན་ཁོས་རང་ཉིད་ཀྱི་དག་སྣང་གི་མྱོང་བའང་ཡི་གེར་བཀོད་ཅིང་ཁོང་རང་ཉིད་ཀྱི་གྲུབ་མཐས་འདི་རིགས་ལ་དགག་བཞག་མཛད་རྐྱེན་གསང་རྒྱ་བྱས་ཡོད།ཁོང་གིས་ཤིན་ཏུ་བག་ལྷོད་ཅིང་སྒེར་གྱི་ཁྱད་ཆོས་ལྡན་པའི་ངང་ཁོང་གི་མྱོང་ཚོར་རྣམས་སྦ་གསང་མེད་པར་བརྗོད་པས་ཁ་ཁོག་བྲལ་ཞིང་ཟུར་ཟའི་ཉམས་ལྡན།ཁོང་གི་རང་རྣམ་དེ་ནི་རང་གི་དགེ་ལུགས་གྲུབ་མཐའི་མཁྲེགས་བཟུང་གི་ལྟ་བ་དང་རང་ཉིད་ཀྱི་ཡང་སྤྲུལ་གྱི་གོ་བབ་བཅས་ལ་ཁོང་གི་ཟོལ་མེད་ལྷུན་ཆགས་དང་།ཟུར་ཟ།བག་བྲོ་བའི་སྐྱོན་བརྗོད་ཀྱི་ཉམས་ཀྱིས་ཡོངས་སུ་ཕྱུག་པ་ཞིག་རེད།ཁོང་ནི་དགེ་ལུགས་པའི་བརྩམས་ཆོས་མཛད་མཁན་རྣམས་དང་མི་འདྲ་བར་དུས་རྒྱུན་དུ་རང་ཚུགས་ལྡན་པའི་འདོད་ཚུལ་སྨྲས་ཏེ་གཏན་ནས་བཙན་པོ་གཉའ་འཇོག་མི་བྱེད།དཔྱད་རྩོམ་གཉིས་གྲུབ་རྗེས་ཁོས་བདག་གིས་མཇམ་དཔལ་ཞལ་ལུང་མཇུག་རྫོགས་རྗེས་དགེ་ལུགས་པའི་ཁྱུ་ནས་འབུད་དགོས་ཞེས་དང་།དེ་རིང་རིག་འཛིན་ཞལ་ལུང་མཇུག་སྒྲིལ་བ་དང་ངེད་ཀྱིས་བསམ་ན་རང་ཉིད་རྙིང་མའི་གྲས་ནས་ཀྱང་འབུད་དགོས་བར་སྙམ་ཞེས་བརྗོད།དོན་དངོས་སུ་དཔྱད་རྩོམ་འདི་གཉིས་ནི་བོད་ཀྱི་རིས་མེད་གྲུབ་མཐའ་རྣམས་ཀྱིས་གདེང་འཇོག་བྱེད་བཞིན་པའི་རྨད་བྱུང་གི་བརྩམས་ཆོས་རེད།ཆོས་དང་མཚན་ཉིད་སོགས་ལུགས་གང་ལའང་རིས་སུ་མེད་པ་ཞིག་ཡིན་ཕྱིར་འདིས་གྲུབ་མཐའ་གཞན་ལ་གུ་ཡངས་ཀྱི་སྲིད་བྱུས་བཟུང་བར་རོགས་འདེགས་བྱས།བོན་པོ་སྟེ་བོན་ཆོས་ལ་དད་པ་བྱེད་མཁན་ནི་བོད་ཡུལ་གྱི་ནང་པར་མི་འཇུག་མཁན་གཅིག་པུ་ཡིན་ཏེ།སྲིད་དབང་ཐོག་མར་འཛུགས་སྐབས་དཀའ་ཁག་ངེས་ཅན་ཞིག་མྱངས་པའི་རྗེས་སུ་ཆོས་སྲིད་ལུགས་གཉིས་ཕྱོགས་གང་གི་ཐད་ནས་བཀུར་བསྟི་དང་བརྩི་འཇོག་བྱས།

༡༦༨༢་ལོ་སྟེ་རྒྱལ་དབང་ལྔ་བ་དགུང་ལོ་༦༩་སྟེང་དགོངས་པ་མ་རྫོགས་བར་ཁོང་གིས་ལྗགས་རྩོམ་མུ་མཐུད་དེ་མཛད།སྐྱེས་ཆེན་འདིའི་ཡིད་སེམས་འགུག་ལ་རྟོགས་དཀའ་ཞིང་ཐུན་མོང་མ་ཡིན་པའི་མི་གཤིས་དེས་ཁོང་ཉིད་བོད་ཀྱི་ལོ་རྒྱུས་སྟེང་ཆེས་བསྙོན་ཐབས་བྲལ་བའི་མི་སྣ་གལ་ཆེན་ཞིག་ཏུ་གྱུར།ཁོས་ཕལ་ཆེར་རྒྱལ་ཁབ་འདིའི་རིག་གཞུང་སྤྱི་དང་སྒོས་སུ་བོད་ཀྱི་འཛུགས་བསྐྲུན་དང་།སྙན་ངག།ལོ་རྒྱུས་རིག་པ།སྲིད་སྐྱོང།།ད་དུང་སྒྱུ་རྩལ།མཚན་ཉིད།སྒོམ་སྒྲུབ་སོགས་ལ་ལག་རྗེས་ཟབ་མོ་བཞག་ཡོད།རྒྱལ་དབང་ལྔ་བ་ནི་མཁྱེན་དཔྱོད་རྨད་དུ་བྱུང་བའི་སྲིད་སྐྱོང་བ་ཞིག་ཡིན་ལ་ནང་བའི་དགེ་སློང་ཞིག་ཀྱང་ཡིན་པས་ཁོང་ཁྱད་ཏུ་འཕགས་པའི་ནང་བའི་སྐྱེས་ཆེན་དམ་པ་ཞིག་ཡིན་པ་མཚོན་ཕྱིར་བོད་མི་རྣམས་ཀྱིས་སྔར་སྲོལ་བཞིན་ད་དུང་ཁོང་ལ་ལྔ་བ་ཆེན་མོ་ཞེས་འབོད།ཁོང་གི་དགོན་གྲྭའི་ཚུལ་ཁྲིམས་བཙན་པོ་དེ་ཆོས་ཕྱོགས་ཀྱི་འཚོ་བའི་རྣམ་པ་གཞན་ཞིག་གིས་ལྐོག་གྱུར་ངང་གནས་སུ་བཅུག་ཡོད།ཁོའི་གསང་སྔགས་ཕྱོགས་སུ་ཁེངས་བའི་སྤྲོ་བ་དེ་ཧ་ལམ་སྒྱུ་འཕྲུལ་གྱི་ཆོ་ག་དང་དབྱེར་མ་མཆིས།ལྷག་པར་དུ་ཁོང་ཉིད་དད་དུང་ཆེ་བའི་གསང་སྔགས་ཀྱི་སྒོམ་སྒྲུབ་དེས་མི་ཚེ་ཧྲིལ་པོར་ཁོང་ལ་དག་སྣང་གི་མྱོང་བ་རྒྱུན་མར་གནངས་ཤིང་འདི་དག་ཁོང་གི་ལྗགས་རྩོམ་ནང་མ་གཏོགས་བཀོད་མེད་ལ་སྐབས་དེ་ཤེད་དུ་ཅུང་ཙམ་ལས་གྲགས་མེད་ལ་དེས་སྐད་ཅིག་ཙམ་ལའང་སོས་དལ་མེད་པར་ཁ་བ་གངས་ཅན་པའི་སྐྱེས་འབངས་ཡོངས་ལ་བཅིངས་བའི་དམ་པ་ཉིད་ཀྱི་ཐུགས་ཁྲལ་དེ་མཚོན་ཡོད།