དམ་པ་མ་ཊེན ལུའུ་ཏི ཅིན་སྐུ་གཤེགས་ནས་ལོ་ངོ་བཞི་བཅུ་འགོར་སོང་ལ། ཨ་རིའི་མི་རིགས་འདྲ་མཉམ་གྱི་ལས་འགུལ་དེ་ཡང་ལོ་ངོ་ལྔ་བཅུའི་སྔོན་གྱི་འདས་སོང་གི་གཏམ་རྒྱུད་ཞིག་ཏུ་གྱུར་ཡོད་པ་རེད། སྐབས་དེའི་མི་སེམས་སྐྱོམས་པར་བྱེད་པའི་ལས་འགུལ་གྱི་རྦ་རླབས་ཁྲོད་དུ། བདག་གིས་ནམ་ཡང་འབོད་ཚིག་ཅིག་སེམས་ནས་འདོར་ཐབས་མེད་དེ། ་་དཀར་པོ་ཡང་ཁ་མདོག་ཅིག་ཡིན་་ཞེས་པ་དེའོ།། རེད་དེ། འབོད་ཚིག་དེའི་ཁ་གཏད་ཡུལ་ནི་མི་རྒྱུད་དཀར་པོའི་མི་རིགས་དབྱེ་འབྱེད་ཀྱི་ལྟ་ངན་ལ་རྒོལ་བཞིན་ཡོད་དེ། ཁོ་ཚོས་ནམ་ཡང་འཇིག་རྟེན་ཁག་གཉིས་སུ་བགོས་དེ། གཙོ་བོ་དེ་མི་རྒྱུད་དཀར་པོ་དང་། གཞན་པའི་པགས་མདོག་མི་གཅིག་པ་ཐམས་ཅད་་ཁ་མདོག་ཅན་གྱི་མི་རིགས་་ཅེས་སྟབས་བདེའི་དབྱེ་བསྡུ་ཤིག་བྱས་ཡོད། བརྒྱ་ལ་དཀར་པོ་ནི་ཁ་མདོག་ཅན་དུ་མི་བརྩི་ན། མི་རྒྱུད་དཀར་པོ་ཡང་མིའི་རིགས་ཀྱི་པགས་པའི་ཁ་མདོག་ལས་བརྒལ་བའི་མི་ཕུང་བོ་གསུམ་པ་ཞིག་ཡིན་ཞེས་སྨྲ་བར་ཟད་དོ།།

རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་ཚོགས་འདུའི་སྐབས། ང་ཚོས་རྒྱུན་དུ་གྲངས་ཉུང་མི་རིགས་ཀྱི་འཐུས་མིས་མི་རིགས་ཀྱི་གྱོན་གོས་གོན་པ་མཐོང་ཐུབ་ལ། གནད་དོན་ནི་རྒྱ་མི་རིགས་ཀྱི་འཐུས་མིས་ཅིའི་ཕྱིར་་རྒྱ་མིའི་གྱོན་གོས་་མི་གོན་པ་ཡིན། གྱོན་གོས་དང་གླུ་གར་གྱི་རྩེད་མོའི་རིགས་ཕན་ཆད་ནས་རྒྱ་མི་ཕལ་མོ་ཆེ་ཡི་སེམས་ནང་ན་གྲངས་ཉུང་མི་རིགས་ལ་གཞན་པའི་མཚོན་དོན་ཅི་ཞིག་ཡོད་དམ།

ལོ་ངོ་མང་པོ་ཞིག་གི་སྔ་རོལ་ཏུ་མི་རྣམས་ཀྱི་སྔོན་དཔག་དང་ལུང་བསྟན་བརྒྱབ་ནས། དུས་རབས་ཉེར་གཅིག་པའི་ནང་མི་རིགས་རང་ལུགས་དང་རིགས་རྒྱུད་ཆབ་སྲིད་རང་བཞིན་གྱི་མེད་འགྲོ་གི་རེད་ཟེར། ཡིན་ཡང་། ད་ལྟའི་དུས་འདིར་འཛམ་བུ་གླིང་ལ་མིག་བཤེར་བྱས་ཚེ། ང་ཚོས་རིགས་རྒྱུད་ཆབ་སྲིད་ཅུང་ཟད་ཡག་ཙམ་དང་འགྱུར་བ་ཕྱིན་པ་མཐོང་མི་ཐུབ་ལ། ལྡོག་སྟེ་ཛ་དྲག་དང་ཚབས་ཆེན་དུ་ཕྱིན་ཡོད། དོན་ངོ་མར་རིགས་རྒྱུད་བར་གྱི་འབྲེལ་བ་དེ་ཅི་ལྟར་ཐག་གཅོད་བྱ་དགོས་སམ། ང་ཚོས་ཨ་རིའི་དམངས་ཀྱི་བདག་དབང་ལས་འགུལ་རྗེས་ཤུལ་ལ་ཕྱིར་ལྟ་ཤིག་བྱས་ན། དེའི་ཁྱད་ཆོས་གཙོ་བོ་ནི་ཨ་རི་ནི་ཡོད་ཚད་་མེ་ཐབ་ཆེན་པོ་་གཅིག་གི་ནང་བརྫངས་བ་ནས་འགྱུར་བ་ཕྱིན་ཏེ་ཁ་མདོག་སྣ་ཚོགས་ཀྱིས་་རྣམ་པར་བཀྲ་བའི་མཛེས་རིས་་ཤིག་ཏུ་གྱུར་བ་རེད། དེའི་དོན་ནི་གཙོ་རྒྱུགས་སྤྱི་ཚོགས་མི་རྒྱུད་དཀར་བོ་དང་རིགས་རྒྱུད་གཞན་དག་ཕལ་བ་ཡིན་པར་བརྩིས་ནས་གཙོ་རྒྱུགས་སྤྱི་ཚོགས་སུ་བཙན་གྱིས་བསྒྱུར་བའི་ལས་ཀ་ཕར་བཞག་ནས། རིགས་རྒྱུད་བར་གྱི་ཕན་ཚུན་འདྲ་མཉམ་མཉམ་གནས་ཀྱི་ལྟ་བ་ལ་བརྩི་མཐོང་བྱས་པ་རེད། འདི་ལྟ་བུའི་རྒྱབ་ལྗོངས་འོག་ནས་ཉེ་བའི་ལོ་ངོ་སུམ་ཅུའི་རིང་ལ་བརྩད་བརྩད་པའི་མཐའ་མར་་སྣ་མང་རིག་གནས་རིང་ལུགས་་ཀྱི་རྩ་བ་རྒྱས་ནས་འབྲས་བུ་གང་མཚམ་སྨིན་ཡོད་པ་རེད།

སྣ་མང་རིག་གནས་རིང་ལུགས་ཀྱི་ལམ་བུར་རྫོགས་པར་སྐྱོད་ཡོད་པ་ནི་ཁ་ན་ཊ་རྒྱལ་ཁབ་བརྩི་ཆོག་པ་ཡིན། ཁོ་ཚོས་ཁ་བྲལ་ན་འདོད་པའི་ཤར་རྒྱུད་ཀྱི་ཁོར་བྷེ་ཁུ་མངའ་སྡེ༜་སྲུང་ཕྱིར་ཧྥ་རན་སིའི་སྐད་དེ་སྲིད་གཞུང་གི་སྐད་རིགས་ལ་གཏན་འཁེལ་བྱས་པ་མ་ཟད། ཁོར་བྷེ་ཁུ་མ་ཡིན་པའི་རྒྱལ་ཡོངས་ཀྱི་མངའ་སྡེ་གཞན་དག་གི་སློབ་འབྲིང་ཁྲིད་ཚན་དུ་ཧྥ་རན་སའི་ཡི་གེ་འཇོག་དགོས་པའི་རེ་ཞུ་བཏོན། དོན་དག་དེས་་སྣ་མང་རིག་གནས་རིང་ལུགས་ཀྱིས་སློབ་ཁྲིད་དང་ལག་བསྟར་བྱེད་པར་དཀའ་ལས་མི་ཉུང་བ་བཟོས་ཡོད་ཀྱང་ཁོ་བྷོར་ཁུ་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་ཇེ་ཉུང་དུ་ཕྱིན་ཡོད་པ་རེད་ལ། དོན་དག་དེས་ང་ཚོ་ལ་དོན་དངོས་ཀྱི་བློ་སྒོ་ཞིག་ཀྱང་མི་འབྱེད་གྲང་།

མ་གསང་བར་བཤད་ན། ང་ཚོས་རྒྱུན་ཏུ་ཀྲུང་གོ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་གཏན་ནས་བརྗེད་ཡོད་པ་རེད། མང་པོའི་སེམས་སུ་མི་རིགས་གཞན་ལྔ་བཅུ་ང་ལྔ་བོ་དེ་གྱོན་གོས་དང་། གླུ་གར། བཟའ་བཏུང་སོགས་མི་གཅིག་པའི་་ངོ་མཚར་བའི་ལྟད་མོ་་ཞིག་གི་འདུ་ཤེས་མ་གཏོགས་མེད་པ་རེད། དཔེར་ན་ད་ལོའི་བོད་དང་ཧེ་རིགས་ཀྱི་ཟླ་ཚེས་སོགས་ཤེས་མཁན་གྱི་རྒྱ་མི་དུ་ཡོད་དམ། གྲངས་ཉུང་མི་རིགས་ཀྱི་སློབ་འབྲིང་སློབ་མས་་རྒྱའི་སྤྱི་སྐད་་བཤད་ནས་ཐང་དང་སུང་། མིང་ཆིན་གྱི་རྒྱལ་རབས་ལོ་རྒྱུས་སྦྱངས་དུས་རྒྱ་མི་ག་ཚོད་ཅིག་གིས་ཐུ་བྷོད་རྒྱལ་རབས་དེ་ཐང་སུང་གང་གི་སྐབས་སུ་བྱུང་བ་དང་། རྒྱ་མི་ལས་གཞན་པའི་རྒྱལ་ཁབ་ཅིག་ཡིན་པ་ཤེས་མཁན་དུ་ཡོད།

མི་རིགས་སྲིད་ཇུས་སུ་བསྙད་པ་འདི་ཡང་གྲངས་ཉུང་མི་རིགས་ལ་བྱ་བ་ཏོག་ཙམ་བསྒྲུབ་པ་དང་། ཁོ་ཚོ་ལ་རོགས་སྐྱོར་དང་དབང་ཆ་ཏོག་ཙམ་སྟེར་བ་འདི་ཁོ་ན་མིན་པར། མི་གྲངས་མང་བའི་རྒྱ་མི་ཡང་མི་རིགས་ཅིག་ཏུ་བརྩིས་ནས་ཕན་ཚུན་ལ་འདྲ་མཉམ་དང་བརྩི་བཀུར་འཐོབ་པར་འཇུག་རྒྱུ་དེ་རེད། ང་རང་རྒྱ་མི་ཞིག་གི་རང་ངོས་ནས་་སྣ་མང་རིག་གནས་རིང་ལུགས་་འདིས་ལག་པ་བྲང་ལ་བཞག་ནས་འདང་རྒྱག་རྒྱུ་ཞིག་དང་། བློ་སྤོབས་ཆེན་པོས་སློབ་དགོས་པའི་དོན་དག་ཞིག་ཡིན་པ་རེད་ལ། གཞན་མི་རིགས་ཀྱི་རྩ་ཆེའི་རིག་གཞུང་ཡང་རང་གི་རིག་གཞུང་དུ་བསམ་ནས་འཛིན་སྐྱོང་བྱེད་དགོས་པར་འདོད། དོན་ངོ་མར་ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་ཡང་རྒྱ་རིགས་ཁོ་ནར་མི་དབང་ལ། ང་ཚོའི་བར་གྱི་མཐུན་སྒྲིལ་ཡང་སྤྱི་དམངས་ཀྱི་དབང་ཆ་དང་རིགས་རྒྱུད་ཀྱི་ཐོབ་ཐང་འདྲ་མཉམ་རྨང་གཞི་བྱས་པའི་སྟེང་ནས་ཡོང་དགོས་པ་ཡིན།

 

 

༜ ཁོར་བྷེ་ཁུ་མངའ་སྡེ་ནི་ཁ་ན་ཊའི་ཤར་རྒྱུད་ན་ཡོད་ཅིང་། ལྷོ་རྒྱུད་ཨ་རི་ལ་འབྲེལ་ཡོད། ས་ཁྱོན་སྤྱི་ལེ་གྲུ་བཞི་མ170ལྷག་དང་། མི་གྲངས7,903,001(2011ལོར)ཡོད། དེའི་ནང་གི80%ལྷག་ཧྥ་རན་སིའི་མི་རྒྱུད་ཡིན་ལ། གཞུང་གིས་ཧྥ་རན་སིའི་སྐད་ཡིག་བཀོལ་བཞིན་ཡོད། སྒྱུར་མཁན་གྱིས་མཆན་བཏབ་པ།

 

རེབ་གོང་རྨུ་ཐག་ཚང་གི་སྐད་འཕྲིན་སྟེགས་བུ་བཏུས། སྐད་འཕྲིན་ཨང་གྲངས། Rebgongdream