དང་བོ། མགྱོགས་བྲིས།
གནམ་ངོ་འཐིབས་ཤིང་འཁྱགས།

སོག་ཡུལ་མཁར་སྔོན་པོ༼呼和浩特༽རུ་འབྱོར་ཡོད། དེ་ཡང་བོད་རྒྱལ་གྲི་གུམ་བཙན་པོའི་སྲས་གསུམ་པ་ཉ་ཁྲི་ཀོང་ཡུལ་དུ་སྤྱུགས་པ་རིམ་གྱིས་ཆུང་མ་དང་བཅས་པ་སོག་ཡུལ་དུ་འཁོར་ཏེ་པོར་ཏ་ཆེ་ནོ་ཞེས་སོག་ཡུལ་གྱི་རྒྱལ་བོར་བསྡད་པའི་བུ་རྒྱུད་འཕེལ་བ་ལས། ཧོར་ཇིང་གིར་རྒྱལ་བོ་འཁྲུངས་ཏེ་རྒྱལ་ཁམས་དབང་དུ་བསྡུས་པའི་མངའ་ཁོངས། རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་རྒྱལ་ཨ་ཐན་གྱིས་གདན་ཞུས་བགྱིས་ཏེ་ཏཱ་ལའི་བླ་མ་བཛྲ་ངྷ་ར་ཞེས་པའི་གསེར་ཐམ་ཕུལ་བའི་ཡུལ་དང་འདབས་འབྲེལ་བའི་སའི་ཆ། རྒྱལ་བ་སྐུ་ཕྲེང་བཞི་བ་ཡོན་ཏན་རྒྱ་མཚོ་མཆོག་གི་སྐུའི་འཁྲུངས་ཡུལ་མཁར་སྔོན་པོ་ཞེས་གྲགས་པའི་གྲོང་འདབས་སུ་འབྱོར་ཡོད། ཁ་བ་སྲབ་སྲབ་ཅིག་བབས་འདུག ཕྱི་ལོགས་ཡོངས་སུ་ཧ་ཅང་འཁྱགས། ཁོ་བོ་གྲོགས་ཀྱི་ཤག་ཏུ་ལྷོད་ལྷོད་ངང་དཔེ་ཀློག་དང་འབྲེལ་ཏེ་ངལ་གསོ་བཞིན་ཡོད། སོག་ཕྲུག་ཅིག་གིས་བཤད་པ་ལྟར་ན། ང་ཡོད་སའི་ས་ཁུལ་འདིར་རི་བོ་མཐོན་པོ་དང་གཙང་བོ་ཞེ་དྲག་མེད་ཟེར།

2015.1.15 ཉིན།

གཉིས་པ། ཡུལ་སྐོར་ཟིན་ཐོ།

ཁ་སང་དེ་རིང་གི་ཉིན་འདི་དག་ཏུ། ཁོ་བོ་བོད་རྒྱལ་གྲི་གུམ་བཙན་པོའི་སྲས་ཆུང་ཉ་ཁྲིའི་གདུང་རྒྱུད་སོག་ཡུལ་གྱི་རྒྱལ་བོ་པོར་ཏ་ཆེ་ནོ་ཡི་མི་རྒྱུད། ཧོར་རྒྱལ་ཇིང་གིར་གྱིས་མངའ་ཐང་རྒྱ་བསྐྱེད་པའི་སོག་ཡུལ་ཏེ། སྔོན་ཆད་ལུང་ལས་བསྟན་པ་བྱང་ནས་བྱང་དུ་དར་ཞེས་པའི་བྱང་ཕྱི་མའི་ས་ཚིགས་སུ་ངོས་འཛིན་སའི་ཆེན་པོ་ཧོར་ཡུལ་གྱི་བྱེ་བྲག་མཁར་སྔོན་པོ་དང་མི་རིང་བའི་གྲོང་རྡལ་ཅིག་ཏུ་ཡོད།
སོག་ཡུལ་གྱི་མངའ་ཁོངས་ཡོངས་སུས་ཀྱང་དུས་ཐུང་ནང་རྒྱུས་ལོན་བྱེད་དཀའ་མོད། ང་རང་སྡོད་སའི་ས་ཆེན་པོ་འདི་རོང་འབྲོག་གཉིས་སུ་གྱེས་པའི་སོག་པོ་མི་རིགས་ཀྱི་ཕ་ས་རུ་བགྲངས་ཆོག་ཆོག་ཡིན་མོད། འོན་ཀྱང་ས་ཁུལ་འདིར་མི་གྲངས་བརྒྱ་ཆའི་བརྒྱད་ཅུ་རྒྱ་རིགས་ཀྱིས་ཟིན་ཡོད་པས་སོག་རིགས་ཉུང་ཤས་ཡིན་སྐད། སོག་རིགས་རང་སྐྱོང་ལྗོངས་ཁོངས་ཡིན་པའི་རྟགས་སུ་ལས་ཁུངས་དང་སློབ་གྲྭ་ཁག གཞན་ཚོང་ཁང་སོ་སོའི་སྒོ་བྱང་རེ་རེའི་ཐོག་གི་རྒྱ་ཡིག་ཤོམ་ཆེན་རེའི་སྟེང་ཤོད་དུ་སོག་ཡིག་ཆུང་ཆུང་རེ་བྲིས་ཡོད་པ་དང་། ཁང་བརྩེགས་རེ་ཟུང་གི་ཐོག་ཁར་གུར་ཚུགས་ཀྱི་རྣམ་པ་དོད་པའི་ཁང་མིག་རེ་ཕུབ་ཡོད་པ་དེའོ། །
ང་ཅག་བོད་པ་ཚོས་སོག་སེར་བོའམ་སེར་བོ་ཧོར་གྱི་ཡུལ་ཞེས་འབོད་པའི་དོན་ཡང་ཤ་མདོག་གི་ཆ་ནས་བཏགས་སམ་སྙམ་པའི་ལོག་རྟོག་ཀྱང་ཆེན་པོ་ཧོར་གྱི་ཤུལ་འཛིན་པ་ཉམ་ཐག་ཚོའི་གདོང་མདོག་ལས་མངོན་ཡོང་།
གྲུབ་མཐའ་དགེ་ལུགས་པར་སྒྲོག་པའི་དགོན་ཆུང་གྲོང་ཉམས་དོད་པ་ཞིག་ཡོད་པ་རྒྱང་ནས་མཐོང་མོད། འོན་ཀྱང་རྒྱུ་རྐྱེན་གཞན་ཞིག་གི་དབང་གིས་ནང་མཇལ་ལྟ་སྐོར་དུ་འགྲོ་ཐུབ་མ་སོང་། གྲྭ་གཟུགས་ཁ་ཤས་ཡོད་པ་ནག་ཆང་དང་ལྷན་དུ་ཡོད་ལ། གྲོང་ཆོག་ལ་འགྲོ་སྐབས་ཀྱང་གྲྭ་ལྭ་དང་སོག་ལྭ། རྒྱ་ལྭ་སོགས་གང་བདེ་རེས་གྱོན་གྱིས་འགྲོ་གིན་འདུག་ཟེར།
སྤྱིར་འཚོ་བའི་གོམས་སྲོལ་ཡོངས་སུ་མི་རིགས་ཆེན་པོའི་ཤས་ཧ་ཅང་ཆེ་བས་གྲངས་ཉུང་མི་རིགས་ཀྱི་ཁྱད་མཚན་ཅི་ཡང་མེད་པའི་སྣང་བ་སྟེར་མོད། ང་དང་བར་ཐག་རི་ལུང་གིས་བསྐལ་བའི་ཨ་ལག་ཤ་དང་ཞིས་ལིན་ཀོ་ལོ། ཨིར་ཏོ་ཟི་སོགས་སུ་སོག་རིགས་མང་ཞིང་ཡུལ་སྲོལ་གོམས་གཤིས་ཀྱང་མི་རིགས་རང་གི་ཁྱད་ཆོས་མ་ཉམས་པར་ཡོད་ཟེར་གི

སྒང་བ་བོད་ཀྱི་མྱི་ཆེན་གྱིས་སོག་ཡུལ་དུ།
2015.1.20