1981ལོར། ཨ་རིའི་ཨའེ་སཱོ་ཎ་མངའ་སྡེའི་ཁོངས་སུ་ཡོད་པའི། ཨིན་ཏི་ཨན་པའི་ཆར་གཏོགས་ཡ་ཝ་ཕེ་ཚོ་བའི་མི360ལྷག་གི་རང་གི་འཚོ་བ་སྔར་སྲོལ་བཞིན་ཡོང་ཆེད། སྲིད་གཞུང་གིས་འགྲོ་སོང་ཨ་སྒོར་ཁྲི3300ལྷག་བཏང་ནས་ཁོ་ཚོའི་ས་ཆར་བཟོས་པའི་ཨོ་མེ་ཆུ་རགས་བསྐྲུན་པར་བཀག་འགོག་བྱས་པ་རེད། ཁོ་ཚོའི་བསམ་ཚུལ་ལ། རུ་སྤོར་བའི་གྱོང་གཟབ་སྒོར་མོ་ཅུང་ཙམ་ཡང་མི་རྟག་པར་སྐད་ཅིག་གིས་འཛད་འགྲོ་ལ། ཡང་ས་གཞི་ནི་མི་ལ་བདག་པ་མ་ཡིན་པར། མི་ནི་ས་གཞི་ལ་བདག་པ་དང་། འདི་ནི་ཁོ་ཚོའི་མཐའ་མཇུག་གི་ཁྱིམ་གཞི་ཡིན་པའི་འདོད་བློ་བྱུང་ཡོད་པ་རེད།

དེ་བཞིན་གྱི་རི་ཆུ་ལ་བདག་སྐྱོང་གི་དོན་དག་ད་ལྟའི་བོད་ཁམས་ནས་བྱུང་ཡོད་པ་རེད་ལ། གཏེར་སློག་ལས་ཁུངས་ཀྱིས་རྡོ་བརྐོ་ས་སློག་གི་ལས་ཀ་རིམ་གྱིས་བྱེད་དུས། དེར་ཡོད་ཀྱི་བོད་མི་རྣམས་ཀྱིས་ཆོ་ངེ་དང་སྡུག་སྨྲེ་སྣ་ཚོགས་བཏོན་པ་རེད་ལ། རི་ཆུ་ནི་ལྷ་ཡི་ཕོ་བྲང་ཡིན་པས་སློག་མི་ཆོག་པའི་རེ་ཞུ་བཏོན་པ་རེད། གཏེར་སློག་མཁན་གྱི་འགོ་བ་མགོ་བདེ་ཚོས་མང་ཚོགས་ལ་རྒྱུ་དངུལ་དང་དངོས་པོ་ཙག་ཙིག་བྱིན་ནས་བསླུས་པ་རེད་ལ། ད་དུང་མང་ཚོགས་ཀྱི་བློ་གཏོད་པའི་བླ་མ་གདན་ཞུ་བྱས་ནས་འབུལ་དངོས་མང་པོ་བཏེགས་ནས་བསླུས་བཞག་པ་རེད། གཏེར་སློག་གྱི་འགོ་བ་ཚོས་བླ་མ་གདན་དྲངས་ནས་ཆོ་ག་སྣ་ཚོགས་བྱས་ཤིང་། ས་དེ་གའི་གཞི་བདག་རི་གཞན་པ་ཞིག་ལ་གདན་དྲངས་པ་ཡིན་པས་ད་ནི་ཁོ་ཚོའི་གང་འདོད་སློག་ཆོག་ཅེས་མང་ཚོགས་ལ་ལྕེ་མེད་པ་བྱས་པ་རེད།

རྗེས་སུ་བྱེད་ཐབས་འདི་བོད་ཁམས་ཀྱི་ས་ཕྱོགས་གང་ས་ནས་བཀོལ་བ་རེད་ལ། ཁོ་ཚོས་གཏེར་ཁུངས་ལ་གཏོང་བའི་རྒྱུ་དངུལ་ཡང་སྔ་མ་ལས་མང་དུ་གྲོན་ཆུང་བྱེད་ཐུབ་པ་བྱུང་། ཉིན་ཞིག་ལ་བོད་ཁམས་ཀྱི་ས་ཆ་ཆེ་གེ་ནས་འདི་ལྟའི་བྱེད་ཐབས་བཀོལ་དུས། དེར་ཡོད་ཀྱི་རྒད་པོ་འགས “རིན་པོ་ཆེ་ལགས། ཁྱོད་ལ་གཞི་བདག་ཕར་ཚུར་ལ་གདན་འདྲེན་པའི་ནུས་པ་ཞིག་ཡོད་ན་ངེད་ཚོག་ལ་རེ་བ་ཆུང་ཆུང་ཞིག་ཡོད་པས་བསྒྲུབ་ཐུབ་བམ”ཞེས་དྲིས་པས། བླ་མས་དལ་དལ་སྒོས“དོན་དག་ཅི་ཞིག་ཡིན། ཅི་ནུས་ཀྱིས་བསྒྲུབ་ངེས”ཟེར། རྒད་པོ་ཚོས་ཀྱང་མ་རངས་བའི་སྒོ་ནས། “ང་ཚོ་ནི་ད་ལྟ་རྒས་པར་གྱུར་ནས་རྐང་ལག་གི་འགྲོ་འདུག་ཀྱང་ཁག་པོ་འདུག ཡིན་ཡང་གངས་རིན་པོ་ཆེ་ལ་མཇལ་འདོད་ཀྱི་འདུན་པ་ནི་ཤིན་ཏུ་དྲག་པོ་ཡོད། དེས་ནས་རིན་པོ་ཆེ་ཁྱེད་ཚང་གིས་ཆོ་ག་ཞིག་བྱས་ནས་གངས་རིན་པོ་ཆེ་ང་ཚོའི་ལུང་བའི་ནང་གདན་དྲངས་ན་ཆོག་གམ། ཐུགས་རྗེ་གཟིགས།”ཟེར་རོ།།

རེབ་གོང་རྨུ་ཐག་ཚང་གི་སྐད་འཕྲིན་སྟེགས་བུ་ལས་བཏུས། སྐད་འཕྲིན་ཨང་གྲངས། Rebgongdream

1864827677