མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བརྩམས།   དོན་བཙན་གྱིས་བསྒྱུར།

གསེམ་ཐམ། རྒྱལ་དབང་ལྔ་བ་དང་མན་ཇུ་གོང་མ་ཧྲིན་ཀྲིས།

དུས་རབས་བཅུ་བདུན་པའི་ནང་རྒྱལ་དབང་ལྔ་བ་རྒྱ་ཡུལ་དུ་ཆིབས་ཞབས་བསྒྱུར་བ་དེ་ཀུན་ལ་རླུང་ལྟར་གྲགས་པ་ལྟ་ཅི་སྨོས།གང་ལྟར་ཆིབས་བསྒྱུར་འདིའི་བྱུང་རིམ་ཁྲོད་བོད་དང་འབྲེལ་བའི་སྤྱིར་བཏང་གི་ཟིན་ཐོ་དང་རྒྱལ་དབང་ལྔ་བ་ཆེན་མོའི་རང་རྣམ་དུ་གསལ་བའི་གནས་ཚུལ་གཉིས་ཤིན་ཏུ་ཐོད་ཐུག་དཀའ་བར་འདུག།

ང་ཚོས་རྒྱལ་དབང་ལྔ་བར་གསེར་ཐམ་ཇི་ལྟར་ཕུལ་བ་དེ་མ་གླེང་སྔོན་དུ་ལོ་རྒྱུས་ཟིན་ཐོ་དེ་དག་གང་དུ་ཐོད་ཐུག་གི་མེད་པ་རྩད་གཅོད་རགས་རིམ་ཞིག་བྱ་རྒྱུ་ཤིན་ཏུ་གལ་ཆེ་བར་སྙམ་།

རྩོམ་པ་པོ་རེ་འགར་གཞིགས་ཚེ་གུ་ཤྲི་ཧན་གྱིས་རྒྱལ་དབང་ལྔ་བ་རྒྱ་ཡུལ་ཏུ་ཕེབས་པར་སྐུལ་ཟེར།རྒྱལ་དབང་ལྔ་བའི་རང་རྣམ་གཞི་བྱས་ཚེ་ཁོས་༡༦༤༨་ལོ་བར་མན་ཇུ་གོང་མ་དང་པོ་ཧྲིན་ཀྲིས་(顺治)་མངའ་ཐང་གི་ཁྲི་ལ་བསྙེགས་པ་དེ་མཁྱེན་རྟོགས་བྱུང་མེད་ཅིང་༡༦༤༨་ལོར་རྒྱལ་འབྲེལ་འཚམས་གཟིགས་ཀྱི་གདན་ཞུ་འབྱོར་བའི་ཕྱི་ལོར་ཁོང་གིས་ཞལ་བཞེས་གནངས་ཏེ་༡༦༥༢་ལོར་རྒྱ་ཡུལ་དུ་ཆིབས་ཞབས་བསྒྱུར་བའི་ཐུགས་ཐག་བཅད་པ་ལས་ཁོས་གུ་ཤྲི་ཧན་གྱིས་ཁོང་ལ་སྐུལ་ཏེ་ཆིབས་བསྒྱུར་བརྐྱངས་པའི་གནས་ཚུལ་ཉག་ཙམ་ཡང་གླེང་མི་འདུག།༡༦༤༣་ལོར་གུ་ཤྲི་ཧན་གྱིས་བོད་ལ་དབང་བསྒྱུར་བྱས་པའི་གཞུག་ཏག་ཏག་དེར་ཁོས་རྒྱལ་དབང་ལྔ་བ་མཚོ་སྔོན་པོར་གདན་ཞུ་མཛད་དེ་ཡུལ་དེའི་སོག་རིགས་དཔོན་པོས་གསར་འཛུགས་མཛད་པའི་རྟེན་གཞི་དེ་རྒྱལ་དབང་ལྔ་བའི་སྤྱན་སྔར་ལོངས་སྤྱོད་དུ་བསྟར་འདོད་པ་དེ་རེད།རྒྱལ་དབང་ལྔ་བའི་རང་རྣམ་ལས་ང་ཚོས་དཔོག་ཐུབ་པ་ནི་ཁོང་ཉིད་གནས་དེར་ཕེབས་འདོད་མེད་པ་དང་འདི་ལྟ་བུའི་གདན་ཞུ་ཧ་ལམ་ཕྱིར་ཟློག་བྱེད་དཀའ་བའི་རྐྱེན་ཀྱིས་ཁོས་རྙིང་མའི་དགེ་རྒན་རིག་འཛིན་ཡོལ་མོ་པར་(༡༦༤༤་ལོར་འདས)་ཐུགས་འདྲི་གནངས་ཤིང་བླ་མས་སོག་པོ་འདིས་ཁོང་ཆིབས་ཞབས་བསྒྱུར་བར་ཨུ་ཚུགས་ཆེར་མི་བགྱི་མོད་ལོ་འགའི་ནང་རོལ་དུ་ཤར་ཕྱོགས་ནས་བྱ་སྤྱོད་རྣམས་གུ་ཤྲི་ཧན་དང་ཐ་དད་པའི་མི་ཞིག་གིས་གདན་ཞུ་འབྱོར་ཅེས་ལུང་བསྟན་གནངས།འདི་ནི་ཁོང་གི་རང་རྣམ་ནང་གསལ་བའི་ཆིབས་བསྒྱུར་དང་འབྲེལ་བའི་ཁུངས་སྣེ་ཉག་གཅིག་པོ་དེ་རེད།

གང་ལྟར་རྒྱལ་དབང་ལྔ་བའི་གསང་རྣམ་དུ་དེ་བས་ཀྱང་ཁ་གསལ་རེད།དགུང་ལོ་ཉེར་བདུན་ཏེ་ཆུ་ལུག་(༡༦༤༣)ཟླ་བ་བཅུ་གཅིག་པར་ངེད་རང་བདུན་གཅིག་ཙམ་ལ་དགའ་ཚལ་ཆོས་དབྱིངས་སུ་སྐུ་མཚམས་ལ་བཞུགས་ཤིང་ནངས་དུས་བཛཱ་ཀེ་ལའི་སྔགས་བཟླས་ཤིང་དགོང་དུས་གཉན་ཆེན་ཐང་ལའི་སྐྱེས་ལྷ་རྡོ་རྗེ་འཕགས་པར་གསོལ་མཆོད་བྱེད་བཞིན་ངེད་རང་མཚོ་སྔོན་པོར་བསྐྱོད་མི་དགོས་པར་བསྔོ་སྨོན་བྱས།ཉིན་ཞིག་ངེད་ཀྱིས་གཞི་བདག་ལ་སྐྱབས་རྟེན་ཞུ་བཞིན་པའི་སྐབས་སུ་སྔ་ན་མེད་པའི་དྲི་བསུང་ཞིག་མཆོད་ཁང་ཡོངས་སུ་ཁྱབ།ཆུ་རྟ་(༡༦༤༢)་ལོ་ནས་བཟུང་གུ་ཤྲི་ཧན་དང་ཁོང་གི་བཙུན་མོ་ཆེ་བ་གཉིས་ཀྱིས་ངེད་རང་མཚོ་སྔོན་དུ་ཕེབས་པའི་བསུ་མ་ཡང་ཡང་བགྱིས།འོན་ཀྱང་ངེད་སྐུ་མཚམས་གྲོལ་བའི་ཟླ་བཞིའི་རྗེས་སུ་སྐབས་དེ་ཤེད་དུ་གུང་དཀར་དུ་བཞུགས་པའི་གུ་ཤྲི་ཧན་གྱིས་གདན་ཞུ་བྱེད་པའི་བློ་ཁ་འགྱུར་ཟིན་ཅེས་ངེད་ལ་བརྗོད་བྱུང་བས་ངེད་གཉིས་ཀ་བློ་བདེ་བག་ཕེབས་སུ་གྱུར་ཏེ་དཀའ་ངལ་འདི་ལྟར་སེལ་བར་གྱུར

ཚན་པ་འདིས་གུ་ཤྲི་ཧན་གྱིས་མཐར་མཚོ་སྔོན་དུ་ཕེབས་པའི་གདན་ཞུ་ཕྱིར་འཐེན་བྱས་པ་དང་།ཏཱ་ལའི་བླ་མས་གཞི་བདག་ལ་གསོལ་མཆོད་བགྱིས་པ་དོན་སྨིན་བྱུང་པ་གསལ་བོར་བརྗོད་འདུག་པ་ལས་གུ་ཤྲི་ཧན་གྱིས་རྒྱལ་དབང་ལྔ་བ་རྒྱ་ཡུལ་དུ་ཕེབས་པའི་དགོངས་ཚུལ་ཉག་གཅིག་ཀྱང་བཏོན་མི་འདུག།

གང་ལྟར་རྒྱལ་དབང་ལྔ་བས་དུས་རྒྱུན་རྙིང་མའི་བླ་མ་རྣམས་དང་།སྒོས་སུ་ཟུར་ཆོས་དབྱིངས་རང་གྲོལ་(༡༦༡༠-༡༦༥༧)ལ་ཐུགས་བློ་འདྲི་བཞིན་ཡོད།ད་དུང་ཁོང་གི་གསང་རྣམ་ལྟར་ན་༡༦༤༦་ལོར་ཟུར་ཆོས་དབྱིངས་རང་གྲོལ་གྱི་རྨི་ལམ་དུ་རྒྱལ་དབང་མཆོག་རྒྱ་ཡུལ་དུ་བསྐྱོད་པའི་ལྟས་དུ་མ་བྱུང་ལ་ཁོང་གིས་རྒྱལ་དབང་ལྔ་བར་བརྗོད་པ་ཐམས་ཅད་རྒྱལ་དབང་མཆོག་གིས་རང་རྣམ་ནང་བཀོད་འདུག་པ་འདི་ལྟ་སྟེ།སྐབས་དེར་རྒྱ་ཡུལ་དུ་ཕེབས་འདོད་ཀྱི་འདུན་པ་བྲལ་བས་དེ་ནི་ལུང་བསྟན་དངོས་རེད་ཞེས་བརྗོད་འདུག།ང་ཚོས་ཤེས་གསལ་ལྟར་འགྲུལ་བསྐྱོད་དེ་ཟུར་ཆོས་དབྱིངས་རང་གྲོལ་གྱི་ལུང་བསྟན་གནངས་བའི་ལོ་ངོ་བདུན་གྱི་རྗེས་སུ་གཟོད་བྱས་འདུག་ཕྱིར་འདིར་ཡང་གུ་ཤྲི་ཧན་གྱིས་རྒྱལ་དབང་ལྔ་བ་རྒྱ་ཡུལ་དུ་བསྐྱོད་པར་སྐུལ་མ་བགྱིས་པ་ཟུར་ཙམ་ཡང་གླེང་མི་འདུག།

ཁྲ་སེ(G.Tucci)་ཡིས་བརྗོད་པ་ལྟར་ན་ཕྱི་ལོ་༡༦༥༡་ལོར་ཏཱ་ལའི་བླ་མར་མན་ཇུ་གོང་མའི་གདན་ཞུ་འབྱོར་བ་དང་ཟླ་གཅིག་གི་རྗེས་སུ་འཁོར་གཡོག་ཉིས་བརྒྱ་དང་བཅས་རྒྱ་ཡུལ་དུ་ཕེབས་ཟེར།དོན་དངོས་སུ་རྒྱལ་དབང་ལྔ་བའི་རང་རྣམ་ལ་གཞི་བྱས་ཚེ་གོང་ནས་བརྗོད་པ་ལྟར་ཕྱི་ལོ་༡༦༤༨་ལོའི་ལོ་མཇུག་སྔོན་ཞིག་ནས་གདན་ཞུ་འབྱོར་ཞིང་ལོ་གཅིག་གི་རྗེས་སུ་ ཞལ་བཞེས་གནངས་བར་ཁས་འཆེས་ཀྱང་ཆིབས་ཞབས་བསྒྱུར་བར་ནར་འགྱངས་བྱས།ལོ་ངོ་གཅིག་གི་ཡར་སྔོན་དུ་རྒྱལ་དབང་ལྔ་བ་རྒྱ་ཡུལ་དུ་ཕེབས་པའི་ཞལ་བཞེས་གནངས་ཀྱང་༡༦༥༠་ལོའི་ལོ་མགོར་མན་ཇུ་གོང་མས་སླར་ཡང་གསེར་ཡིག་པ་ཅིག་མངགས་ཏེ་བསྐྱར་ཏུ་གདན་ཞུ་བགྱིས།༡༦༥༡་ལོར་གསེར་ཡིག་པ་ཅིག་སླར་ཡང་ལྷ་སར་མངགས་ཏེ་ཐེངས་འདིར་ནམ་དུས་རྒྱ་ཡུལ་དུ་ཆིབས་ཞབས་བསྒྱུར་བའི་ཐུགས་སྐུལ་གནངས།གདན་ས་གསུམ་གྱི་དགེ་འདུན་པ་རྣམས་ཀྱིས་རྒྱལ་དབང་ལྔ་བར་ཇི་ལྟར་ཞུ་བ་བགྱིས་ཀྱང་གདན་ཞུ་ཐོག་མར་འབྱོར་བའི་ལོ་བཞིའི་རྗེས་ཏེ།༡༦༥༢་ལོར་ཁོང་དངོས་སུ་རྒྱ་ཡུལ་དུ་ཕེབས་པའི་ཐུགས་ཐག་བཅད།

ཁྲ་སེ(G.Tucci)་ཡིས་རྒྱལ་དབང་ལྔ་བ་གོང་མས་གནངས་བའི་ཐོབ་དེ་ལེན་ཕྱིར་རྒྱ་ཡུལ་དུ་བསྐྱོད་པར་བྲེལ་བས་བརྟས་པའི་བག་ཆགས་སྟེར་མོད་ང་ཚོས་རང་རྣམ་དུ་བཀོད་པའི་ཆིབས་བསྒྱུར་འདིའི་བརྒྱུད་རིམ་འདྲ་མིན་ལ་ཞིབ་དཔྱོད་བྱས་ཚེ་བརྗོད་བྱ་འདི་དེ་བས་ཀྱང་རྙོག་འཛིང་ཆེ་བ་རིམ་གྱིས་མཐོང་ཐུབ།

༡༦༥༢་ལོའི་ཟླ་བཅུ་གཉིས་པའི་ཟླ་མགོར་རྒྱལ་དབང་ལྔ་བ་མན་ཇུ་གོང་མས་ཁོང་ཉིད་བཞུགས་སྡོད་བྱ་ཕྱིར་བཞེངས་བསྐྲུན་བྱས་པའི་ཁི་རི་ཏའི་ཁར་ཞབས་སོར་འཁོད་ཅིང་གནས་དེར་འཁོར་གཡོག་སུམ་སྟོང་གིས་གྲུབ་པའི་རྟེན་གཞི་ཞིག་བཙུགས་པ་ལས་ཡིག་ཆ་གཞན་དག་དུ་བཀོད་པའི་འཁོར་གཡོག་ཉིས་བརྒྱ་མིན།ལོ་དེར་རྒྱ་ཡུལ་དུ་བྱུང་བའི་མུ་གེ་དང་ཐན་པ་ཤིན་ཏུ་ཚབས་ཆེ་བས་གཏོས་ཆེ་བའི་རྒྱལ་དབང་ལྔ་བའི་སྐུ་འཁོར་གྱིས་མན་ཇུ་གོང་མ་བློ་འཚབ་སྐྱེས་སུ་བཅུག།ཆིབས་བསྒྱུར་མ་བྱས་པའི་སྔོན་ནས་རྒྱལ་དབང་ལྔ་བ་རང་ཉིད་ཀྱིས་མན་ཇུ་གོང་མར་རྒྱ་ཡུལ་གྱི་ཚད་པ་དང་འབྲུམ་པས་ཁོང་རང་རྒྱ་ཡུལ་དུ་ཡུན་རིང་མི་བཞུགས་པའི་རྒྱུ་མཚན་སྨྲས།མཐར་ཕྱོགས་གཉིས་གྲོས་བགྱིས་ཏེ་རྒྱལ་དབང་ལྔ་བས་སྐུ་འཁོར་གཞན་རྣམས་ཁི་རི་ཏའི་ཁར་བསྐྱུར་ཏེ་ཉེ་འཁོར་སུམ་བརྒྱའི་སྣེ་ཁྲིད་དེ་རྒྱ་ཡུལ་དུ་ཕེབས་པའི་ཐུགས་མོས་མཛད།ཁོང་རྣམས་རྒྱའི་ཡུལ་ཁམས་སུ་སླེབས་མ་ཐག་གཞུང་འབྲེལ་ཕོ་ཉ་སྟེ་གོང་མའི་གཉེན་ཉེ་དུ་རྣམས་གཅིག་རྗེས་གཉིས་མཐུད་ངང་ཕེབས་ཏེ་རྒྱལ་དབང་ལྔ་བར་ཆིབས་བསུ་བགྱིས།ཆེན་ལོའུར་སྟེ་མན་ཇུ་གོང་མས་སྐུ་དངོས་སུ་རྒྱལ་དབང་ལྔ་བར་བསུ་མ་བགྱི་པའི་གནས་དེར་མ་སླེབས་སྔོན་དུ་ཁོང་དང་ཞབས་འབྲིང་རྣམས་བདུན་ཕྲག་གཉིས་ལྷག་ལ་ཆིབས་བསྒྱུར་བསྐྱངས།རྒྱལ་དབང་ལྔ་བས་གོང་མས་སྔར་གྱི་ཡིག་ཚང་རྣམས་དང་བསྟུན་བསུ་བའི་ཚུལ་གྱིས་རི་དྭགས་ཁོ་ཐོར་ཕེབས་འདུག་པ་ཞེས་གསུངས་འདུག།རྒྱལ་དབང་ལྔ་བས་གནས་དེ་དང་པེ་ཅིན་གཉིས་ཀར་ཁོང་ལ་ཆིབས་བསུ་གཟབ་རྒྱས་བྱས་པར་བརྗོད།ཕྱིས་ཀྱི་ཉིན་མོའི་ནང་མཐར་ཁོང་ཉིད་ཆེད་དུ་ཁོང་གི་གཞུང་འབྲེལ་འཚམས་གཟིགས་ཀྱི་ཆེད་བཞེངས་བསྐྲུན་བྱས་པའི་པེ་ཅིན་ཉེ་འགྲམ་གྱི་གཟིམ་ཁང་སེར་པོར་ཞབས་སོར་འཁོད།

རྒྱལ་དབང་ལྔ་བ་ཟླ་གཅིག་ཙམ་ལ་པེ་ཅིན་དུ་བཞུགས་རིང་ཁོང་ལ་བཀུར་བསྟི་བགྱིད་པའི་གཟབ་རྒྱས་ཀྱི་བསུ་སྟོན་རྒྱ་ཆེན་ཐེངས་གཉིས་བགྱིས་ཤིང་བསུ་སྟོན་བགྱི་ཐེངས་རེར་གཞུང་འབྲེལ་གྱི་སྣེ་ལེན་དུ་མ་མཛད།གཟབ་རྒྱས་ཀྱི་བསུ་སྟོན་ཆེན་མོའི་སྟེང་ཕྱོགས་གཉིས་ནས་སྐྱེས་ནོར་འབོར་ཆེན་བརྗེ་རེས་བྱས།རྒྱལ་དབང་ལྔ་བ་པེ་ཅིན་དུ་བཞུགས་པའི་སྐབས་གང་དུའང་ཁོང་ལ་མན་ཇུ་གོང་མས་གོ་བབ་ཅན་གྱི་ཐམ་ཀ་གཅིག་ཀྱང་གནངས་མི་འདུག།ཡང་གཅིག་བཤད་ན་དུས་རབས་འདིའི་དུས་མགོར་རོ་ཁུ་ཧེ་ལི(M.Rockhill)་ཡིས་ཆོས་སྲིད་གཅིག་ལྕོགས་ཀྱི་དབུ་ཁྲིད་འདི་རང་བཙན་རང་བདག་གི་རྒྱལ་ཁབ་ཡིན་ཕྱིར་བཀུས་མཐོང་ཡོད་རྒུ་སྦྱར་ཏེ་ཆིབས་བསུ་བགྱིས་ཞེས་བརྗོད།དེ་ཡང་ཁོད་མལ་སི(Kolmas)་ཡི་ཁོང་ཉིད་གོང་མའི་བཀའ་ཤོག་གིས་ཏཱ་ལའི་བླ་མར་བསྒྲགས་ཞེས་པའི་གཏམ་ནི་ནོར་འཆུག་ཚབས་ཆེན་རེད།སྐབས་དེ་ཤེད་དུ་ཁོང་གིས་ཆོས་སྲིད་གཉིས་ཀའི་ཐད་ནས་སོག་པོར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པས་ཁོང་ལ་མན་ཇུའི་མངའ་གཏོགས་དཔོན་རིགས་བཞིན་གོ་ཐོབ་གནངས་བ་ནི་མི་སྲིད་པ་ཞིག་རེད།ཆིབས་ཞབས་དེ་དུས་ཡུན་འཁྱུག་ཙམ་མམ་གནས་བབས་ཀྱི་ཐད་ནས་བོད་མིར་འདྲ་མཉམ་གྱི་བརྩི་མཐོང་གནངས་བ་མཚོན་ཡང་མན་ཇུས་སྙིང་ནས་རེ་ཞིང་སྨོན་པ་ནི་ཏཱ་ལའི་བླ་མ་པེ་ཅིན་ཏུ་ཞབས་སོར་འཁོད་དེ་སོག་པ་རྣམས་ཞོལ་ཞིང་འཇགས་རྒྱུ་ཉག་གཅིག་པོ་རེད།

༡༦༥༣་ལོའི་ཟླ་བཞི་བར་རྒྱལ་དབང་ལྔ་བ་པེ་ཅིན་ནས་ཁི་རི་ཏའི་ཁར་བསྐྱོད་ཅིང་ཁོང་ཉིད་གནས་དེར་ཟླ་གསུམ་རིང་བཞུགས་ཏེ་ཕྱིར་བོད་ཡུལ་དུ་ཕེབས་པའི་སྟ་གོན་བྱས།དེ་ནི་ཟླ་གསུམ་རིང་གི་ཟླ་མཇུག་དེ་ཁོང་ཉིད་བོད་ཡུལ་དུ་མ་ཕེབས་པའི་ཉིན་འགའི་སྔོན་ཏག་ཏག་ལ་པེ་ཅིན་ནས་ཡི་གེ་བརྐོས་པའི་མིང་དུ་གྲགས་པའི་གསེར་ཐམ་དང་གསེར་གྱི་བྱང་བུ་ཞིག་འཚབ་འཚུབ་ངང་ཁོང་ལ་སྤྲིངས།

རྒྱལ་དབང་ལྔ་བའི་རང་རྣམ་དུ་གསེར་ཐམ་བླང་བའི་དོན་འཁྱུག་ཙམ་ལས་གླེང་མི་འདུག་ལ་དེ་ཡང་ཁོང་གིས་དམིགས་བསལ་མེད་པར་དེ་ཉིད་ལེགས་སྐྱེས་ཁྲོད་ཀྱི་སྤྱིར་བཏང་གི་དངོས་པོ་བཞིན་དེའི་ཆེ་ཆུང་དང་བཟོ་དབྱིབས་ཙམ་བརྗོད་འདུག།རྒྱའི་བསམ་པར་རྒྱལ་དབང་མཆོག་གི་སྐྱོན་བརྗོད་གཅིག་པུ་ནི་སོག་པོ་ཞིག་གིས་འགྱུར་མཛད་པས་བོད་འགྱུར་མར་བརྐོས་པའི་འགྱུར་ཤིན་ཏུ་མི་ལེགས་པ་དེ་རེད་ལ་རྒྱའི་ཐུགས་སྐུལ་བཞིན་ཁོང་གིས་བོད་འགྱུར་མཛད།

ང་རང་ཉིད་ཀྱིས་མན་ཇུ་སྐད་མི་རྟོགས་ཤིང་རྒྱ་སྐད་ཀྱང་མི་ཤེས་པས་ཐམ་ཀ་སྟེང་བཀོད་པའི་སྐད་ཡིག་གཉིས་ཀྱི་གསང་བ་གྲོལ་པའི་འགན་དེ་བདག་གིས་ཆེད་ལས་པ་རྣམས་ལ་བསྐྱུར་པ་ལགས།

གཤམ་གསལ་ནི་རྒྱའི་གསེར་ཐམ་སྟེང་བཀོད་པའི་ཡང་དག་མིན་པའི་བོད་འགྱུར་ཏེ།དེ་ནི་འདི་ལྟ་སྟེ་ནུབ་ཕྱོགས་ཀྱི་མཆོག་ཏུ་བདེ་པའི་ཞིང་གི་རྒྱལ་དབང་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་བཛཱ་ངྷ་ར་ཏཱ་ལའི་བླ་མའི་ཐམ་ཀ་ཞེས་རྒྱ་ཧོར་བོད་གསུམ་གྱི་ཡི་གེ་སུམ་གཤིབས་ཅན་ཞིག་རེད།ཐོབ་འདི་རོ་ཁི་ཧེ་ལི་(M.Rockhill)་ཡིས་རྒྱ་ཡིག་ནས་འདི་ལྟར་ཐད་ཀར་དབྱིན་འགྱུར་ཡང་མཛད་འདུག་པ་ནི་འདི་ལྟ་སྟེ། “Most excellent, self-existing Buddha, universal ruler of the Buddhist faith, Vajradhara, Dalai Lama.”

གཤམ་གསལ་ནི་རྒྱལ་དབང་ལྔ་བའི་རང་རྣམ་དུ་བཀོད་པའི་རྒྱས་རེ་འདུན་བཏོན་པ་ལྟར་བོད་འགྱུར་གཞན་ཞིག་སྟེ་ ནུབ་ཀྱི་ལྷ་གནས་ཆེས་དགེ་བ་བདེ་བར་གནས་པའི་སངས་རྒྱས་བཀའ་ལུང་གནམ་འོག་གི་སྐྱེ་འགྲོ་ཐམས་ཅད་བསྟན་པ་གཅིག་ཏུ་གྱུར་པ་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ།

ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ལྟར་ན་པེ་ཅིན་ཏུ་བཞུགས་སྐབས་རྒྱལ་དབང་ལྔ་བ་ཆེན་མོ་མཆོག་གིས་ཀྱང་མན་ཇུ་གོང་མར་གོ་ཐོབ་ཅིག་གནངས་བར་བརྗོད་ཡང་ཁོང་གིས་ལུང་འདྲེན་ཡིག་ཆའི་ཁུངས་སྣེ་བརྗོད་མེད།གང་ལྟར་རྒྱལ་དབང་ལྔ་བ་མཆོག་གིས་ཁོང་གི་རང་རྣམ་དུ་འདི་ལྟར་སྒྲུབ་པ་གླེང་མི་འདུག།

འདིར་གླེང་བའི་ཡིག་ཆ་ལྟར་བརྗོད་དོན་དངོས་ལ་འཇུག་མཁན་ནི་ཟེད་ཨ་ཧི་མད་ཏི་(Z. Ahmad)་གཅིག་པུ་ཡིན་པར་སྣང་།འོན་ཀྱང་ཁོང་གིས་བསྒྱུར་བའི་བོད་ཡིག་གི་ཚན་པ་རྣམས་མག་མོག་དང་ཁ་གསལ་མེད་པར་ལུས།མདོར་དྲིལ་ན་ཐམ་ག་ཕར་འབུལ་ཚུར་ལེན་དང་འབྲེལ་བའི་གནད་དམ་པ་འདི་ལ་བསམ་གཞིགས་བྱ་རྒྱུ་ཤིན་ཏུ་གཙིགས་ཆེ་བར་སྙམ།

རོ་ཁུ་ཧེ་ལི་(Rockhill)་ཡིས་ལོ་ཙཱ་མཛད་པའི་མན་ཇུ་གོང་མའི་བཀའ་ཡིག་ལྟར་ན་རྒྱལ་དབང་ལྔ་བ་ཆེན་མོ་མཆོག་རྒྱའི་ས་མཚམས་སུ་སླེབས་རྗེས་ཁོང་གིས་མན་ཇུ་གོང་མར་ཕྱག་ཡིག་ཅིག་སྤྲིངས་ཏེ་གནས་དེ་རུ་ཁོང་ལ་གོང་མའི་ཆིབས་བསུ་འཚམས་འདྲི་བྱེད་དགོས་པར་བརྗོད།

ཐུགས་འདུན་འདིས་མཛད་སྒོའི་དཀའ་རྙོག་གི་སྣེ་དྲངས་ཤིང་ད་དུང་བསྒྲགས་ཡིག་ལྟར་རྒྱའི་བློ་འདོན་པ་ཚོས་གོང་མའི་སྲས་ཤིག་ལ་སྐྱེས་དང་བཅས་བརྫངས་ན་འཐུས་སྙམ་པའི་སྐབས་དེར་མན་ཇུ་གོང་མའི་བློ་འདོན་པ་རྣམས་གྱིས་ཐུགས་འདུན་དེ་ཁས་ལེན་བགྱི་པའི་སྟ་གོན་བྱས།

སྔར་བརྗོད་པ་བཞིན་ཐམ་ཀ་དེ་རྒྱལ་དབང་མཆོག་པེ་ཅིན་ཏུ་སྡོད་དུས་སྤྲད་མེད།དེ་ནི་ཁོང་ཉིད་ཁི་རི་ཏའི་ཁར་་ནས་བོད་དུ་མ་ཕེབས་པའི་སྔོན་ཏག་ཏག་ལ་བྲེལ་འཚུབ་ངང་སྤྲད་པ་ཞིག་རེད།

འདིས་གོང་མའི་བློ་འདོན་པ་རྣམས་ཐམ་ཀ་ཕུལ་བའི་གནད་དོན་འདིའི་སྟེང་བློ་ཁ་མཐུན་ཡོད་དམ་མེད་སྙམ་པའི་ཐེ་ཚོམ་ངང་གིས་སློང་།དེ་ལས་གཞན་ད་དུང་རྒྱལ་དབང་མཆོག་གི་རང་རྣམ་དུ་ཐམ་ཀ་དེ་མན་ཇུ་གོང་མས་སྦྱིན་པའི་ལེགས་སྐྱེས་གཞན་དག་དང་ལྷན་ཏུ་རང་དགར་གླེང་བ་ལས་གསེར་ཐམ་འདི་ལ་དམིགས་བསལ་གྱི་དོན་སྙིང་ལྡན་པའི་བག་ཆགས་ཤིག་མི་སྤྲོད།

ཨ་མདོ།   བོད་ཆོལ་ཁ་གསུམ་གྱི་ཡ་གྱལ།

བརྗོད་གཞི་དངོས་སུ་མ་ཞུགས་གོང་ང་ཨ་མདོར་རྟོག་མྱུལ་བྱེད་མཁན་གྱི་ཨ་རིའི་མཁས་པ་རྣམས་ལ་སྐྱབས་སུ་འགྲོ་པར་འདོད་ཅིང་རྟོག་མྱུལ་མཁན་འདི་དག་ལས་ཆེས་གཙོ་ཆེ་བ་ནི་ཝེའི་ལིམ་རོ་ཁུ་ཧེ་(William.W.Rockhill)་དང་།ཇོ་སེ་ཧྥུ་རོ་ཁུ་(Joseph F.Rock)།རོ་བྷིར་ཁྲི་ཨད་ཁུ་ཝོར་(Robert B. Ekvall)་བཅས་ཡིན་པ་སྨྲ་ག་ལ་དགོས།ཁོ་ཚོས་ཨ་མདོ་དང་དེའི་མི་རྣམས་ལ་རྟོག་མྱུལ་དང་ཞིབ་འཇུག་བྱས་པའི་རྐྱེན་གྱིས་རྒྱ་ནག་དམར་པོའི་བཙན་འཛུལ་སྔོན་གྱི་ཨ་མདོ་མི་དམངས་ཀྱི་སྤྱི་ཚོགས་དང་།དཔལ་འབྱོར།ཆབ་སྲིད་འཚོ་བ་བཅས་ལ་རྒྱུས་ལོན་གཏིང་ཟབ་མོ་ཞིག་བྱ་ཐུབ་ཅེས་བརྗོད་ནུས།ཁོ་ཚོའི་དཔེ་དེབ་དེ་དག་པར་བསྐྲུན་བྱས་པས་ཡུལ་དེའི་རིག་གཞུང་དང་ལོ་རྒྱུས་ཀྱི་གོ་རྟོགས་ཇེ་མཐོར་བཏང་ཞིང་ང་ཚོ་བོད་མི་རིགས་ལ་མཚོན་ན་དེ་དག་ནི་ང་ཚོའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་པར་འབད་པའི་ཨ་རིའི་བྱས་རྗེས་རླབས་ཆེན་ཞིག་རེད།

སྤྱིར་ཨ་མདོ་ཅེས་པའི་མིང་འདི་ས་ཁྲ་དང་ཡིག་ཐོག་དུ་བཀོད་པའི་ཞིང་ཆེན་འདིའི་ཤར་དང་ལྷོའི་ཆ་ཁོ་ན་མ་ཡིན་པར་བོད་མི་བྱིངས་ཀྱིས་ཞིང་ཆེན་ཡོངས་ལ་གོ།བོད་སྐད་དུ་མཚོ་སྔོན་ཞེས་པའི་ས་ཁོངས་དེར་སོག་སྐད་དུ་ཁོ་ཁོ་ནོར་(Korkor Nor)་དང་རྒྱ་སྐད་ཆིན་ཧད་(青海)་ཞེས་འབོད་ཅིང་དེ་དག་གི་དོན་ནི་མཚོ་སྔོན་པོ་ཡིན་པས་མདོ་སྨད་ཡུལ་གྱི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱེད།ཨ་མདོའི་ཡུལ་ཕྱོགས་འདི་ལ་བོད་བཙན་པོའི་དུས་སྐབས་སུ་ཙོང་ཁ་ཞེས་གྲགས་ཤིང་དུས་རབས་བཅོ་ལྔའི་རྗེ་ཙོང་ཁ་པ་བར་མིང་འདི་རྒྱུན་འཇམས་ངང་གནས།

ཨ་མདོ་སྟེ་བྱང་ཤར་གྱི་བོད་ནི་བོད་མི་ཚོས་བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་དུ་བགྲང་ལ་ཡུལ་དེའི་བྱང་ངོས་དེ་བྱང་མཐའི་ཚ་འདམ་དང་ཐུག་ཅིང་ཤར་ཁོག་ལུང་འདབས་ཀྱི་ཟུང་ཕན་ནམ་རྒྱ་གྲོང་དེ་ལྷོ་ཤར་མཐའ་ཁུལ་གྱི་ཟི་ཁྲོན་ས་མཚམས་སུ་འབྲེལ།དེ་ཡང་ནུབ་ཀྱི་མགོ་ལོག་ཁུལ་ནི་ཁམས་ཏེ་བོད་ཤར་ཕྱོགས་ཀྱི་མདོ་སྟོད་དང་ས་འབྲེལ་ཡིན་ལ་ཤར་ངོས་སུ་རྒྱ་ནག་གི་ཀན་སུའུ་ཞིང་ཆེན་དང་ས་ཆུ་དབྱེ།བོད་དེ་རྒྱ་ནག་ལས་ཐ་དད་དུ་དབྱེ་མཁན་ནི་བོད་མཐོ་སྒང་གི་རང་བྱུང་ས་མཚམས་ཡིན་ལ་ས་བབས་དེ་རྒྱ་ནག་ནས་བོད་ཀྱི་ཕྱོགས་སུ་རིམ་གྱིས་འཕགས་དུས་བོད་ཀྱི་ས་གཤིས་དེ་གྱོང་ཞིང་བརླན་གཤེར་བྲལ།ཡུལ་སྐོར་བས་བར་མ་ཆད་པར་གོང་དུ་འཕགས་ཀྱིན་པ་དེ་མངོན་གསལ་ངང་རྟོགས་ཐུབ་ཞིང་ས་བབས་ཀྱི་ཁྱད་པར་འདི་དུས་རབས་བདུན་པའི་ནང་བོད་ཡུལ་བརྒྱུད་དེ་རྒྱ་གར་དུ་བསྐྱོད་པའི་རྒྱ་ནག་གི་གནས་མཇལ་བ་དང་ཡུལ་སྐོར་བ་ཀུན་གྱིས་སྣང་འཇོག་བྱས་ཡོད་ལ་འདི་ནི་ཤར་ཕྱོགས་ཀྱི་ལན་ཀྲུའུ་ནས་ཨ་མདོ་འམ་ཁྲུའུ་ཏུའུ་ནས་ལྷོ་ཤར་གྱི་ཤར་ཁོག་ཕྱོགས་སུ་སླེབས་ཀྱིན་ཡོད་མེད་དེ་ཡིན།བོད་མཐོ་སྒང་དུ་སླེབས་ལ་ཉེ་དུས་ཁྱོད་ཀྱི་མཐོང་ཡུལ་དུ་གྱུར་བའི་བོད་མིའི་རྟགས་མཚན་ནི་རི་བོའི་ཟོམ་དང་ཁང་པའི་མདུན་དུ་བསླངས་བའི་ལབ་རྩེ་དང་དར་ལྕོག་ཡིན།གནའ་བོའི་ཡོ་རོབ་ཀྱི་ཡུལ་སྐོར་བ་རྣམས་ཀྱིས་ནམ་ཞིག་ཁྱེད་ཉིད་ས་མཚམས་འདི་བརྒལ་ཚེ་བཟའ་བཏུང་དང་ཞག་འདུག་བྱེད་ས་རིན་མེད་ཡིན་པས་ཇ་ཁམ་གང་ཡིན་ཡང་རིན་མི་སློང་ཞེས་བཀོད་འདུག།

ཨ་མདོའི་བོད་མི་རྣམས་བོད་མི་གཞན་དང་ཐ་དད་དུ་འབྱེད་པའི་རིག་གཞུང་གི་ཆ་ནི་ས་བབས་ཀྱི་རྐྱེན་ལས་གཞན་ད་དུང་ཡུལ་སྐད་ཀྱང་ཡིན།དེ་ནི་བོད་སྐད་ཡིན་ཡང་དབུས་བོད་ཡུལ་ལས་མངོན་སུམ་གྱི་ཐ་དད་དང་གནའ་བོའི་བོད་སྐད་ཀྱི་གཞི་རྩའི་རྣམ་པ་དེ་རྒྱུན་འཛིན་བྱས་ཡོད།ཨ་མདོའི་ནང་ཁུལ་དུའང་ནུབ་དང་བྱང་གི་འབྲོག་སྐད་དང་ཤར་ཁུལ་དང་ལྷོ་ཤར་ཕྱོགས་ཀྱི་རོང་སྐད་བཅས་མཆིས་ཀྱང་རྩ་བའི་ཆ་ནས་དེ་ཚང་མ་གཅིག་མཚུངས་རེད།

ཚོང་པའི་དཔུང་དང་ཚོང་ལས་ཀྱི་ལྟེ་གནས།

སྔར་སྲོལ་ལ་མདོ་སྨད་དུ་རྒྱ་ནག་གི་ཚོང་འབྲེལ་ལྟེ་གནས་གཙོ་བོ་གཉིས་མཆིས་ཤིང་མདོ་སྨད་བོད་མི་རྣམས་ཀྱིས་དེ་ལ་བརྟེན་ནས་ཚོང་ལས་རྒྱ་ཆེན་པོ་བྱེད་ཅིང་དེ་གཉིས་ནི་ཤར་ཕྱོགས་ཀྱི་ཟི་ལིང་དང་ལྷོ་ཤར་ཕྱོགས་ཀྱི་ཟུང་ཆུ་ཁ་རེད།རྒྱ་གྲོང་འདི་དག་ནི་ཐོག་མར་དཔོན་གཞུང་གི་སྡོད་གནས་དང་དམག་དཔུང་གི་ས་ཚིགས་ཡིན་ཞིང་ས་ཚིགས་འདི་དག་གི་ཕ་རོལ་ཏུ་ཚོས་ལས་བྱེད་འདོད་པའི་རྒྱའི་ཚོང་བ་དག་གིས་དམིགས་བསལ་གྱི་ལག་འཁྱེར་བཟོ་དགོས།ཡུལ་འདི་དག་གི་ཨ་མདོ་བས་ཚྭ་དང་།བལ།གླ་རྩི།ཤྭ་རྭ།པགས་པ་སོགས་རི་དྭགས་ཀྱི་ཐོན་རྫས།ད་དུང་ལྕུམ་རྩ།རྩྭ་སྨན་སོགས་ཕྱིར་གཏོང་བྱེད་བཞིན་ཡོད།ཟུང་ཕན་ནི་ཤར་ཁོག་ཁུལ་གྱི་ཆེས་མཐའ་ཁུལ་གྱི་རྒྱ་གྲོང་ཡིན་ཞིང་ཡུལ་དེ་ལ་ཤར་ཁོག་ཞེས་འབོད་ཅིང་བོད་དབུས་ཁུལ་དང་གནའ་བོའི་ཏུན་ཧོང་གི་ཡིག་ཆའི་ནང་དུ་ཟུང་ཆུ་ཟེར།ཟི་ལིང་དང་ཟུང་ཆུ་གཉིས་ཀ་ཚོང་དོན་གྱི་ལྟེ་གནས་ཁོ་ན་མ་ཡིན་པར་སྔར་ནས་གནད་གལ་ཆེ་བའི་ཡུལ་ཏུ་ངོས་འཛིན་བྱེད།ཏུན་ཧོང་ཡིག་ཆ་ལྟར་ན་སྤྱི་ལོ་༧༠༡་ལོར་ཟུང་ཆུ་ཁུལ་ཏུ་རྒྱ་བོད་ཀྱི་དམག་དཔུང་གིས་ཐོག་མར་གཡུལ་འགྱེད།ཟུང་ཕན་ནི་སྔར་ལྕགས་རིས་བསྐོར་བའི་མཁར་གྲོང་ཞིག་ཡིན་ལ་ད་ལྟ་རྒྱའི་གྲོང་ཁྱེར་ཆེན་པོ་ཞིག་ཏུ་གྱུར་ཡོད།ཟུང་ཆུའི་བོད་ཁུལ་ཏུ་གསེར་གྱི་གཏེར་ཁ་ཐོན་པས་ཡུལ་དེ་རྒྱ་ཡུལ་ཏུ་ཤིན་ཏུ་གྲགས་ཆེ།

ཟུང་ཕན་ནི་རྒྱ་ཆུའི་གཞུང་གི་ལུང་པ་གསུམ་གྱི་མདོ་རུ་ཆགས་ཤིང་ཟི་ལིང་ནི་ལུང་པ་བཞི་བསྣོལ་མཚམས་ཀྱི་ཙོང་ཆུའི་རྒྱུད་དུ་གནས།ཟུང་ཕན་བོད་ཁུལ་དེ་དོམ་ཁྲ་དང་མཚན་སྙན་འབར་བའི་རང་བྱུང་མཛེས་སྡུག་གི་ས་ཆ་གཉིས་ཀྱི་ཡུལ་ཡིན་པས་དེས་ཧོང་ཀོང་དང་ཐའེ་ཝན་གྱི་སྤྲོ་འཆམ་པ་སྟོང་ཕྲག་དུ་མའི་ཡིད་སེམས་བཀུག་ཡོད།ཨེ་ལད་ཁུ་སན་ཏིར་ངྷེ་ཝེ་ནེ་ལི་(Alexandra David-Neel)་དང་།ཧྥ་རན་ཆིའི་བུད་མེད་ཞིག།དབྱིན་ཇི་བ་ཁད་ཕུ་ཏེན་གྷེ་ལི་(Captain Gill)།ཇེ་ཧྥུ་རོ་ཁུ་(J.F.Rock)་བཅས་༡༩༢༧་ལོར་ཅོ་ནེ་ནས་ཁྲུའུ་ཏུའུ་བར་ཡུལ་འདི་བརྒྱུད་དེ་བསྐྱོད་པ་ཙམ་ལས་དུས་རབས་འདིའི་དུས་མགོར་དེ་རུ་སླེབས་མཁན་གྱི་ནུབ་ཕྱོགས་ཀྱི་ཡུལ་སྐོར་བ་རེ་གཉིས་ལས་མེད།

ད་ནི་ངས་ཤར་པ་རྣམས་ཀྱིས་ཟུང་ཕན་གྱི་རྒྱ་མི་དང་ལྷན་ཏུ་ཚོང་རྫས་གང་དག་དབོར་གྱིན་པ་བརྗོད་པར་བྱ།རྒྱ་ནག་དམར་ཕྱོགས་ཀྱི་བཙན་འཛུལ་མ་འོངས་བའི་སྔོན་དུ་འབྱོར་ཕྱུག་ལྡན་པའི་དུད་ཁྱིམ་བཞི་བཅུས་ལོ་རེར་ཚོང་དོན་གྱི་འགྲུལ་བསྐྱོད་རེ་བཀོད་སྒྲིག་བགྱིད་བཞིན་ཡོད་ལ་ཁྱིམ་ཁ་རེས་མཛོ་སུམ་ཅུ་ནས་བརྒྱ་ཙམ་ལ་བདག་ཉར་བྱེད་ཅིང་དུད་ཁྱིམ་འདི་དག་གིས་རྒྱ་ཡུལ་ནས་སྤྱི་རྒྱ་སུམ་ཅུ་ཅན་གྱི་ཇ་བག་མངགས་ཤིང་ཚོང་ལས་ཀྱི་དུས་སུ་སླེབས་ཚེ་དུད་ཁྱིམ་འདི་རྣམས་བྱང་ཕྱོགས་ཀྱི་སྤྱི་ལེ་༦༠༠་ལྷག་ཙམ་གྱི་སར་མཆིས་པའི་ཨ་རིག་སོག་པོར་བསྐྱོད་ཅིང་ལམ་བར་དུ་ཟླ་བ་བཞི་དགོས་ལ་ཚོང་པའི་དཔུང་ཁག་འདི་སྐྱེས་པ་ཉིས་བརྒྱ་དང་ཇ་བག་བཀལ་བའི་ཁལ་མ་ཉིས་སྟོང་གིས་གྲུབ།ཁོ་ཚོ་ཨ་རིག་སོག་པོར་བསླེབས་རྗེས་ཇ་རྣམས་འབྲོག་པའི་བལ་དང་ཚྭ་རུ་བརྗེས་ཤིང་ཕྱིར་ཟུང་ཕན་དུ་ལོག་ཏེ་རྒྱ་མི་རྣམས་ལ་ཁེ་སྤོགས་མཐོན་པོས་ཕྱིར་བཙོང་བྱེད།

གཏུམ་ཞིང་རྒོད་པའི་མགོ་ལོག་གི་ཇག་ཚོགས་ལ་ཞུམ་མེད་ཀྱི་སྙིང་སྟོབས་ངོམ་ཞིང་དགུན་ཟླ་གསུམ་གྱི་ཙག་ངར་རྣོན་པོ་གདོང་གིས་བསུ་ཏེ་སྐྱེས་དར་མའི་དཔའ་རྟགས་མངོན་འདོད་པའི་སྐྱེས་པ་དག་ལ་མཚོན་ན་འདི་ཡང་གོ་སྐབས་ཤིག་ཡིན་ལ་འདི་ནི་དུས་རབས་བཅུ་དགུ་བའི་ཨ་རིའི་གླང་རྫི་(Cowboy)་དང་ཀུན་ནས་མཚུངས།

ཚོང་ལས་ཀྱི་འགྲུལ་བསྐྱོད་འདིས་བྱང་ཁུལ་གྱི་འབྲོག་པ་དང་ཤར་དང་ལྷོ་ཤར་ཕྱོགས་ཀྱི་རོང་པ་གཉིས་བར་གནས་བའི་དཔལ་འབྱོར་གྱི་འཚོ་བ་དེ་མཚོན།རོང་པས་སྒོ་ཕྱུགས་མང་པོ་གསོ་ཉར་བྱེད་མོད་འབྲོག་པ་ལྟར་གཡག་ལུག་སོགས་གཏོས་ཆེ་བ་གསོ་ཉར་མི་བྱེད།ཨ་མདོ་ཤར་ཕྱོགས་ཀྱི་རོང་པའི་དུད་ཁྱིམ་རྣམས་ཀྱི་རྩྭ་སའི་སྟེང་དུ་རྟ་ལུག་རྭ་གསུམ་དང་གཡག།ཕག།ཁྱིམ་བྱ་བཅས་བདག་ཉར་བྱེད་ཡང་མཛོ་དང་ཁལ་མ་རྣམས་ཚོང་ལས་འགྲུལ་བསྐྱོད་འགོ་མ་བཙུགས་བར་ལོ་ཧྲིལ་བོར་རྫ་མགོར་འཚོ་བཞིན་ཡོད།

དུས་རབས་དགུ་བའི་བོད་བཙན་པོའི་རྒྱལ་ཁབ་རྒུད་པ་ནས་བཟུང་ཨ་མདོ་བ་རྣམས་དཔོན་པོ་སུས་ཀྱང་གཅིག་གྱུར་གྱི་དབང་བསྒྱུར་བྱས་མྱོང་མེད།དུས་རབས་བདུན་པ་ནས་བརྒྱད་པའི་བར་གྱི་ལྷ་སའི་བོད་བཙན་པོའི་གཞུང་ལ་སྐབས་དེའི་ཨ་མདོ་ནི་ཙོང་ཁའམ་མདོ་སྨད་ཡིན་ཞིང་དེར་དམག་དོན་དང་ས་བབས་སོགས་ཀྱི་ཐད་ནས་གོ་གནས་འགངས་ཆེན་ལྡན་ལ་བོད་ཀྱི་ཤར་ཕྱོགས་དམག་དཔུང་གི་རྟེན་གཞི་གཙོ་བོར་མཐོང་ཁྱབ་ཞེས་སུ་གྲགས།བོད་ཀྱི་བཙན་པོ་དང་རྒྱའི་ཐང་གོང་མ་གཉིས་དབར་གྱི་དམག་འཐབ་གྲགས་ཅན་རྣམས་མཚོ་སྔོན་པོའི་བྱང་ཤར་ནས་བཟུང་ཀན་སུའུ་དང་།ཅོ་ནེ།ཐེ་བོ།འཕན་ཆུ།ཁོད་པོ(གཟི་ཚ་སྡེ་དགུ་ཡང་ཟེར)།ཤར་ཁོག་གི་ཟུང་ཕན་ས་མཚམས་བཅས་སུ་བྱུང་།

རྒྱ་བོད་འདུམ་ཆིངས་ཐེངས་གསུམ་པོ་དེ་དུས་སྐབས་འདིའི་ནང་དུ་བཞག་ཅིང་རྒྱའི་གནའ་བོའི་ཡིག་ཆ་ལྟར་ན་རྒྱ་བོད་འདུམ་ཆིངས་དེ་སྤྱི་ལོ་༧༣༠་ལོར་བཞག་ཅིང་དེས་རྒྱ་བོད་གཉིས་ཀྱི་ས་མཚམས་གུང་གེ་དམེ་རི་སྟེ་(རྒྱའི་ཡིག་ཚང་དུ་赤岭་ཞེས་འབོད)་མཚོ་སྔོན་ཤར་ཕྱོགས་ཀྱི་རྡོ་ཉི་ཟླ་ཡིན་པར་བརྗོད།ཝེའེ་ལིན་རོ་ཁུ་ཧེ་ལི་(Rockhill)   ༡༨༩༢་ལོར་བོད་དུ་བསྐྱོད་དུས་རི་བོ་འདི་བརྒལ་ཅིང་དེ་ཉིད་རྒྱ་བོད་ཀྱི་ས་མཚམས་ཡིན་པ་གསལ་བོ་སྨྲས་འདུག།རྒྱ་བོད་འདུམ་ཆིངས་ཨང་གཉིས་པ་དེ་སྤྱི་ལོ་༨༢༡་ལོར་ཁྲང་ཨན་ནམ་དེང་གི་ཞིས་ཨན་ཏེ་ཐང་གི་རྒྱལ་སར་བཞག་ཅིང་ཕྱི་ལོའི་སྤྱི་ལོ་༨༢༢་པར་ལྷ་སར་མིང་རྟགས་བཀོད་པ་དང་ས་མཚམས་འབྱེད་པའི་དམིགས་བསལ་གྱི་མིང་རྟགས་བཀོད་མེད་པར་དེས་ནན་གྱིས་བརྗོད་པ་ནི་རྒྱ་རྒྱ་ཡུལ་ཏུ་སྐྱིད་དང་བོད་བོད་ཡུལ་ཏུ་སྐྱིད་ཅེས་པ་དེ་རེད།འདུམ་ཆིངས་ཀྱི་ཡི་གེ་རྣམས་རྡོ་རིང་གི་སྟེང་དུ་བརྐོས་ཤིང་དེ་ཉིད་ད་དུང་ལྷ་སའི་ཇོ་ཁང་མདུན་དུ་བསླངས་ཡོད།རྒྱ་བོད་གཉིས་དབར་གྱི་འདུམ་ཆིངས་འདི་ལ་རྗེས་དྲན་བྱ་ཆེད་བདེ་དགའ་གཡུ་ཚལ་ཟེར་བའི་ནང་བསྟན་གྱི་ལྷ་ཁང་ཞིག་འདུམ་ཆིངས་གྲུབ་རྗེས་ཙོང་ཁར་བཞེངས་བསྐྲུན་མཛད་ཅིང་ལྷ་ཁང་འདིའི་འདེབས་ཡུལ་ངེས་གཏན་ཞིག་ད་དུང་ཤེས་རྟོགས་མ་གྱུར་རུང་སྤྱིར་དེང་གི་སྐུ་འབུམ་དགོན་གྱི་ཕྱོགས་ཡིན་པར་འཁུམས།འདི་ནི་ཏུན་ཧོང་ཡིག་རྙིང་སོགས་སྐབས་དེའི་ཡིག་ཆ་ནང་གསལ་པའི་ཨ་མདོ་ཡུལ་གྱི་ནང་བསྟན་གྱི་ལྷ་ཁང་ཐོག་མ་རེད།འདུམ་ཆིངས་ཐེངས་གསུམ་པ་དེ་གོང་གི་འདུམ་ཆིངས་གཉིས་ལས་གལ་གནད་ཆེ་བ་གདོན་མི་ཟ།

སྤྱིར་སྤྱི་ལོ་༨༢༢་ལོའི་གཞུང་འབྲེལ་འདུམ་ཆིངས་མཛན་སྟོན་སྟེང་རྒྱ་ནག་ཐང་གི་གཞུང་ཚབ་པ་ལིས་ཡོན་ཏིན(刘元鼎)་ལ་སྣང་འཇོག་བྱེད་རྒྱུ་དེ་དོན་སྙིང་ཆེ་བར་མཐོང་།ཁོ་ལྷ་ས་ནས་ཕྱིར་རྒྱ་ཡུལ་ཏུ་ཕེབས་པའི་ལམ་བར་དུ་ཨ་མདོར་བཞུགས་སྐབས་ཁོ་བོད་ཀྱི་མཛད་སྟོན་ཞིག་གི་སྟེང་དུ་ཞུགས་ཤིང་དེ་རུ་ཨ་མདོའི་མིང་དུ་གྲགས་པའི་བློན་ཆེན་དང་དམག་སྤྱི་ཆེན་མོ་འབྲོ་ཞང་ཁྲི་སུམ་རྗེ་ཡིས་འདུམ་ཆིངས་ལ་གཙིགས་ཆེན་གནངས་ཕྱིར་དམག་སྤྱི་བརྒྱ་ལྷག་གི་མདུན་དུ་འདུམ་ཆིངས་ཀྱི་ཡི་གེ་ལྗགས་ཀློག་མཛད་ཅིང་ཁོང་ནི་འདུམ་ཆིངས་འདི་མཛད་མཁན་ཡང་ཡིན།

སོག་པོ་དང་མན་ཇུ།

བོད་བཙན་པོའི་རྒྱལ་ཁམས་ནུབ་པའི་རྗེས་ནས་དུས་རབས་བཅུ་གསུམ་གྱི་སོག་པོ་བཙན་རྒྱལ་(Mongol Empire)བར་དུ་ཨ་མདོའི་ཡུལ་ཕྱོགས་ཀྱི་ཆབ་སྲིད་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་ཏིལ་ཙམ་ལས་མ་བྱུང་།དེ་ཡང་རྒྱལ་དབང་སྐུ་ཕྲེང་གསུམ་པས་༡༥༧༨་ལོར་སོག་པོ་རྣམས་ནང་བའི་བསྟན་པའི་སྒོར་བཙུད་པ་ནས་བཟུང་ཡུལ་ཕྱོགས་འདིའི་ལོ་རྒྱུས་ཅུང་ཁ་གསལ་དུ་ཕྱིན།སྐབས་དེ་ཤེད་དུ་རྒྱལ་དབང་སྐུ་ཕྲེང་གསུམ་པ་མཆོག་རྗེ་ཙོང་ཁ་པ་འཁྲུངས་སའི་གནས་སུ་ཕེབས་ཏེ་བླ་མ་ཞིག་ལ་སྐུ་འབུམ་ཞེས་སུ་གྲགས་པའི་དགོན་པ་དེ་གསར་བཞེངས་བྱེད་དུ་བཅུག།དེ་ནི་ཨ་མདོའི་ཕྱོགས་ཀྱི་དགེ་ལུགས་པའི་དགོན་ཆེན་གཉིས་ཀྱི་ཡ་གྱལ་ཡིན།   དགོན་པ་གཞན་དེ་ནི་བླ་བྲང་དགོན་པ་སྟེ་མཚོ་སྔོན་པོ་ལྷོ་རྒྱུད་ཀྱི་ཀན་སུའུ་ཁུལ་དུ་མཆིས།དགོན་དེ་༡༧༠༨་ལོར་བཞེངས་བསྐྲུན་མཛད་ཅིང་ཅུང་མ་འགྱངས་བར་མདོ་སྟོད་སྨད་གཉིས་དང་།ད་དུང་སོག་པོ།མན་ཇུའི་གྲྭ་བཙུན་རྣམས་ཀྱིས་སློབ་གཉེར་བྱེད་སའི་གནས་ལྟེ་བར་གྱུར་ཞིང་དེ་ལས་ཐོན་པའི་རམ་འབྱམས་གཙུག་ལག་སྨྲ་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བུ་ཤིན་ཏུ་མང་།གྲྭ་ཚང་མི་འདྲ་བའི་ནང་དུ་ནང་པའི་ཚད་མ་རིག་པའི་གཞུང་རྣམས་ལ་ཐོས་གསམ་སློབ་གཉེར་བྱེད་པ་མ་ཟད།བཟོ་གསོ་རིག་པ་དང་།སྐར་རྩིས་།སྙན་ངག།ཐང་ཀ།འབག་བཟོ་སྒྱུ་རྩལ་སོགས་རིག་གནས་ཆེ་ཆུང་དག་ཀྱང་དར་སྤེལ་བྱེད་བཞིན་ཡོད།དགོན་དེར་དགེ་འདུན་སུམ་སྟོང་ལྷག་འདུས་ཤིང་དེའི་རིན་ཐང་བྲལ་ཞིང་རྒྱུན་དཀོན་པའི་གནའ་དཔེ་རྣམས་དང་དེ་རུ་པར་བསྐྲུན་བགྱིས་པའི་དཔེ་ཆ་དག་ལ་ཡུལ་དབུས་ལྷ་སའི་གདན་ས་ཆེན་པོ་རྣམས་ཀྱང་འགྲམ་ཆུ་ལྡང་བཞིན་ཡོད་ཞེས་སྒྲོགས།དགོན་པའི་ནང་རོལ་དུ་ཤིང་དཔར་ཁང་ཡང་མཆིས་ལ་དགོན་པའི་ནུབ་མཐར་ཆགས་པའི་དར་ཞིང་རྒྱས་པའི་གྲོང་བརྡར་དེ་རུ་བོད་མིང་ལ་ཤེས་རབ་བསྟན་འཕེལ་ཟེར་བའི་ཨ་རིའི་ཡི་ཤེས་ཆོས་ལུགས་སྤེལ་མཁན་སྐུ་ཞབས་གྷི་རིན་ཁྲི་གྷི་རེ་བྷེ་ནོ་(Grant Griebenow)༡༩༢༡་ནས་༡༩༤༩་བར་གནས་སྡོད་བྱས་ཤིང་དགེ་འདུན་ཆོས་འཕེལ་མཆོག་ཁོང་ལ་གཟིགས་བསྐོར་བྱས་མྱོང་ཞིང་དགེ་ཆོས་མཆོག་ངས་རྗེས་སུ་གླེང་བར་བྱ།

གང་ལྟར་རྒྱལ་དབང་ལྔ་བ་(༡༦༡༧-༡༦༨༢)ནས་བཟུང་ང་ཚོས་ཨ་མདོའི་སྲིད་དོན་ལོ་རྒྱུས་ཅུང་གསལ་བོར་རྟོགས་མགོ་ཚུགས།བོད་རྒྱུད་ནང་བསྟན་གྱི་གྲུབ་མཐའ་འདྲ་མིན་གྱི་རྗེས་སུ་འབྲང་བར་ཁས་འཆེས་བའི་སོག་པའི་ཚོ་བ་རྣམས་ཀྱི་ཡུན་རིང་གི་ནང་དམེ་འཁྲུག་རྩོད་དེ་ཁོ་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ས་བྷེ་རེ་ཡ་(Siberia)་དང་བོད་ཁམས་བཅས་སུ་སླེབས།སོག་ཡུལ་ནུབ་ཁུལ་གྱི་འོ་རེད་ཏ་(Oirat)་ཚོ་བའི་ཚོ་ལག་དུ་གྱུར་བའི་གུ་ཤྲིར་(Qoshot)་ཚོ་བ་དེ་འོ་རེད་ཏ་(Oirat)་ཚོ་བའི་ཚོ་ལག་དུ་གྱུར་བའི་ཚོ་བ་གཞན་ཏེ་ཀྲུན་ཀར་(Dzungar)་ཚོ་བས་གཏོར།དུས་རབས་བཅུ་དྲུག་གི་དུས་མཇུག་ཙམ་ལ་ གུ་ཤྲིར་(Qoshot)་ཚོ་བ་འགའ་ལྷོ་ཤར་ཕྱོགས་སུ་གནས་སྤར་དེ་མཐར་མཚོ་སྔོན་པོའི་བྱང་ཁུལ་དུ་གཞིས་སྡོད་བྱས།དེ་ནི་བཙན་པོའི་དཔུང་འཇུག་མིན་པར་དེ་ལས་ཁོ་ཚོའི་རིགས་མཐུན་གྱི་སྤུན་ཟླས་བསླངས་པའི་བོད་ཡུལ་དུ་གནས་སྡོད་བྱེད་པའི་འགྲུལ་བཞུད་ཞིག་རེད།༡༦༤༢་ལོར་ཚོ་བ་གུ་ཤྲི་ཧན་དགེ་ལུགས་པའི་ཡོན་བདག་རྣལ་མར་གྱུར་ཏེ་དགེ་ལུགས་པའི་སྤྱི་དོན་དང་རྒྱལ་དབང་ལྔ་བར་རྒྱལ་ས་ལྷ་སར་ཆོས་སྲིད་ཟུང་འབྲེལ་ཀྱི་གཞུང་གསར་བ་འཛུགས་པར་རོགས་འདེགས་མཛད་དེ་བོད་ཀྱི་མིང་གི་རྒྱལ་པོར་གྱུར་ཞིང་སྐུ་ཚེ་ཧྲིལ་པོར་དབུས་ལྷ་སར་བཞུགས་མོད་ཁོང་དང་མཚོ་སྔོན་གྱི་སོག་པོའི་བར་གྱི་འབྲེལ་འོང་དེ་རྒྱུན་མ་ཆད་ལ་ཁོང་གི་བུ་རབས་ཚ་རྒྱུད་འགའ་ཕྱིར་མཚོ་སྔོན་པོའི་ཚོ་བའི་ཁྲོད་དུ་ལོག།༡༦༩༧་ལོ་ནས་བཟུང་མཐར་མན་ཇུར་བློ་སེམས་དཀར་བའི་ཨ་མདོའི་ཡུལ་གྱི་ས་གནས་དཔོན་ཆུང་དུ་གྱུར།

འདི་ནི་མན་ཇུ་སྟོབས་ཤུགས་དེ་ཨ་མདོར་གནས་སྡོད་བྱས་པའི་སོག་པོ་བརྒྱུད་ནས་མདོ་སྨད་བོད་ཡུལ་དུ་ཐོག་མར་ བརྡོལ་པའི་ཁུངས་མིག་ཡིན་ལ་དབུས་གཙང་ཁུལ་གྱི་གུ་ཤྲི་ཧན་གྱི་གཟི་བརྗིད་དང་རྒྱལ་དབང་ལྔ་བའི་བསྒྲུན་མེད་ཀྱི་ཆབ་སྲིད་དབང་ཤུགས་བཅས་ཀྱི་རྐྱེན་ལས་མདོ་སྨད་ཡུལ་གྱི་གུ་ཤྲི་ཧན་གྱི་བུ་རབས་ཚ་རྒྱུད་རྣམས་ཀྱིས་སྤྱིར་ཨ་མདོ་དང་།སྒོས་སུ་འབྲོག་ཕྱོགས་སུ་དབང་ཐང་མི་དམན་པ་ཞིག་ལོངས་སྤྱོད་བྱེད་དུ་བཅུག་ཡོད་མོད་དེ་དག་གིས་རྡོག་རྩ་གཅིག་སྒྲིལ་ངང་བོད་རྒྱུད་ནང་བསྟན་གྱི་གྲུབ་མཐའ་གཅིག་འདྲ་ཞིག་ལའང་མཐུན་འགྱུར་མ་བྱས་པས་རྫོགས་རྒྱུ་མེད་པའི་ནང་དམེ་ཡིས་ཚོ་བ་དེའི་ཆ་ཤས་ཤིག་སླར་ཡང་རྨ་ཆུའི་ལྷོ་ཁུལ་དུ་གནས་སྤོར་མི་བྱེད་ཐབས་མེད་བྱུང་ཞིང་ཡུལ་དེའི་ཨ་མདོ་བའི་ཁྲོད་དུ་ཁོ་ཚོར་ཨ་རིག་སོག་པོ་ཞེས་འབོད་ཅིང་ཕྱིས་སུ་ཤར་པའི་མི་ཡི་ཚོང་ཤག་དུ་གྱུར།ཇེ་ཧྤུ་རོ་ཁུ་(J.F.Rock)་ཡིས་གནས་སྤོར་སོག་རིགས་འདི་དག་ཨ་མདོའི་འབྲོག་པའི་སྦྲ་རུ་མི་སྡོད་པར་སོག་གུར་ནང་འདུག་ཡང་འདི་ནི་བོད་རིགས་རྣམས་ཀྱི་ཁྲོད་དུ་སྔར་བཞིན་ལུས་པའི་མངོན་གསལ་ཅན་གྱི་སོག་པའི་ཁྱད་ཆོས་རེད་ཅེས་བཀོད་འདུག།སོག་པོ་རྣམས་ཁོང་ཚོའི་མངའ་བདག་མན་ཇུ་མི་རིགས་རྒྱ་མིར་གྱུར་བ་དེ་བཞིན་དུ་ཁོ་ཚོའང་ཨ་མདོ་བར་གྱུར་ལ་དེ་དག་ཨ་མདོའི་ཡུལ་གྱི་དགེ་ལུགས་པའི་ཡོན་བདག་དངོས་སུ་གྱུར་ཡང་ཡུལ་དེར་སྤེལ་བའི་མན་ཇུ་གོང་མའི་སྲིད་ཇུས་ཀྱིས་སུ་ཡང་ཡུལ་ཁམས་ཡོངས་ལ་དབང་བསྒྱུར་བའི་རྗེ་བོར་གྱུར་མ་ཐུབ།

ཨ་མདོའི་ཡུལ་དུ་དགེ་ལུགས་པའི་བསྟན་པ་མགྱོགས་མྱུར་ངང་དར་བའི་རྒྱུ་རྐྱེན་གཉིས་མཆིས་ཤིང་གཅིག་ནི་དུས་རབས་བཅུ་དྲུག་གི་སྨད་དུ་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་རྣམས་རྒྱ་མཚོས་སོག་པོ་རྣམས་ནང་པའི་འཇུག་སྒོར་བཙུད་པ་དེ་དང་།གཉིས་ནི་གུ་ཤྲི་ཧན་གྱི་བུ་རྒྱུད་ཚོས་མདོ་སྨད་འབྲོག་ཁུལ་དུ་ཐེབས་པའི་ཆབ་སྲིད་ཀྱི་ཤུགས་རྐྱེན་བཅས་རེད།དུས་རབས་བཅོ་བརྒྱད་པའི་སྐབས་ཀྱི་མདོ་སྨད་དེ་བོད་དུ་གྱུར་པའི་སོག་པའི་མི་རྒྱུད་ལྕང་སྐྱ་རོལ་པའི་རྡོ་རྗེ་(༡༧༡༧་ནས་༡༧༨༦)སོགས་ཀྱིས་དབང་བསྒྱུར་བྱེད་ཅིང་ཁོང་ནི་མན་ཇུ་གོང་མ་ཆན་ལུང་(乾隆)་གི་དབུ་བླ་དང་བོད་དང་མན་ཇུ་གཉིས་འཁྲུག་པའི་སྐབས་དེར་ཁོང་ལ་གོང་མའི་ཕོ་བྲང་དུ་དབང་ཤུགས་མི་དམན་པ་ཞིག་མཆིས།དེ་མིན་བོད་དུ་གྱུར་པའི་སོག་པོའི་མི་རྒྱུད་ནི་སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་(༡༧༠༤་ནས་༡༧༨༨)སོགས་སྐྱེ་ཆེན་དག་གོ།

མན་ཇུ་གོང་མ་ཧྲིན་ཀྲིས་(顺治)་ཀྱི་གདན་ཞུ་ལྟར་༡༦༥༢་ལོར་རྒྱལ་དབང་ལྔ་བ་པེ་ཅིན་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཤིང་ཁོང་མཚོ་སྔོན་བརྒྱུད་དེ་རྒྱ་ཡུལ་དུ་ཕེབས་སྐབས་དེར་ཁོང་གིས་མཚོ་སྔོན་དེ་བོད་དང་།རྒྱ།སོག་པོ།མན་ཇུ།ཟ་ལར།ཀན་སུའུ་ཤར་ལྷོའི་ཁུལ་ཏུ་སྡོད་པའི་རྒྱ་དང་དྲུ་གུ་འདྲེས་མའི་ཁ་ཆེ་སོགས་འདུས་སའི་དམག་དོན་གྱི་དགེ་མཚན་འགངས་ཆེན་ལྡན་པའི་ཡུལ་ཞིག་ཡིན་པ་གསལ་བོར་རྟོགས།༡༦༨༠་ཡས་མས་སུ་རྒྱལ་དབང་ལྔ་བས་རང་གི་སྲིད་ཚབ་བླ་མ་ངག་དབང་ཕུན་ལྷས་(Ngag-dbang-phirn-las)་སྐབས་དེར་འཐབ་རྩོད་འཁྲུག་ལོང་གི་རྒྱ་རུ་ཚུད་པའི་སོག་པོའི་ཚོ་བ་ཚོར་ཡུལ་ཁམས་བགོ་བཤའ་བྱེད་པའི་འགན་དང་བཅས་མཚོ་སྔོན་དུ་བརྫངས།ཟི་ལིང་ནམ་ཡང་ཁ་ཆེ་རྣམས་འདུས་སྡོད་ཀྱི་གནས་ལྟེ་བ་ཞིག་ཏུ་གྱུར་ཞིང་དེ་དག་མང་ཆེ་ཤོས་ནི་རྒྱ་ཁ་ཆེའི་གནས་སྡོད་པ་ཡིན་ལ་འདི་དག་གིས་ད་ལྟ་བོད་ཀྱི་ཡུལ་ཁམས་འདི་ཁྱུ་མིད་གཏོང་བཞིན་འདུག།

གནའ་བོའི་དུས་སུ་མདོ་སྨད་ཀྱི་མི་འབོར་མང་ཆེ་བས་བོན་ཆོས་ལ་དད་མོས་བྱེད་ཅིང་ཆོས་ལུགས་དེ་ནི་དུས་རབས་བདུན་པ་དང་དགུ་བ་བར་རྒྱ་དང་།དབུས་གཙང་།ཏུན་ཧོང་བཅས་ཀྱི་ནང་བའི་ཆོས་ལུགས་དེ་གནས་འདིར་མ་དར་སྔོན་ཀྱི་གདོན་མའི་ཆོས་ལུགས་ཤིག་རེད།ཕྱིས་སུ་དགེ་ལུགས་པའི་གྲུབ་མཐའ་ཐོག་མར་བྱང་ནས་མཆེད་ཅིང་དེ་ནས་རིམ་གྱིས་ཡུལ་འདིའི་ཤར་ནུབ་ཁུལ་དུ་དར་ཏེ་རྐང་མ་ཟུག་གི་ཡར་སྔོན་དུ་ཡུལ་འདིར་ས་སྐྱ་དང་བཀའ་བརྒྱུད་པའི་དགོན་པ་རེ་འགའ་བཞེངས།མདོ་སྨད་ཤར་ཁུལ་དང་།ལྷོ་ཁུལ།ད་དུང་ལྷོ་ཤར་ཁུལ་གྱི་རེབ་གོང་དང་།ཅོ་ནེ།ཐེ་བོ།འཕན་ཆུ།ཁོད་པོ།(གཟི་ཚ་སྡེ་དགུ་ཡང་ཟེར)རྟོལ་པོ།ཤར་ཁོག།ཚ་ཁོ།རྒྱལ་རོང་།རྔ་ཁོག་བཅས་སུ་གཞིས་སྡོད་བྱེད་པའི་མི་འབོར་རྣམས་ལ་སོག་པོའི་ཐེ་གཏོགས་ཅུང་བྱེད་དཀའ་བས་དགེ་ལུགས་པའི་ཤན་ཞུགས་མ་ཐུབ་པར་ད་ལྟའི་བར་ད་དུང་བོན་ཆོས་ལ་དད་པ་བྱེད་མཁན་ཡོད།

མི་རིགས་དང་ཆབ་སྲིད་ཀྱི་ངོ་བོ།

བོད་མདོ་སྨད་ཀྱི་ཆབ་སྲིད་སྒྲིག་འཛུགས་དེ་དུས་རྒྱུན་རུ་སྡེ་དུ་མའམ་སྦྲ་ཁྱིམ་འགའ་ཕྱོགས་གཅིག་ཏུ་སྒྲིལ་དེ་གྲུབ་པའི་ཚོ་བའི་མནའ་འབྲེལ་གྱི་ཕྱོགས་སུ་གཏོགས་ཤིང་འབྲོག་པ་རྣམས་ལ་མཚོན་ན་ལུང་པའམ་ས་ཁམས་འདྲེས་ལུགས་དང་བསྟུན།ཚོ་བ་ཤོག་པ་ཚོར་རང་རང་གི་རིག་གཞུང་གི་ལྟེ་བ་ལྟ་བུའི་དགོན་པ་དང་སྔོན་ལ་ཨ་མྱེས་ཀྱི་མིང་བཏགས་པའི་རང་གི་ཡུལ་ལྷ་གཞི་བདག་གི་གནས་རི་རྩ་ཆེན་ཡོད་ལ་ཚོ་བ་རྣམས་དུས་རྒྱུན་རྒྱལ་པོའམ་ཚོ་དཔོན་གྱིས་དབང་བསྒྱུར་བྱེད།

མདོ་སྨད་ཀྱི་ཡུལ་འདིར་དགེ་ལུགས་པའི་དབང་ཐང་ཤིན་ཏུ་ཆེ་ཞིང་བོན་ཆོས་ལ་དད་ཅིང་མོས་པའི་དམངས་ཁྲོད་དང་བསྡུར་ཚེ་སྐྱ་བོའི་ཚོ་དཔོན་རྣམས་ལ་ཆབ་སྲིད་དབང་ཤུགས་དེ་ཅུང་གཉོམ་པོ་ལས་མེད།གོམས་སྲོལ་འདིས་ཨ་མདོའི་མི་མང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཆགས་གྲུབ་ལ་ཤུགས་རྐྱེན་ཟབ་མོ་ཐེབས།དུས་རབས་བཅུ་བདུན་པ་ནས་བཟུང་མདོ་སྨད་ཀྱི་ཡུལ་ཁམས་ཡོངས་རྫོགས་མན་ཇུའི་བཙན་རྒྱལ་འོག་ཚུད་(དམིགས་བསལ་གྱི་སོག་པོའི་ཚོ་དཔོན་རྣམས་བརྒྱུད་ནས་)ཅིང་མདོ་སྨད་ཕྱོགས་ཀྱི་མན་ཇུའི་དབང་བསྒྱུར་དེ་བོད་དབུས་ཁུལ་ལས་རྒྱ་ཆེ་ཞིང་བྱེད་ནུས་ལྡན་པ་བརྗོད་ག་ལ་དགོས།དུས་རྒྱུན་ལྡན་ལྟར་མན་ཇུ་གཞུང་གིས་ཡུལ་དང་ཁུལ་གྱི་ཚོ་དཔོན་དང་ས་ཆ་རྣམས་ལ་རྒྱ་མིང་སྤྲད་འགོ་ཚུགས་མོད་ཆབ་སྲིད་ཀྱི་ཆགས་གྲུབ་དེ་མཚོ་སྔོན་པོ་ལྟ་བུའི་ངེས་གཏན་གྱི་ས་ཆར་མ་གཏོགས་འཕོ་འགྱུར་བཏང་མེད།འདི་ནི་ཕྱོགས་གང་མང་གི་ཐད་ནས་ཨ་མདོ་བ་རྣམས་རྒྱ་རིགས་སུ་བསྒྱུར་བར་ཆེས་བྱེད་ནུས་ལྡན་པ་ཞིག་རེད་ལ་མཚོ་སྔོན་པོའི་ཡུལ་དང་ཉེ་འཁོར་གྱི་ས་ཆ་རྣམས་སུ་ལྷག་ཏུ་ཤུགས་ཆེ།བོད་མི་རྒྱ་རུ་བསྒྱུར་བའི་སྲིད་བྱུས་འདི་རྒྱལ་དམངས་སྲིད་གཞུང་གིས་སྤེལ་ཅིང་དེས་མདོ་སྨད་ཁུལ་བདག་ཏུ་བཟུང་བར་ཁས་འཆེས་བ་དེ་ནི་གང་ལྟར་མིང་ཙམ་ལས་དོན་མེདམོད་རྒྱ་ནག་དམར་ཕྱོགས་པས་ཕྱིས་སུ་དེ་ཉིད་སྔར་བས་ཀྱང་ཤུགས་ཆེ་རུ་བསྐྱེད།དེ་ཡང་བོད་ཁུལ་དུ་རྒྱ་རིགས་གནས་སྡོད་པ་ཟམ་མ་ཆད་པར་འཕེལ་བ་དེ་སྲོལ་རྒྱུན་གྱི་ཕྲུ་གུ་བཙའ་ཚད་དང་སྲིད་གཞུང་གིས་བཙན་འགེལ་སྲིད་ཇུས་བཅས་ཟླ་གཅིག་ཏུ་སྒྲིག་བའི་སྐྱེས་ཚད་དམའ་བོ་འདི་དང་ཐོད་ཐུག་རྐྱེན་བོད་མི་ཁོ་ཚོ་རང་ཉིད་ཀྱི་ཁྲོད་ནས་ཨ་མདོ་བ་རྒྱ་རིགས་སུ་བསྒྱུར་བའི་ལམ་ཁ་ངང་གིས་བསྐྲུན་འདུག་པས་ཡུལ་འདི་ཉིད་རྒྱའི་མི་འབོར་གྱིས་ནུབ་ལ་ཉེ་འདུག་ལ་དེ་ནི་ཏག་ཏག་མན་ཇུའི་ཡུལ་དུ་བྱུང་བ་ལྟར་མི་རིགས་རང་ཉིད་ཀྱི་ངོ་བོ་ལྡན་པའི་མན་ཇུ་མི་དམངས་ཉམས་པར་གྱུར།རྒྱ་ནག་དམར་ཕྱོགས་པས་མདོ་སྨད་བཙན་འོག་དུ་བཅུག་པ་ནས་བཟུང་སྔར་ཆབ་སྲིད་ཀྱི་དབྱེ་འབྱེད་དེ་ཧ་ལམ་མུ་མཐུད་མོད་ནང་ཁུལ་དོ་དམ་བསྐྱར་སྒྲིག་དེ་རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་གི་མིང་ཐོག་ནས་རྨང་གཞི་དམ་པོར་གཞི་བྱས་ཏེ་བྱུང་འདུག།མགོ་ལོག་ཧྲིལ་པོ་དང་མཚོ་སྔོན་པོ་ཉེ་འཁོར་གྱི་ས་ཆ་གཞན་དག་མཚོ་སྔོན་ཟི་ལིང་གི་སྲིད་འཛིན་དབང་ཁོངས་སུ་སླེབས་ཤིང་བླ་བྲང་།ཅོ་ནེ།ཐེ་བོ་བཅས་ས་ཁུལ་རྣམས་དང་།མཛོད་དགེའི་ཆ་ཤས་ཤིག་ཀན་སུའུ་ལན་ཀྲུའུ་ཁོངས་སུ་སྦྱར།དེ་ཡང་ཚ་ཁོ་དང་།རྔ་ཁོག།མཛོད་དགེའི་ཆ་ཤས་ཤིག།དམེ་པ།ཐེ་པོ།འཕན་ཆུ།ཁོད་པོ།རྟོལ་པོ།ཤར་ཁོག་བཅས་ས་ཆ་རྣམས་དང་རྒྱལ་རོང་ཡོངས་རྫོགས་ཟི་ཁྲོན་ཁྲིན་ཏུའུའི་སྲིད་འཛིན་དབང་ཁོངས་སུ་བསྡུས།ཡུན་རིང་ལ་སྤྱད་པའི་དབྱེ་འབྱེད་དང་དབང་བསྒྱུར་(Divide & Rule)གྱི་བྱེད་ཐབས་འདི་མི་རིགས་ཧྲིལ་པོ་ཁ་ཐོར་དགུ་འཐོར་དུ་གཏོང་བར་བྱེད་ནུས་ཆེ་ཞིང་རང་སྐྱོང་ཁུལ་རིམ་པའི་བོད་རིགས་ཕན་ཚུན་བར་གྱི་འབྲེལ་འདྲིས་དེ་སྔར་མེད་ཀྱི་དཀའ་ཁག་ཅན་དུ་གྱུར།

དཔེ་ཞིག་བཞག་ཚེ་རང་སྐྱོང་ས་ཁུལ་གྱི་སློབ་གྲྭ་ལ་ལར་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་དུ་བཅུག་ཡོད་ལ་རེ་འགར་མི་ཆོག་སྟེ་འདི་ནི་ཤར་ཁོག་ས་ཁུལ་གྱི་གནས་བབ་དེ་ས་དེའི་སློབ་གྲྭ་རྣམས་སུ་བོད་སྐད་ཡིག་སློབ་ཁྲིད་བྱས་མེད་ལ་ཕ་མ་ཚོས་ཀྱང་རང་གི་བུ་ཕྲུག་ས་ཁུལ་གཞན་དུ་བསྐྱལ་དེ་བོད་སྐད་ཀྱི་འབྲི་ཀློག་སློབ་མི་ཆོག།ངས་དོན་གནད་དེ་ས་གནས་དཔོན་པོ་རྣམས་ལ་བརྗོད་མྱོང་ལ་ཧྥ་རན་སི་རྒྱལ་ས་ཕཱ་རེ་སིས་ནས་ཡང་བསྐྱར་གླེང་མྱོང་།ལོ་ངོ་གཉིས་ཀྱི་རྗེས་སྟེ་༡༩༨༧་ལོར་ཁོང་ཚོས་ཟུང་ཕན་དུ་བོད་སྐད་སྦྱང་སའི་དམིགས་བསལ་སློབ་གྲྭ་ཞིག་བཙུགས་པའི་ལན་གནངས་བྱུང་བས་རྒྱ་གཞུང་གི་དཔོན་རིགས་ཚོས་སྐབས་ལ་རེར་བསམ་འཆར་ལ་སྣང་འཇོག་བྱེད།

༡༧༢༠་ལོ་ནས་བཟུང་མདོ་སྨད་ཀྱི་ཡུལ་རྣམས་རིག་གཞུང་གི་ངོས་ཐད་ནས་བོད་དབུས་ཁུལ་དང་ཁ་ཐག་མ་ཆད་ཀྱང་དབུས་ལྷ་སའི་ཆབ་སྲིད་ཀྱི་ཆུ་རྒྱུན་རིང་མོ་དང་རྦད་དེ་ཐ་དད་དུ་ཕྱིན།དེ་དང་མཐུད་དེ་༡༩༡༤་ལོར་དབྱིན་ཇུ་དང་།བོད།རྒྱ་ནག་བཅས་གསུམ་གྱིས་རྒྱ་གར་སིམ་ལར་གྲོས་མཐུན་ཆིངས་ཡིག་བཞག་པས་ནང་བོད་(Inner Tibet)ཅེས་པའི་ཁོང་དུ་ཚུད།༡༩༢༥་ལོར་ཨ་མདོ་རུ་བོད་དང་རྒྱ་ཁ་ཆེ་གཉིས་བར་གྱི་བྱུང་བའི་དྲག་པོའི་འཐབ་རྩོད་དེར་བོད་སྡེ་བ་གཞུང་གིས་གཏན་ནས་ཁ་ཡ་བྱས་མེད་ཅིང་ནུབ་ཕྱོགས་ཡུལ་ཁུལ་དུ་ཇི་ཧྥུ་རོ་ཁུ་(J.F.Rock)་ནི་དམིགས་བསལ་གྱི་འགལ་བ་འདིའི་མགོ་མཇུག་ཡོངས་ལ་འབྲེལ་བརྗོད་བྱེད་ཐུབ་པའི་མཁས་པ་གཅིག་པུ་རེད།དེའི་ཕྱིར་༡༩༣༩་ལོར་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ངོས་འཛིན་བྱེད་དུས་བོད་གཞུང་གིས་གདུག་རྩུབ་ཆེ་བའི་ཟི་ལིང་དམག་ཤེད་ཅན་མ་པུ་ཧྥང་(马步芳)་གི་རེ་འདོད་ལྟར་བླུ་ཡོན་སྤྲོད་རྒྱུ་ལས་ཐབས་ཟད།ལྷ་སའི་སྐུ་དྲག་རྣམས་དང་དེའི་གཞུང་གིས་ཨ་མདོ་བར་བཅིང་བའི་ཁྱད་གསོད་ཀྱི་ལྟ་བ་དེས་མདོ་སྨད་པ་རྣམས་ལ་བོད་ཀྱི་དབང་འཛིན་པ་ཚོས་ཡུལ་མདོ་སྨད་ཀྱི་ཕྱོགས་སུ་ཁུར་བའི་ལས་འགན་དེ་གཅིག་ཀྱང་ལྕོགས་མ་ཐུབ་པ་ཤེས་སུ་བཅུག་ཡོད།

མདོ་སྨད་ཡུལ་གྱི་སྐྱེ་ཆེན་བཞི།

ཕན་ཚུན་ནང་འགལ་ཏུ་གྱུར་བའི་འབྲེལ་བ་འདི་དུས་རབས་འདིའི་ནང་བོད་ཀྱི་ལས་དབང་དང་ཡུག་གཅིག་ཏུ་འབྲེལ་བའི་ཡུལ་མདོ་སྨད་ནས་སླེབས་པའི་སྐྱེས་བུ་དམ་པ་བཞིའི་མཛད་སྤྱོད་ཀྱིས་གསལ་བོར་མཚོན་ཐུབ་ངེས།དགེ་བཤེས་ཤེས་རབ་རྒྱ་མཚོ་དང་དགེ་འདུན་ཆོས་འཕེལ་གཉིས་ནི་བླ་སློབ་ཡིན་ལ་ཁོང་གཉིས་ཀྱིས་ཀྱང་བླ་བྲང་དང་འབྲས་སྤུངས་སུ་སློབ་གཉེར་གནངས་ཤིང་ཁོང་གཉིས་ནི་ཁ་ཞེ་གཉིས་མེད་ཀྱི་རྒྱལ་ཞེན་རིང་ལུགས་པ་རྣལ་མ་ཅིག་ཡིན་ལ་གཉིས་ཀ་ལྷ་སའི་སྐུ་དྲག་གི་རྙེང་ཞེན་རིང་ལུགས་གྱི་ལམ་སྲོལ་ལ་ཞེ་གཏིང་ནས་འགྲས་ཡོད།ལྷ་སའི་སྐུ་དྲག་རྣམས་དད་པ་རྣལ་མ་མིན་པར་དགེ་བའི་བཤེས་གཉེན་ཆེན་མོ་ཞིག་ལ་སྦྱིན་བདག་བགྱི་བའི་གཟི་བརྗིད་ཀྱིས་ཡོངས་སུ་བྲིད་དེ་དམ་པ་འདི་གཉིས་ལ་མཐུན་རྐྱེན་སྦྱོར་བའི་འགྲན་རྩོད་བྱས།༡༩༣༠་ལོའི་ལོ་མཇུག་གི་སྔོན་ནས་དགེ་བའི་བཤེས་གཉེན་འདི་གཉིས་ཀྱིས་བོད་མིས་རང་ཉིད་མ་འོངས་བར་སྲུང་སྐྱོབ་ལེགས་པོ་བྱེད་པར་བོད་དེ་ངེས་པར་དུ་དེང་རབས་ཅན་དུ་བསྒྱུར་དགོས་པ་དེ་མཁྱེན་པས་དེ་ལྟར་ཏུ་སྲོང་པོར་བརྗོད།

དགེ་བཤེས་ཤེས་རབ་རྒྱ་མཚོས་སྐབས་དེར་གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཞབས་འབྲིང་གི་ཁྲོད་དུ་གཞན་དྲིང་མི་འཇོག་པའི་གོ་གནས་ཟིན་ཡང་ཁོང་གི་ཅི་བསམ་ཟོལ་མེད་དུ་བརྗོད་པའི་རང་གཤིས་དྲང་པོས་ཕྱོགས་གཉིས་བར་གྱི་མཛའ་བརྩེ་ལ་བར་ཆད་མི་ཉུང་བ་ཞིག་བཟོས།ཕྱིས་སུ་ཁོང་ལ་རྒྱ་ཞེན་གྱི་ཞྭ་མོ་གཡོགས་ཤིང་མཐར་དངོས་སུ་རྒྱ་ཡུལ་དུ་བཞུགས་ཏེ་ལོ་རབས་ལྔ་བཅུ་ནས་དྲུག་བཅུ་བར་རྒྱའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་མཛད་ཅིང་ཚོགས་གཙོའི་མིང་ཐོག་ནས་ཁོང་ཉིད་འབར་མ་དང་།གསེར་གླིང་སོགས་སུ་ཕེབས་མོད་རིག་གནས་གསར་བརྗེའི་སྐབས་སུ་བོད་སྐད་ཡིག་བེད་སྤྱོད་བྱེད་པའི་ཐོབ་ཐང་སྲུང་སྐྱོབ་མཛད་རྐྱེན་བཙོན་དུ་བརྫངས་ཏེ་༡༩༦༧་ལོའི་ཡས་མས་སུ་བཙོན་ལས་སྐུ་གཤེགས།

དམ་པ་ཁོང་གི་དགེ་ཕྲུག་དགེ་འདུན་ཆོས་འཕེལ་གྱིས་བཀོས་བཀོད་རྒྱུད་འཛིན་གཞུང་གི་ལམ་ལུགས་རྙིང་བ་གསར་བརྗེ་བྱེད་དགོས་པར་བརྗོད་པས་བོད་སྡེ་བ་གཞུང་གིས་དམར་ཕྱོགས་ཚོགས་པའི་ཉེས་མིང་གཡོགས་ཏེ་༡༩༤༧་ལོར་བཙོན་འཇུག་བྱས་ཤིང་༡༩༥༢་ལོར་ཁོང་བཙོན་གྲོལ་ཐོབ་སྟེ་ཅུང་མ་འགྱངས་བར་སྐུ་གཤེགས།

༡༩༩༡་ལོར་ང་རང་ལྷ་སར་སྡོད་དུས་ལོ་རབས་དགུ་ཅུ་ནང་ཐོར་མར་པར་དུ་བསྐྲུན་པའི་དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་གི་བསྐྱར་དཔར་ཉོ་འདོད་མོད་བདག་ལ་བརྗོད་པ་ལྟར་ན་དེབ་ཕྲེང་གསུམ་པོ་དེ་ཕྱི་རུ་བཀྲམ་པའི་ཉིན་གསུམ་གྱི་ནང་ཚུན་ལ་བཙོང་ཚར་བར་བརྗོད་ཅིང་དམ་པར་འདིར་དགའ་མོས་བྱེད་མཁན་ཇེ་མང་དུ་སོང་ཕྱིར་དེས་བདག་ལ་སྤོབས་པ་ཚད་མེད་ཅིག་སྤྲད།

དེ་ཡང་ཡུལ་མདོ་སྨད་ནས་སླེབས་པའི་སྐྱེས་ཆེན་དམ་པ་གཞན་གཉིས་ནི་རྒྱལ་དབང་མཆོག་དང་དགོངས་པ་རྫོགས་པའི་པན་ཆེན་རིན་པོ་གཉིས་ཡིན་པ་བརྗོད་ག་ལ་དགོས།གངས་ཅན་ཉི་ཟླ་ཟུང་གི་འགྲན་མེད་ཀྱི་མཛད་རྗེས་དང་རྨད་བྱུང་གི་མཁྱེན་པ་ཀུན་ལ་རླུང་ལྟར་གྲགས་པས་སྣག་ཤོག་གྲོན་པའི་ངལ་བར་འཇུག་དོན་མེད།

མེས་པོ་དང་གངས་རི།

ཨ་མདོའི་དམངས་ཁྲོད་ཀྱི་རིག་གཞུང་དང་གདོད་མའི་དད་མོས་རྣམས་ད་སྔ་བར་ངས་གླེང་མེད་དེ་མངོན་སུམ་དུ་ཚོར་དཀའ་བའི་ཁྱད་ཆོས་འདི་བོད་མི་རང་ཉིད་དང་མི་རྒྱུད་རིག་པ་བ་བཅས་སུས་ཀྱང་ཡིག་ཐོག་དུ་བཀོད་མི་འདུག།        དུས་རྒྱུན་ཡུལ་སྐོར་བ་རྣམས་ལ་བག་ཆགས་ཆེས་ཟབ་མོ་འཇོག་མཁན་ནི་ནང་བསྟན་ཆོས་ལུགས་རེད།གང་ལྟར་དར་ནས་ཅུང་མ་འགོར་བའི་བླ་མའི་ཆོས་ལུགས་ཀྱི་ཤུན་སྐོགས་དེ་བྱི་དོར་བྱས་ཚེ་ཤུལ་དུ་ལུས་པ་ནི་ཡིག་ཐོག་དུ་མ་བཀོད་པའི་གནའ་བོའི་སྲོལ་རྒྱུན་ཡིན་ལ་དེས་འུ་ཅག་གི་རྒྱལ་ཁབ་ཀྱི་ངོ་བོ་འབུར་དུ་ཐོན་པར་གཟེངས་སུ་ཐོན་པའི་ལག་རྗེས་བཞག་འདུག་སྙམ།འདི་ནི་ཡུལ་གྱི་གནས་རིར་བཞུགས་པའི་སྐྱེས་ལྷ་གཞི་བདག་གི་ཆོ་ག་ཞིག་ཡིན་ཞིང་ཡུལ་ལུང་ལ་ལར་གནས་རི་དེ་ཉིད་སྐྱེས་ལྷའི་དོད་དུ་ངོས་བཟུང་ཞིང་ཨ་མྱེས་ཀྱི་མཚན་གྱིས་མཚོན་པས་ཨ་མདོའི་རི་བོ་མང་བོ་ཞིག་གི་མེས་པོ་ཡིན།དད་མོས་འདི་ལ་གཙིག་ཆེན་གནངས་མཁན་ཤིན་ཏུ་དཀོན་མོད་ཆོས་དང་འབྲེལ་མེད་ཀྱི་རིག་གཞུང་གི་སྲོལ་རྒྱུན་འདིའི་འབྱུང་ཁུངས་ལྐོག་དུ་གྱུར་བའི་ལྷ་སྒྲུང་དང་རབ་རིབ་ཀྱི་ལོ་ཟླར་སྦྲེལ།གནའ་བོའི་བོད་བཙན་པོ་ཚོས་ཁོང་རྣམས་ཡར་ལུང་གི་སྐྱེས་ལྷ་ཡར་ལྷ་ཤམ་པོའི་གདུང་རབས་ཚ་རྒྱུད་དུ་རློམ་ཞིང་ནང་བསྟན་ཆོས་ལུགས་ཀྱི་དད་མོས་ཀྱིས་འདི་ཉིད་གཏན་ནས་བཅོམ་མ་ཐུབ་པས་ཡུལ་ལྷ་གཞི་བདག་འདི་རྣམས་དུས་རྒྱུན་བསྟན་པའི་སྲུང་མར་བཀོད་ཐབས་བྱས་ཀྱང་ཕན་འབྲས་ཆེན་པོ་ཐོན་མེད།

ལོ་རེ་རེར་ཨ་མདོའི་མང་ཚོགས་ཀྱིས་རང་རང་གི་སྐྱེས་རིའི་སྟེང་དུ་བསང་མཆོད་བྱེད་ཅིང་སྐབས་འདི་ནི་ཁོ་ཚོར་མཚོན་ན་རང་ཉིད་ཀྱི་ངོ་བོ་སླར་གསོ་དང་།དགྲ་དགེགས་གདོན་སྐྲོལ།མི་ཕྱུག་དར་ཞིང་ལོ་ལེགས་འབྱུང་པ།སོ་སོའི་སྐྱེས་ཁུངས་སླར་ཡང་ར་སྤྲོད་བགྱི་བའི་སྐབས་ཤིག་རེད།ཆོ་ག་བྱེད་སྒོ་འདི་ནང་བསྟན་ཆོས་ལུགས་ཀྱི་ཤུགས་རྐྱེན་ཅུང་སྲབ་སར་ལྷག་ཏུ་སྤེལ་ཞིང་ཆོ་ག་སྤེལ་སྟངས་དང་དུས་ཚིགས་བཅས་ཡུལ་དང་ཡུལ།ལུང་པ་དང་ལུང་པ་རྣམས་མི་འདྲ་ཡང་རྩ་བའི་བྱེད་སྒོ་དེ་གཅིག་ལ་ཐུག།ཆོ་ག་བྱེད་སྒོ་འདི་སྟེང་ཁྱིམ་ཚང་ནང་གི་སྐྱེས་པ་གཅིག་པུ་དང་ཚོ་བའི་ནང་གི་སྐྱེས་པ་ཁོ་ན་ཞུགས་དགོས་ཤིང་བུད་མེད་ཚོར་རང་ལ་བབ་པའི་དམིགས་བསལ་གྱི་ཆོ་ག་བྱེད་སྒོ་མཆིས།

ཆོ་ག་བྱེད་སྒོ་འདི་ནི་སྤྱིར་བཏང་གི་བླ་མའི་ཆོས་ལུགས་ཀྱི་དུས་སྟོན་ལྟ་བུ་མིན་པར་དེ་ནི་རིག་གཞུང་ཞིག་གི་གྲུབ་ཆ་ཞིག་ཡིན་ལ་བོད་མི་བཙན་ཤེད་ཀྱིས་རྒྱ་རུ་བསྒྱུར་བའི་འདུ་ཀློང་དྲག་དུ་གཡོ་དུས་དེ་ལ་རང་རིགས་རྣམས་རྒྱ་དང་ཐ་དད་དུ་དབྱེ་བའི་མི་རིགས་ཀྱི་ངོ་བོ་མཚོན་པའི་འདུ་ཤེས་བསྐྱར་གསོ་བྱ་བར་ཐུན་མོང་མ་ཡིན་པའི་ནུས་པ་ལྡན།