རྫོང་སར་འཇམ་དབྱངས་མཁྱེན་བརྩེས་མཛད། རོང་བོ་གངས་དཀར་གྱིས་བོད་འགྱུར་བྱས།

སྒྱུར་མཁན་གྱི་གཏམ།  རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ནི་དེང་སྐབས་འཛམ་གླིང་དང་རྒྱ་ནག་ནང་སྙན་གྲགས་ཤིན་ཏུ་ཆེ་བའི་བོད་ཀྱི་བླ་མ་གཞོན་རབས་པའི་གྲས་ཡིན་ལ། ཞོར་ཏུ་གློག་བརྙན《ཕོར་བ》དང《ཆང་ཧུབ་ཐེངས་གཅིག་གི་འཁྲུལ་སྣང》  《ཝ་ར》སོགས་འཁྲབ་ཁྲིད་དང་ཕབ་སྐྲུན་བྱས་ནས་ཕྱོགས་སོ་སོ་ནས་གདེང་འཇོག་མི་དམན་པ་འཐོབ་ཡོད། བརྩམས་དེབ《ནང་བསྟན་གྱི་ལྟ་གྲུབ་དང་ས་ལམ》《འཁོར་བ་ཡི་གར་ཁང》《སྤྲོ་སྣང་ཁོ་ན་མིན》《ཡང་དག་པའི་ལྟ་བ》སོགས་རྒྱ་ནག་ནང་རྒྱུགས་ཆེ་བའི་དཔེ་དེབ་ཀྱི་གྲས་སུ་ཚུད་ཡོད་ལ། ད་ཐེངས《ཡང་དག་པའི་ལྟ་བ》ཡི་ལེའུ་དང་པོ་ཚན་པ་རེ་རེ་རིམ་འགོད་བྱས་ནས་ཀློག་པ་པོའི་སྤྱན་སྔར་རིན་པོ་ཆེ་ཁོང་གི་འདྲ་འདྲའི་ནང་གི་མི་འདྲ་བ་དེ་རོལ་མྱོང་གི་སྐལ་བ་ཞུས་ཡོད། སྤྱིར་དེབ་འདིའི་ནང་ཕྱག་རྒྱ་བཞི་བོ་དུམ་ཚན་བཞི་རུ་ཕྱེ་ནས་དེང་རབས་རིག་གནས་ཀྱི་རྒྱབ་ལྗོངས་ཡོད་པའི་མི་རྣམས་དམིགས་འབེན་ཏུ་བཟུང་ནས་བརྗོད་ཡོད་པ་དང་། སྟོན་པའི་རྣམ་ཐར་ཞིབ་རྒྱས་ཤིག་དེབ་འདིའི་མགོ་འཇུག་བར་གསུམ་ལ་སྦྱར་ནས་ནང་བའི་ལྟ་གྲུབ་ཀྱི་གནད་དེ་ཐོན་ཏུ་བཅུག་ཡོད་པས་དེའི་ཞིབ་ཚགས་དང་། སྒྲིག་གཞི། དགག་གཞག རྩེད་མཚར་སོགས་ལ་མྱོང་རིན་ལྡན་པ་ཡིན་ནོ་ཞེས་སྐལ་མཉམ་ཀུན་ལ་ཀློག་པར་སྐུལ་བ་ཡིན།

 

ལེའུ་དང་པོ།   འདུས་བྱས་དང་མི་རྟག་པ།

གོ་ཏ་མ་བུད་ངྷ་ནི་ལྷ་མ་ཡིན་པར་མི་ཕལ་བ་ཞིག་སྟེ། ཡང་མི་ཕལ་བ་ཞིག་ཀྱང་མ་ཡིན་པར་རྒྱལ་བོ་ཞིག་གི་སྲས་པོ་ལགས། ཁོའི་མཚན་ལ་དོན་ཀུན་གྲུབ་པ་ཞུ་ཞིང་། ལོངས་སྤྱོད་ཀྱི་ཡོ་ལང་རྒྱས་པའི་ཀ་པུ་ལ་བསྟུ་གྲོང་ཁྱེར་ཏུ་ཁོང་ལ་བརྗིད་ཆགས་ཀྱི་ཕོ་བྲང་དང་ཡིད་འོང་གི་བཙུན་མོ་ཡོད་ལ། བརྩེ་ལྡན་གྱི་ཡབ་ཡུམ། གཞུང་དྲང་གི་འབངས་མི། རྨ་བྱ་དལ་བུར་རྩེན་པའི་སྔོ་ལྗང་གི་སྐྱེད་ཚལ་ཡོད། ད་དུང་ཅི་བྱས་ལས་ལ་འཇོན་པའི་ཞབས་གཡོག་བུ་མོས་གཡས་གཡོན་བསྐོར་ཡོད། ཁོའི་ཡབ་ཆེན་སྟེ་རྒྱལ་བོ་ཟས་གཙང་མས་ཕོ་བྲང་ནང་རོལ་ནས་ཁོང་ལ་ཅི་འདོད་ཀྱི་རེ་བ་སྐོང་བཞིན་ཡོད་ཅིང་། གང་མཁོ་ཡི་འདོད་པ་སྒྲུབ་བཞིན་ཡོད་དེ། རྒྱུ་མཚན་ནི་རྒྱལ་སྲས་བཙས་ནས་རིང་བོ་མ་ལོན་པའི་དུས་ཤིག་ལ་ལྟས་མཁན་ཞིག་གིས་མ་འོངས་པར་རྒྱལ་སྲས་ཀྱིས་དབེན་པའི་དཀའ་ཐུབ་དང་དུ་ལེན་པ་ཡིན་ནོ་ཞེས་ལུང་བསྟན་ཡོད་པས་ཡིན། འོན་ཀྱང་ཟས་གཙང་མས་སེམས་ཐག་ཆོད་པོས་དོན་ཀུན་གྲུབ་པར་རྒྱལ་སྲིད་གཏོད་རྩིས་བྱས་ཡོད། ཕོ་བྲང་གི་འཚོ་བ་རྒྱས་སྤྲོས་ཆེ་ལ་ཧ་ཅང་བརྟན་ལྷིང་ཁུ་སིམ་དུ་གནས་ཕྱིར་དོན་ཀུན་གྲུབ་པ་ནང་མི་དང་མ་མཐུན་པ་ཡེ་ནས་མེད་ལ། དོན་དངོས་ཐོག་ཁོས་ནང་མིར་ཐུགས་འཁུར་མཛད་ཅིང་ལྷག་ཏུ་བརྩེ་འདང་ཟབ་མོ་ཡོད། མཚམས་རེར་གཅུང་དང་མ་མཐུན་པ་ཅུང་རེ་མ་གཏོགས་གཞན་དག་དང་མཛའ་མཐུན་ངང་གནས་ཤིང་མཆིས།

དོན་ཀུན་གྲུབ་པ་རིམ་གྱིས་ནར་སོན་ཅིང༌། ཁོ་རང་ཁོའི་རྒྱལ་ཁམས་དང་ཕྱི་རོལ་འཇིག་རྟེན་ལ་མཚར་སྣང་སྐྱེ་འགོ་ཚུགས། ཟས་གཙང་མས་རྒྱལ་སྲས་ཀྱི་ཐེངས་མང་པོའི་ཞུ་བ་བཟློག་མ་ནུས་པར་ཕོ་བྲང་ཕྱི་རོལ་ལ་འཆམ་དུ་ཕྱིན་ཆོག་པའི་གནང་བ་ཐོབ་ཅིང༌། ཡང་ཁ་ལོ་སྒྱུར་བ་གཱ་ན་ལ་ཡིད་སྤྲོ་བའི་བྱ་དངོས་ཁོ་ན་སྟོན་དགོས་པའི་བཀའ་ནན་གྱིས་ཕབ། ཡིན་དེ། དོན་ཀུན་གྲུབ་པས་ལམ་རིང་ཐུང་ཀུན་ཏུ་རི་འཕྱོར་བོ་དང་ཆུ་དྭངས་མོ་མཐོང་བ་མ་ཟད། ཆར་ཆུ་དུས་འབབ་ཀྱི་རང་བྱུང་འཛིན་མའི་མཛེས་ཉམས་ལ་ཡོངས་སུ་རོལ། ཕྱིར་ལོག་པའི་ལམ་འགྲམ་དུ། ཁོང་གཉིས་འོ་དོད་འབོད་པའི་གྲོང་གསེབ་པ་ཞིག་ལ་འཕྲད་ཅིང༌། དེ་ནི་བཟོད་གླགས་མེད་པའི་ན་བའི་ཟུག་རྔུས་མནར་བཞིན་ཡོད་དེ། དོན་ཀུན་གྲུབ་པར་མཚོན་ན་སྐྱེ་བ་ནས་བཟུང་སྟོབས་ཀྱིས་དྲེགས་པའི་སྲུང་དམག་དང་གཟུགས་གཞི་ཐང་བའི་ཞབས་གཡོག་མ་ཤ་སྟག་གིས་བསྐོར་ཡོད་པས། གློ་བུར་འོ་དོད་འབོད་ཅིང་ན་བའི་ཟུག་རྔུས་ཉེན་པའི་ལུས་སྐྱ་བོ་རིད་པ་འདི་ལྟ་བུ་གཟིགས་པ་ནི་སྐྱི་གཡའ་བའི་དོན་ཞིག་སྟེ། ཁོས་མིའི་ལུས་ཀྱི་ཉམས་ཞན་མཐོང་བས་སེམས་ལ་བསུབ་ཐབས་མེད་པའི་བག་ཆགས་བཞག་པ་དང༌། རྨ་ཁ་ལྗིད་པོ་འཁུར་ནས་ཕྱིར་ཕོ་བྲང་དུ་ལོག

ལོ་ཟླའི་རྒྱུན་དང་བསྡེབས་ཏེ་རྒྱལ་སྲས་ཀྱི་སེམས་ཁམས་ལྷོད་ལ་བབ་ནས་རྒྱུན་ལྡན་ལྟར་གྱུར་ཀྱང༌། ཕོ་བྲང་ཕྱི་རོལ་ལ་ཡང་བསྐྱར་འཆམ་འཆམ་དུ་འགྲོ་རྒྱུའི་འདུན་པ་ཤིན་ཏུ་དྲག ཟས་གཙང་མས་འཐད་མི་འཐད་ཀྱིས་བསྐྱར་དུ་རེ་བ་དང་ལེན་བྱས་ཤིང༌།  ཐེངས་འདིར་དོན་ཀུན་གྲུབ་པས་ཁའི་སོ་བུལ་ཅིང་རྒས་པའི་ཁུར་གྱིས་ནོན་པའི་རྒན་མོ་ཞིག་མཐོང་ངོ༌།།  དེས་གོམ་འགྲོས་ནི་འཆོལ་ཅིང་གྲོགས་ནི་འཁར་བ་ཉག་གཅིག་ལ་བརྟེན་ནས་བགྲོད་ཀྱིན་པས་མྱུར་ཏུ་རྟ་ཁ་བཀག་ནས་ཁ་ལོ་སྒྱུར་བ་གཱ་ན་ལ་དྲིས་པ།

་་ རྒན་མོ་དེ་ཅིའི་ཕྱིར་འདི་བཞིན་འཁྱར་འཁྱོར་གྱིས་བགྲོད་པ་ཡིན ་་

་་ ལྷ།  འདི་ནི་རྒ་བས་ཁུར་གྱིས་ནོན་པའོ།། ་་  ཁ་ལོ་སྒྱུར་བ་གཱ་ནས་གསོལ་བ།

་་ རྒ་བ་ནི་ཅི་ཞིག ་་ ཡང་བསྐྱར་དྲིས་པ།

་་ ལུས་ཀྱི་ཆ་ཤས་རེ་རེ་ཡུན་རིང་བོར་སྤྱད་པས་ཟད་ཅིང་ཉམས་པའོ།། ་་

ཁ་ལོ་སྒྱུར་བ་གཱ་ནས་དེ་སྐད་སྨྲས་པས་དོན་ཀུན་གྲུབ་པ་མིག་མདུན་གྱི་སྣང་ཚུལ་ལ་འཇིགས་སྣང་ཤོར་བ་དང་ཕྱིར་ཕོ་བྲང་དུ་ལོག་དགོས་པའི་བཀའ་གནང༌།

དེ་ནས་བཟུང་དོན་ཀུན་གྲུབ་པའི་མཚར་སྣང་གི་བློ་དེ་འཇགས་ཐབས་མེད་ལ། ཕྱི་རོལ་ན་དོན་དངོས་ཐོག་ཅི་ཞིག་ཡོད་པ་ལྟ་བར་འདོད་ནས་ཁ་ལོ་སྒྱུར་བ་དང་ལྷན་དུ་ཐེངས་གསུམ་པར་ཕྱི་རོལ་དུ་ཆས། ཐེངས་འདིར་ཡང༌། སྔར་བཞིན་ལམ་བར་ཀུན་ཏུ་ལྟ་ན་སྡུག་པའི་ཡུལ་ལྗོངས་མཚར་བོ་དང་འཕྱོར་བོ་གང་མང་ལ་རོལ་བ་དང༌།  ཡིན་ཡང་ཕྱིར་ལོག་པའི་ལམ་བར་དུ་མི་བཞིས་ཁྱོགས་ཤིག་གི་སྟེང་མིའི་བེམ་པོ་ཞིག་བཀལ་ནས་འགྲོ་བཞིན་པ་མཐོང་། དོན་ཀུན་གྲུབ་པས་དེ་ལྟ་བུ་ཞིག་སྔར་མཐོང་མྱོང་མེད་པ་དང༌། གཱ་ནས་དེ་ནི་མི་ཚེ་འཕོས་པ་ཞིག་གི་བེམ་པོ་ཡིན་པར་བརྗོད་ཅིང༌།  མི་དེ་ནི་ད་ལྟ་ཤི་ཟིན་པར་གསལ་བཤད་བྱས།

་་ མི་གཞན་དག་འཆི་སྲིད་དམ། ་་ དོན་ཀུན་གྲུབ་པས་གཱ་ན་ལ་དྲིས་པ།

་་ ལྷ། མི་སུ་ཡིན་ཡང་འཆི་ངེས་པ་ཡིན། ་་ དེས་སྨྲས་པ།

་་ ངའི་ཡབ་དང་ཐ་ན་བུ་ཆུང་ཡང་འཆི་ངེས་སམ། ་་

་་ ལྷ། མི་ཐམས་ཅད་འཆི་ངེས་སྟེ། དབུལ་ལམ་ཕྱུག་གམ། རིགས་རུས་མཆོག་དམན་གང་ཡིན་ཀྱང་འཆི་བ་ལས་བཟློག་ཐབས་མེད།  འདི་ནི་འཇིག་རྟེན་འདིར་སྐྱེ་བ་ཡོད་དོ་ཅོག་གི་མཐའ་མཇུག་གི་ལས་དབང་ཡིན། ་་

 ※                   ※                   ※

ཐོག་དང་པོར་དོན་ཀུན་གྲུབ་པས་རྟོགས་པ་སྙེག་པའི་གཏམ་རྒྱུད་ལ་ཉན་རྗེས། ང་ཚོས་ངེས་པར་ཁོ་ནི་བྱིས་པ་བསམ་མེད་ཅིག་རེད་བསམ་ལ། རྒྱལ་ཁམས་ཤིག་ལ་དབང་བསྒྱུར་ལ་ཉེ་བའི་རྒྱལ་སྲས་ཀྱིས། དྲི་བ་སླ་མོ་འདི་ལྟ་བུ་བཏོན་པ་ལ་ཧ་ལས་ངེས། དོན་དུ་ང་ཚོ་ནི་བྱིས་པ་དངོས་མ་དེ་ཡིན་ཞིང༌། དེང་གི་བརྡ་འཕྲིན་གྱི་དུས་རབས་སུ་སྐེ་གཏུབ་པ་དང༌། གླང་འཛིང༌། ལྐོག་གསོད་སོགས་ཁྲག་གིས་སྦགས་པའི་བརྙན་རིས་མང་པོས་ང་ཚོ་བསྐོར་ཀྱང༌། དེ་དག་གིས་ང་ཚོ་ལ་མཐའ་མཇུག་གི་ལས་དབང་སྟོན་པ་ལྟ་ཞོག དེ་ལས་ལྡོག་སྟེ་རོལ་རྩེད་དང་ཁེ་སྤོགས་འགྲུབ་བྱེད་དུ་བཀོལ་ཅིང༌། འཆི་བ་ནི་སྔ་ས་ནས་ཚོང་རྫས་ཤིག་ཏུ་གྲུབ་ཚར་ཡོད། ང་ཚོ་མི་ཕལ་མོ་ཆེས་འཆི་བའི་དོན་དངོས་ལ་བསམ་བློ་མི་གཏོང་ལ། རང་ལུས་དང་ཁོར་ཡུག་ཡོད་ཚད་གཏན་འཇགས་མིན་པའི་ཆ་རྫས་ཀྱིས་གྲུབ་པ་དང་། རྐྱེན་ངན་ཅུང་ཙམ་གྱིས་ཀྱང་འཐོར་ཞིག་ཏུ་འགྲོ་བར་ཡིད་ཆེས་ཀྱིན་མེད།  རེད་དེ། ང་ཚོ་སུས་ཀྱང་ནམ་ཉི་མ་ཞིག་ལ་འཆི་དགོས་པ་རྟོགས་ཡོད་ལ། དེ་ཡང་སྨན་པས་བཅོས་ཐབས་བྲལ་བའི་ནད་ཅིག་ལ་ཐག་མ་བཅད་བར་མི་ཕལ་མོ་ཆེ་ཡིས་རང་གིས་རང་ལ་གནས་སྐབས་སུ་ཉེན་ཁ་མེད་སྙམ་ཞིང༌། བརྒྱ་ལ་འཆི་བ་དྲན་པའི་དབང་དུ་བཏང་རུང་ང་ཡི་རྒྱུ་ནོར་སུ་ལ་ཐེམ་མམ་དང་ཡང་ན་ངའི་རུས་པ་གང་དུ་གཏོར་རམ་སོགས་ཀྱི་གནད་དོན་ཡིན་ལ། འདིར་ལྟོས་འོངས་ན། བྱིས་པ་བསམ་མེད་དངོས་དེ་ང་ཚོ་ཡིན།

※                   ※                   ※

ཐེངས་གསུམ་པར་འཆམ་འཆམ་དུ་ཕྱིན་ནས་ཕྱིར་ལོག་རྗེས། དོན་ཀུན་གྲུབ་པས་རང་ཉིད་ཀྱི་འབངས་དང༌། ཕ་མ་དང༌། སྙིང་གི་དགའ་མ་གྲགས་འཛིན་མ། བུ་ཆུང་སྒྲ་གཅན་བཅས་འཆི་བའི་འཇིགས་པ་ལས་བཟློག་ཐབས་མེད་པ་རྟོགས་པས་ཤིན་ཏུ་མྱ་ངན་པར་གྱུར་ཏོ།། དབུལ་བ་དང༌། བཀྲེན་པ། ཁྱིམ་མི་བདོག་པ་སོགས་ཀྱི་ཕོངས་པ་སེལ་བའི་སྟོབས་ཡོད་ཀྱང༌། རྒ་འཆིས་ཉེན་པ་རྣམས་ཐབས་གང་གིས་སྒྲོལ་དགོས་སམ།

ཉིན་མཚན་བསྟར་ནས་དོན་འདི་དག་ལ་བསམ་གཞིག་བགྱིས་པ་དང༌། དོན་ཀུན་གྲུབ་པར་ཡབ་རྒྱལ་བོ་དང་ལྷན་དུ་འཆི་བའི་སྐོར་ལ་བགྲོ་གླེང་བྱེད་འདོད་ཀྱི་འདུན་པ་འཁྲུངས། ཟས་གཙང་མར་མཚོན་ན་འདི་ནི་དཀྲོལ་ཐབས་མེད་པའི་དྲི་བ་ཞིག་སྟེ། ཁོས་རྒྱལ་སྲས་ལ་ཇི་ལྟར་འདི་ལྟ་བུའི་བསམ་པ་འཁྲུངས་པར་བློས་དཔག་དཀའ་ལ། ཟས་གཙང་མ་སྔོན་གྱི་ལུང་བསྟན་སྟེང་འབབ་པར་སེམས་ཁྲལ་ཇེ་ཆེ་ནས་ཇེ་ཆེར་གྱུར་བ་དང༌། རང་གི་བུས་རྒྱལ་སྲིད་དོར་ནས་དབེན་པར་དཀའ་ཐུབ་འགྲིམས་པར་དོགས་པའི་དོགས་པ་ཚད་མེད་པ་སྐྱེས། སྔར་གྱི་ལུང་བསྟན་ཡོད་མེད་གང་ཡིན་ཀྱང༌། སྐབས་དེའི་རྒྱ་གར་སྤྱི་ཚོགས་སུ་རྒྱུ་ཐོབ་ཀྱིས་ཕྱུག་པའི་ཧིན་རྡུ་ཆོས་དད་པས་དཀའ་ཐུབ་དང་དུ་བླངས་པ་བགྲང་ལས་འདས་ལ། ཟས་གཙང་མས་ཕྱི་ཚུལ་ནས་ནུས་ཤུགས་རྩལ་སྤྲུགས་ཀྱིས་རྒྱལ་སྲས་ཀྱི་ཨུ་ཚུགས་བཟློག་པའི་ཐབས་མང་དུ་བྱས་ཀྱང༌། སེམས་ཀྱི་གཏིང་རུམ་ན་སྔར་གྱི་ལུང་བསྟན་ཡལ་མེད་དུ་གནས།

རྒྱལ་སྲས་ལ་མཚོན་ན་འདི་ནི་གནས་སྐབས་ཀྱི་སེམས་ཀྱི་འཁྱེར་སོ་ཙམ་མིན་པར་ལུས་སེམས་གཉིས་ཀ་དོན་དེའི་གཏིང་དུ་བྱིང་ཞིང༌། དེ་འགོག་པའི་ཆེད་དུ་ཟས་གཙང་མས་རྒྱལ་སྲས་ཕོ་བྲང་ཕྱི་རོལ་ལ་ཕྱིན་མི་ཆོག་པ་བཟོས་པ་དང༌། ལྐོག་ཏུ་མི་མངགས་ནས་ལྟ་རྟོག་ནན་མོ་བྱས། བྱིས་པ་ལ་གཅེས་པའི་ཕ་རྒན་ཞིག་གིས་བྱེད་ངེས་པ་ནང་བཞིན།  ཁོས་ཀྱང་རང་ནུས་གང་ཡོད་སྒོས་རྒྱལ་སྲས་ལ་འཆི་བ་དང་མི་སྡུག་པའི་རྗེས་ཤུལ་གང་ཡང་མཐོང་ཏུ་མ་བཅུག།

སྙན་གསན་ཞུ་རྒྱུར། རྩོམ་ཡིག་འདི་ལ་དགོས་ངེས་ཞུ་དག་གི་རིམ་པ་སོགས་གང་ཡང་སོང་མེད་པས་དྲ་བ་གཞན་ལ་མ་འགོད་རོགས།