རྫོང་སར་འཇམ་དབྱངས་མཁྱེན་བརྩེས་མཛད། རོང་བོ་གངས་དཀར་གྱིས་བོད་འགྱུར་བྱས།


བྱིས་པའི་རྩེད་ཌར་དང་སེམས་པ་ཆགས་བྱེད་གཞན་དག

ང་ཚོ་ཕྱོགས་མང་པོ་ནས་ཟས་གཙང་མ་དང་འདྲ་སྟེ།  རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་ང་ཚོས་དབང་མེད་དུ་བདག་ཉིད་དང་གཞན་དག་དོན་དག་ངོ་མ་ལས་གཡོལ་བའི་ཐབས་ཤེས་བྱེད་ལ། ང་ཚོས་ཆོས་གཞན་གྱི་ཉམས་ཆག་གི་རྗེས་ཤུལ་མཐོང་བ་ན་དེ་ལ་ཚོར་བ་ཅི་ཡང་མེད་ཅིང་། ད་དུང་རང་གིས་རང་ལ་མགོ་བསྐོར་ནས་དོན་དག་དེ་དག་སེམས་ནས་ཕུད་ཐབས་བྱེད། སྤྱིར་ང་ཚོས་སྐྱེས་སྐར་གྱི་ལཱ་སྒྲོན་ལ་ཕུ་བཏབ་ནས་བཀྲ་ཤིས་རྟེན་འབྲེལ་ཞུས་ཀྱང་དེའི་རྒྱབ་ན་རང་ཉིད་དང་འཆི་བདག་གི་བར་ཐག་ལོ་གཅིག་གིས་ཐུང་བར་བྱས་ཡོད་ལ།  ཤོག་སྦག་དང་ཨ་རག་གི་འུར་ཟིང་ཁྲོད་ནས་ལོ་སར་བསུ་བའི་དགའ་སྟོན་བྱས་ཀྱང་།  དོན་དངོས་སྟེང་འདས་ཟིན་པའི་ལོ་ངོ་གཅིག་པོ་ཕྱིར་མི་འཁོར་ཅིང་། འོངས་ངེས་པའི་ལོ་གཅིག་པོ་ཚོད་དཔག་བྱེད་དཀའ་བའི་དོན་དངོས་རྣམས་བརྗེད་ཏུ་བཅུག་ཡོད། འོན་ཀྱང༌། རྐྱེན་ངན་སྣ་ཚོགས་འབྱུང་སྲིད་དེ་མི་སྲིད་པ་གཏན་ནས་མིན་ནོ།།

ཉིན་ཞིག་རྐྱེན་ངན་ལ་འཕྲད་ནས་ཧ་ཅང་ཡི་མུག་པའི་དུས་སྐབས་སུ་ང་ཚོས་བསམ་གཟས་ནས་རང་གི་བློ་རྩིས་བསྒྱུར་ངེས་པ་ཡིན་ལ། དཔེར་ན་ཕ་མས་རྩེད་ཆས་དང་ཌ་རུ་ཆུང་ཆུང་དཀྲོལ་ནས་བྱིས་པའི་ངུ་ཁ་འཕྲོག་པ་བཞིན། སེམས་པ་མི་སྐྱིད་དུས་ང་ཚོ་རྒྱ་སྲང་འཁྱམ་པ་དང༌། ཟ་ཁང་འགྲིམས་པ། ཡང་ན་གློག་བརྙན་ལྟ་བ་སོགས་བྱས་ནས་སེམས་གཞན་དུ་དཀྲི་བར་བྱེད། རྒྱུན་དུ་ཡིད་ལ་སྐྱིད་པོ་རེ་དྲན་ཞིང། མི་ཚེ་གང་གི་བྱ་བ་ལམ་ལྷོང་ཡོང་བར་ཡིད་ཆེས་བྱེད་བཞིན་ཡོད། དཔེར་ན་མཚོ་འགྲམ་གྱི་སྤྲོ་ཁང་ཞིག་གམ། གཟེངས་རྟགས་ཆེན་པོ་ཞིག ཡང་ན་གོ་ཐོབ་མཐོན་པོ། སྔ་འཁྱུར་ངལ་གསོ། རླངས་འཁོར་ཡག་ཤོས། གྲོགས་པོ་བཟང་པོ། ཁྱིམ་མི་ཡ་རབས། མཚན་སྙན་ཡག་པོ་སོགས་ལ་རེ་བ་བྱེད་ཅིང༌། ཅི་ནི་སིའི་ཟིན་ཐོའི་སྟེང་རང་གི་མིང་འགོད་པར་འདོད་པའི་འདོད་བློ་ཡང་སེམས་གཏིང་ན་བག་ཉལ་དུ་ཡོད། ཚེ་མཇུག་རང་སེམས་མཐུན་པའི་མཛའ་གྲོགས་དང་ལྷན་དུ་ཕྱོགས་བཞིར་སྤྲོ་འཆམ་དུ་འགྲོ་བ་དང༌།  ཡང་ན་མཉམ་དུ་འདོགས་ཁྱི་རྩ་ཆེན་གསོས་ཏེ་བདེ་ལྷོད་ཀྱི་འཚོ་བ་བསྐྱལ་བའི་འཆར་གཞི་སོགས་ཀྱང་སེམས་ན་རབ་རིབ་ཤིག་བཟོས་ཡོད།  ཡིན་དེ། བརྙན་འཕྲིན་དང་ཚགས་པར་གྱིས་དུས་རྒྱུན་འུད་བསྟོད་སྒོས་འདི་ལྟ་བུའི་བདེ་སྐྱིད་དང་ལེགས་འགྲུབ་མིག་དཔེར་བཀོད་ནས་མི་རྣམས་ཀྱིས་དང་དུ་ལེན་དགོས་པའི་སྐུལ་མ་བྱེད་ཅིང༌།  དེར་མཐུད་པའི་མིག་འཕྲུལ་གསར་བ་རེ་བསྣན་ནས་ང་ཚོར་བསླུ་བྲིད་བྱེད་བཞིན་ཡོད་ལ།  བདེ་སྐྱིད་དང་ལེགས་འགྲུབ་ཀྱི་མིང་གིས་འབོད་པ་དེ་དག་ནི་ད་གཟོད་རང་ཅག་མི་དར་མ་འགུགས་བྱེད་ཀྱི་བྱིས་པའི་རྩེད་ཌར་ཡིན།

བསམ་བློ་གཏོང་སྟངས་ཡིན་ཡང་འདྲ་སྤྱོད་ལམ་གྱི་སྟེང་ནས་ཡིན་ཡང་རུང༌། ང་ཚོའི་ཉིན་གང་གི་བྱ་གཞག་ཁྲོད་ཚེ་སྲོག་ནི་ཇི་འདྲའི་ཉམས་ནུས་ཞན་པ་ལ་ཨང་སྙམ་ཐུབ་པ་གཅིག་ཀྱང་མེད་ལ། ང་ཚོས་དུས་ཚོད་ཆུད་ཟོས་སུ་བཏང་ནས་གློག་བརྙན་ཁང་ནས་གློག་བརྙན་ཀོག་པོ་ཞིག་སྟོན་པར་སྒུག་པའམ། ཡང་ན་བྲེལ་འཚུབ་ཀྱིས་ཁྱིམ་དུ་བརྙན་འཕྲིན་ཐད་གཏོང་ལེ་ཚན་བལྟ་བར་ཤར་རེར་སྐྱོད་པ། དེ་ནས། ང་ཚོས་ཙོག་པུར་བསྡད་དེ་བརྡ་ཁྱབ་ལ་བལྟས།   སྒུག་་་་་་་་་་་   ཚེ་ཡི་ཉི་མ་རིམ་གྱིས་ནུབ་རིའི་ཕག་ཏུ་འཆེལ།

※       ※       ※

དོན་ཀུན་གྲུབ་པས་མཐོང་སྣང་མཐའ་དག་མྱ་ངམ་ཐང་ཁོ་ནར་གཟིགས་པས། ཡང་དག་པའི་བདེན་པ་འཚོལ་བའི་བློ་དེ་འཁྲུངས་པ་དང༌། ཐེངས་གསུམ་པར་ཕྱི་རུ་འཆམ་འཆམ་དུ་སོང་རྗེས་སྔ་ཕྱིར་ཐེངས་འགའ་ལ་གཅིག་པུར་འབྲོ་རྩིས་བྱས་ཀྱང་རེ་བ་ཡིད་བཞིན་ཏུ་མ་འགྲུབ། རྒྱུན་ལྡན་མིན་པའི་མཚན་མོ་ཞིག་ལ། གྲ་རྒྱས་པའི་གསོལ་སྟོན་ལ་རོལ་རྗེས། ཕོ་བྲང་ནང་རོལ་དུ་སྔགས་ཀྱི་སྒྲ་ཞིག་གིས་བར་མེད་དུ་ཁྱབ་པ་དང༌། དེས་ནུས་པས་དོན་ཀུན་གྲུབ་པ་མ་གཏོགས་པའི་རྒྱལ་པོ་ཟས་གཙང་ནས་ཞབས་གཡོག་ཕོ་མོའི་བར་གཉིད་སྟུག་པོའི་ཞིང་ཁམས་སུ་དྲངས་སོང༌། ནང་པ་སངས་རྒྱས་པས། འདི་ནི་སེམས་ཅན་གྱི་ཚོགས་བསགས་པའི་སྟོབས་སུ་བརྗོད་པ་དང༌། གློ་བུར་བའི་དོན་རྐྱེན་འདིས་རླབས་ཆེན་གྱི་མི་ཞིག་འཁྲུངས་བའི་གྲོགས་དན་མཛད་པ་ཡིན།

རྒྱལ་བོ་འཁོར་བཅས་ཀྱི་ཞབས་ཏོག་མཛད་མི་དགོས་པས། ཐང་ཆད་པའི་ཞབས་གཡོག་བུ་མོ་རྣམས་ཀྱིས་ཁ་གདངས་ནས་སྔུར་བ་འཐེན་པ་དང༌།  ཞལ་ཏ་མ་རྣམས་ཀྱིས་རྐང་ལག་རང་སར་བརྐྱངས་ཏེ་རྒྱན་དང་སོར་མོ་བཅས་པ་ཀཱ་ལིའི་སྤོད་ཀྱི་ལྷག་རོ་ནང་དུ་བསྒྲེས་པ། བཅོས་མའི་སྒེག་པའི་ཕོ་བྲང་གི་བཙུན་མོ་རྣམས་སྔར་གྱི་མདངས་ཡལ་ཅིང་བཞིན་གྱི་དཔལ་ཉམས་པས་བལྟས་ན་སྐྱུག་བྲོ་བ་དང་བསྣོམ་ན་ཞེ་མེར་བ་ལྟར་ཆགས་ཡོད་པས། དོན་ཀུན་གྲུབ་པས་ང་ཚོ་བཞིན་མྱུར་དུ་ཡོད་ཚད་སྔར་ཇི་བཞིན་སྒོམ་པའི་ཐབས་ལམ་ལ་མ་འབད་པར་སྣང་ཚུལ་འདིས་ཁོའི་སྔར་གྱི་བསམ་ཚུལ་ཇེ་བརྟན་དུ་བཏང༌། ཁོ་མོ་ཚོའི་ལུས་ཀྱི་མཛེས་ཆ་ཉམས་པ་འདིས་འཇིག་རྟེན་མི་རྟག་པའི་རང་བཞིན་གསལ་བ་མིན་ནམ། ཐམས་ཅད་གཉིད་དུ་ཡུར་ཤུལ་ནས། རྒྱལ་སྲས་ལ་གཞི་ནས་ལྟ་རྟོག་བྱེད་མཁན་མེད་པར་གྱུར་བ་དང༌། ཁོའི་གྲགས་འཛིན་མ་དང་བུ་ཆུང་སྒྲ་གཅན་ལ་མཐའ་མཇུག་གི་ཕྱི་མིག་ལན་གཅིག་གཟིགས་རྗེས་ཡིད་སྐྱོ་བའི་ངང་ནས་མཚན་གྱི་སྨག་རུམ་ཁྲོད་དུ་བཞུད་སོང༌།

※       ※       ※

ཕྱོགས་མང་པོ་ཞིག་ནས་ང་ཚོ་ཡང་དོན་ཀུན་གྲུབ་པ་དང་འདྲ་སྟེ།  ང་ཚོ་ལ་རང་ཚོད་ཀྱི་ཕོ་བྲང་ཡོད་ལ།    དེ་ནི་སྤྱིར་བཏང་གི་ཁང་ཤག་ཞིག་གམ། གྲོང་ཁྱེར་མཐའ་འགྲམ་གྱི་སྤྲོ་ཁང་བ་གམ་ཅན། ཕ་རི་སིའི་ཐོག་བརྩེགས་ཀྱི་ལྡིང་ཁང་ཡིན་ཡང་ཆོག  དེ་ལས་ཀྱང་ང་ཚོ་ལ་རང་ཉིད་ཀྱི་གྲགས་འཛིན་མ་དང་བུ་ཆུང་སྒྲ་གཅན་ཡོད། ང་ཚོ་རྨ་བྱ་བདོག་པའི་རྒྱལ་སྲས་མིན་ཀྱང༌། ང་ཚོ་ལ་རང་ཉིད་ཀྱི་བྱ་གཞག་དང༌།  གཡང་ནོར་བྱི་ལ། བགྲང་གིས་མི་ལང་བའི་འགན་འཁྲི་ཡོད།  རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་དོན་བྱ་ཚང་མར་གནད་དོན་འབུད་ཅིང་ཁྱིམ་གྱི་གློག་ཆས་འཚིག་པ་དང༌།  ཁྱིམ་མཚེས་ལ་མི་འགྲིག་པ། གནམ་གཅལ་ལས་ཆུ་ཐིགས་འཛག་པ་སོགས་འབྱུང་ཞིང། གཞན་ཡང་རང་གི་སྙིང་ཉེ་བའི་མི་འཆི་འཕོས་པའམ་ཡང་ན་ཞོགས་པར་གློ་བུར་དུ་བལྟས་པས་ཁྱིམ་ཐབ་ཀྱི་ཁ་ངོ་ནི་དོན་ཀུན་གྲུབ་པའི་ཕོ་བྲང་གི་ཞབས་གཡོག་མ་བཞིན་དུ་མི་སྡུག་ཅིང་ཤི་བོ་ལྟར་གྱུར་བ། ཡང་ན་བསྣོམ་པས་ནི་དུ་དྲི་རྫོབ་པོའམ་མདང་གི་སྒོག་པའི་དྲི་ངན་འཐུལ་བ། གཏམ་ཆ་བེ་ཆོབ་བེ་རྒྱུན་མི་ཆད་ཅིང་ཁ་གདངས་ནས་ཟས་ལྡད་པ་སོགས་ཀྱི་སྣང་ཚུལ་སྐྱུར་བོ་འབྱུང་སྐབས་ང་ཚོ་དེ་ལས་འབྲོ་བར་མི་རྩོམ་པར་ཡིན་མདོག་གིས་སྡོད་པར་སྤྲོ།

ཡང་ན་གཞི་ནས་སྡོད་མ་ཚུགས་པར་སེམས་སུ ་་ ད་ངས་བཟོད་བསྲན་བྱས་པ་ཚད་ཡིན ་་ ཞེས་རེ་ཞིག་དེ་དང་འབྲེལ་ཐག་གཅོད་ཅིང་དེ་ནས་ཅུང་མི་འགོར་བར་མི་གཞན་ཞིག་བཙལ་དེ་སླར་ཡང་འཚོ་བ་གསར་བ་ཞིག་གི་འགོ་རྩོམ་ངེས་པ་ཡིན།  ང་ཚོ་འདི་ལྟ་བུའི་ཡང་ཟློས་བསྐྱར་ཟློས་ལ་སུན་པ་མེད་པ་ནི། ང་ཚོས་ལྷད་མེད་ཀྱི་གཏན་གྲོགས་ཤིག་གམ་དག་པའི་ཞིང་ཁམས་ཤིག་གིས་ག་ཤེད་ན་ང་ཚོར་སྒུག་ཡོད་པར་ཡིད་ཆེས་དང་རེ་སྒུག་ཟབ་པས་ཡིན་ལ། ནམ་རྒྱུན་ང་ཚོ་ཡི་མུག་པའི་བྱ་བ་ལ་འཕྲད་སྐབས་ངང་ངམ་གྱིས་དྲན་འོངས་པ་ནི་འདི་དག་བཅོས་ཆོག་པ་དང་གསོ་ཐུབ་པ་ཞིག་ལ་འདོད། སོ་ནི་བཀྲུས་ཆོག་པ་བཞིན་གཞན་གྱི་ཆོས་ཀྱང་དེ་ལྟར་རོ་སྙམ་ནས་རང་བློ་དང་སྣང་བ་ཚིམ་གྱིན་ཡོད།  གཞན་ང་ཚོས་ད་དུང་འདི་ལྟར་འདོད་ངེས་སྟེ།  ནམ་ཉི་མ་ཞིག་ལ།  ང་ཚོ་མི་ཚེ་ཡི་གལ་གནད་ལ་མྱོང་བ་ཐོན་འགྲོ་བ་དང༌།  རང་ཉིད 【སྐར་མའི་གོ་ལའི་གཡུལ་འགྱེད】ཅེས་བའི་གློག་བརྙན་ནང་གི་ཤེས་རབ་ཅནYODAལྟ་བུ་འགྱུར་བར་རེ།  ཉམ་ངའི་ངོས་གཞན་དེ་མ་མཐོང་བར་གླེན་འདང་གིས་རང་ཉིད་ནི་གང་ཡག་གང་འཛོམས་ཀྱི་ཚད་གཞི་ཞིག་ཏུ་བསླེབ་པར་རེ།  ནམ་ཉི་མ་ཞིག་ལ། ང་ཚོས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཅིང་མིག་མདུན་གྱི་བྱ་བ་དང་ལས་ཀ་ཡོད་ཚད་བདེ་བླག་གིས་ཐག་གཅོད་བྱ་ཐུབ་པར་སྙམ། ཧ་ལམ་ང་ཚོ་བརྒྱུད་འོངས་པ་མཐའ་དག་དེ་རིང་གི་མཚམས་འདིར་ཐོན་དུས། ད་དུང་སྟ་གོན་ངང་ན་ཡོད་ལ་གཞི་རྒྱ་ཆེ་བའི་འཁྲབ་སྟོན་ད་དུང་འགོ་ཚུགས་མེད།

མི་ཕལ་མོ་ཆེ་ལ་ཆ་མཚོན་ན། འཚོ་བ་བཀོད་སྒྲིག་དང་། འཚོ་བ་གསར་དུ་འགོ་རྩོམ་པ། དེ་ནས་འཚོ་བ་གཞན་ཏུ་བསྒྱུར་བའི་ལུགས་འབྱུང་གི་གོ་རིམ་ནི་ཁོ་པ་ཚོའི་འཚོ་བའི་མཚན་ཉིད་ཡིན་པ་འདྲ་ལ། དོན་དངོས་སྟེང་ཁོ་ཚོས་འཚོ་བ་ཡི་འགོ་རྩོམ་པར་སྒུག་ནས་བསྡད་ཡོད།  གལ་ཏེ་མི་ཞིག་གི་ནན་གྱིས་དྲིས་པའི་ཚེ།  མི་མང་པོས་མཐའ་གཅིག་ཏུ་རང་ཉིད་ཀྱིས་མ་འོངས་བའི་བདེ་སྐྱིད་ག་གེ་མོ་ཞིག་གི་ཆེད་དུ་ཡིན་པར་ཁས་ལེན་ལ། དཔེར་ན་མའེན་མངའ་སྡེ་སུ་གནས་བའི་་ཀེ་ནཱ་བྷང་ཀིའི་མཚོ་འགྲམ་གྱི (maine Kennebunk)ཤིང་ཁང་ཞིག་གམ་ཀོ་སི་ཊ  རི་ཁའི་(costa rica)ཁང་ཤག་ཅིག་ཏུ་ལས་འཁྱུར་ཀྱི་འཚོ་བ་ལོངས་སྤྱོད་པ་དང༌།   ཡང་ན་རྒྱ་ནག་གི་མཛེས་ལྗོངས་རི་མོ་ལྟ་བུའི་ནགས་མཛེས་ལ་རྦབ་ཆུ་ཐུར་དུ་འབབ་ཅིང་ཉ་མོ་གྱེན་དུ་རྩེན་པའི་ལྟེང་ཀའི་འགྲམ་གྱི་སྤྱིལ་བུ་ཞིག་དུ་རྩེ་གཅིག་ཏིང་འཛིན་སྒོམ་ནས་ཚེ་མཇུག་འདའ་བར་འདོད།

ང་ཚོའི་སེམས་ཕུག་ཏུ། བདག་སོགས་ཤི་རྗེས་ས་སྒང་འདི་སྔར་བཞིན་གནས་ལ་ཉི་མས་སྔར་བཞིན་འཛམ་གླིང་གསལ་ཅིང༌།   སྐར་མའི་གོ་ལ་སྔར་བཞིན་འཁོར་སྐྱོད་ལ་བྲེལ་ངེས།   རྒྱུ་མཚན་ནི་བསྐལ་བ་ས་ཆགས་པ་ནས་འདི་ལྟ་བུ་ཞིག་ཡིན་པའི་རྟག་བློ་ཞིག་ཡོད་པ་རེད།  རང་ཅག་གི་བུ་རབས་ཚ་བརྒྱུད་ཀྱིས་ས་སྒང་འདི་ལ་བདག་པོ་རྒྱག་ངེས་འདོད་པའི་བློ་འདི་ལས་ང་ཚོ་ནི་མཚམས་མེད་པར་འགྱུར་བའི་འཇིག་རྟེན་དང་སྣང་ཚུལ་གཞན་རིགས་ལ་ཇི་འདྲའི་གོ་བ་ལོན་གྱིན་ཡོད་མེད་ཧ་གོ་ཡོང༌། སྤྲིན་ནི་གཡོ་བ་མཐོང་ལ་སེན་མོ་སྐྱེ་བཞིན་པ་ཡང་ཚོར། འོན་ཀྱང་ཚོར་མེད་པ་ནི། དོན་དངོས་སྟེང་འདི་བཞིན་ཆོས་ཐམས་ཅད་སྐད་ཅིག་ཀྱང་མི་སྡོད་པར་འགྱུར་བཞིན་ཡོད་པ་དེ་རེད།  བུས་ཕྲུག་དག་ཕ་མ་ལས་ཚེ་ཐག་རིང་བའི་ངེས་བ་མེད་ཅིང་།  ཁོ་ཚོས་ངེད་ཅག་གི་འདོད་པ་ལྟར་འཚོ་བ་རོལ་བའི་ངེས་པ་ཡང་དཀོན།  ཆུང་ངུའི་དུས་སུ་ཁ་ལེན་ཚིག་བརྩི་བྱེད་བའི་གཅེས་ཕྲུག་ཆུང་ཆུང་ནར་སོན་ཚེ་དུག་རྫས་རྔུབ་པའི་མ་རབས་འགོང་འདྲེ་ཅིག་ཏུ་འགྱུར་སྲིད་ལ། དགའ་རོགས་འཆལ་མོ་སྣ་ཚོགས་ཁྲིད་ནས་ཁྱིམ་ལ་ལོག་ནས་ཕ་མའི་སེམས་ཁམས་དཀྲུགས་པ་ཡང་སྲིད།  ཁྱེད་ཀྱིས་འདི་ནི་རང་གི་ཕྲུ་གུ་ཡིན་ནམ་སྙམ་ནས་ཐེ་ཚོམ་ཟ་ཡང་ད་ནི་ཐབས་ཤེས་གཞན་གང་ཡོད་དམ།  ཁོ་ཚོས་འདང་རྒྱག་སྤུ་རྩེ་ཙམ་ཡང་མེད་པར་ཁྱེད་ཀྱིས་ཚེ་གང་བསགས་པའི་རྒྱུ་ནོར་ཕངས་བ་མེད་པར་བརླག་ཅིང༌། སྦྲང་མས་དཀའ་སྤྱད་ཀྱིས་བསགས་པའི་སྦྲང་རྩི་གཞན་གྱིས་བླངས་ཏེ་ཅི་མི་སྙམ་པར་ལོངས་སུ་སྤྱོད་པའི་དཔེར་བཞིན་བྱེད་ངེས་པར་ཡང་དོགས་པ་མང་པོ་མེད།  གཞན་ཁྱིམ་ཚང་གི་སྒྲིག་གཞི་ཞིབ་ཚགས་ཡིན་པའི་ཕ་མ་ལས་བུ་སྣང་བ་གང་དྲན་བྱེད་མཁན་སྐྱེ་ལ།  ཕ་མ་བག་མེད་འཆལ་བོ་ལས་ལྡོག་སྟེ་ཕྲུ་གུ་སྤྱོད་ལམ་གཟབ་ནན་ཅན་སྐྱེ་བ་ཡོད་ཀྱང༌།  ང་ཚོའི་སེམས་ཕུག་གི་རྟག་འཛིན་གྱི་བློ་འདིས་རང་ཁྱིམ་གྱི་དཔེ་སྲོལ་ལུགས་བཟུང་སྟེ་རིགས་རྒྱུད་དང༌།  བྱད་གྱི་དབྱིབས་རིས།  རུས་མིང་བཅས་བུ་རབས་ཚ་རྒྱུད་ལ་སྤེལ་ནས་སོང་ན་འདོད།

 

 

སྙན་གསན་ཞུ་རྒྱུར། རྩོམ་ཡིག་འདི་ལ་དགོས་ངེས་ཞུ་དག་གི་རིམ་པ་སོགས་གང་ཡང་སོང་མེད་པས་དྲ་བ་གཞན་ལ་མ་འགོད་རོགས།