སྔོན་གླེང༌།

ངས་འབྲི་འདོད་པ་ནི་དགེ་རྒན་ཚང་གི་རྣམ་ཐར་གྱི་གླེང་བརྗོད་མིན་པར་རྣམ་ཐར་ཡིན། ངས་དགེ་རྒན་ཚང་གི་རྣམ་ཐར་ཞིག་འབྲི་འདོད་ནས་དེའི་སླད་ཐབས་ཤེས་བྱས་པ་ཡིན། ཐབས་ཤེས་གཅིག་ནི། ཁོང་གིས་རྣམ་ཐར་སྒྲ་འཇུག་འཁོར་ལོའི་ཐོག་གསུངས་ཚེ་ངས་དེ་དག་ས་བོན་དུ་བཟུང་ནས་རྣམ་ཐར་དུ་འགོད་བསམ་པ་ཡིན། དམིགས་ཡུལ་འདི་སེམས་ལ་བཞག་ནས་ལན་གཅིག་དགེ་རྒན་ཚང་ལ་ཁ་པར་ཐོག་ཞུས་པ་ཡིན། དགེ་རྒན་ཚང་གིས་ང་ལ་ཞལ་བཞེས་གནང་མ་སོང་མོད། རྣམ་ཐར་དེ་ལྟ་བུ་ཞིག་ཁོང་གི་སློབ་མ་གཅིག་གིས་འབྲི་བཞིན་ཡོད་ཅེས་བཀའ་གནང་སོང༌།

སློབ་མ་དེ་ནི་བློ་བཟང་སྙན་གྲགས་ལགས་རེད། ལོ་ཤས་རྗེས་སུ་བློ་བཟང་སྙན་གྲགས་ལགས་བཙན་བྱོལ་དུ་ཕེབས་ནས་ངྷ་རམ་ས་ལར་ཞལ་མཇལ་བྱུང༌། སྐབས་དེ་དུས་ཁོང་གིས་རྣམ་ཐར་བརྩམས་ཟིན་པའི་མ་ཕྱི་དང་བཅས་ང་ལ་བསྟན་བྱུང༌། རྣམ་ཐར་དེ་དག་མཐོང་ནས་དཔར་སྐྲུན་གྱི་ལས་རིམ་ལ་ཞུགས་པ་ཡིན། འོན་ཀྱང༌། རྩོམ་པ་པོ་བློ་བཟང་སྙན་གྲགས་ལགས་དང་ངེད་གཉིས་གཉིས་མོས་ཀྱིས་ལན་གཅིག་ཞུ་དག་སླད་བོད་དུ་བསྐུར་ཐུབ་ན་ལེགས་ངེས་བཅས་མ་ཕྱི་དེ་བོད་ལ་བསྐུར། དགེ་རྒན་ཚང་གིས་ཞིབ་གཟིགས་གནང་བའི་ཞོར་ལ་རྣམ་ཐར་ཡོངས་རྫོགས་བསྐྱར་འབྲི་གནང་བཅུག་སྟེ་ཕྲན་སར་འབྱོར། དེ་ནི་ལོ་སྔོན་མའི་ལོ་མཇུག་ཙམ་ལ་ཡིན། ངེད་ཀྱིས་རིམ་གྱིས་གློག་ཀླད་ནང་བསྐྱར་འཇུག་བྱས་ཏེ་སླར་ཡང་རྩོམ་པ་པོ་ལགས་སུ་ཕུལ། དེ་ལྟར་བརྒྱུད་རིམ་འགའ་ཞིག་བརྒྱུད་ནས་མཐར་རྣམ་ཐར་འདི་དཔར་སྐྲུན་ཐུབ་པ་ལ་དགའ་སྤོབས་བླ་ལྷག་ཏུ་ཆེ།

ང་རང་ལོ་ན་བཅུ་བདུན་དུ་མ་སླེབས་བར་དུ་གྲྭ་པ་ཞེས་པ་དེ་མིག་གིས་མཐོང་མ་མྱོང༌། མི་ངན་ཚོ་ལ་འཐབ་རྩོད་བྱེད་པ་ཞེས་པའི་ལས་འགུལ་སྐབས་ལྷ་འདྲེ་གདོན་བགེགས་ཀྱི་ཡོ་བྱད་རེད་ཅེས་སྐུ་གསུང་ཐུགས་རྟེན་འགའ་རེ་བཤམས་ནས་འཐབ་རྩོད་བྱེད་པ་དེ་ཙམ་ཞིག་དྲན་ངོར་ཡོད། ཆོས་སྒོ་ཕྱེས་པའི་དུས་ཚོད་ནས་བཟུང་རིམ་གྱིས་བླ་མ་དང་དགེ་འདུན་པ་རྣམས་མཐོང་ཡུལ་དུ་ཡོད་པར་གྱུར་ཅིང༌། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བོད་ཀྱི་ས་ཕྱོགས་སོ་སོར་ཕེབས་ནས་དགོན་པ་ཁག་གི་ཆོས་སྒོ་ཕྱེས་པ་དང་མི་མང་ལ་བཀའ་དབང་གནང་བ་སོགས་རིམ་གྱིས་མགོ་ཚུགས། སྐབས་དེར་ལྷ་སྡེ་ཨ་ཁུ་ཚང་དང་འཇའ་མོ་ཨ་ཁུ་ཚང་ཞེས་རེབ་གོང་ཁུལ་དུ་ཡོངས་གྲགས་སུ་གྱུར། ལྷ་སྡེ་ཨ་ཁུ་ཚང་ནི་རོང་བོ་དགོན་པའི་དགེ་བསྐོས་རེད། འཁྲུངས་ཡུལ་ལྷ་སྡེ་ནས་ཡིན་སྟབས་ལྷ་སྡེ་ཨ་ཁུ་ཚང་དང༌། རྒྱུ་མཚན་ཅི་ཡིན་མ་འཚལ་མོད། ལྷ་སར་ཕེབས་མྱོང་མཁན་གྱི་གྲྭ་པ་ཚོས་ཁོང་ལ་རྒན་དཔོན་པོ་ཞེས་ཞུ། ཡང་ཁ་ཤས་ཀྱིས་ཁོང་ལ་ཆུང་དུས་ཀྱི་མཚན་ནས་བོས་ཏེ་རྒན་སྙིང་ལྕགས་བྱམས་ཞུ། མཚན་དངོས་ལ་དགེ་འདུན་བསྟན་འཛིན་ཞུ། ཁོང་སྐུ་གཟུགས་རིང་ཞིང་ཞལ་རས་ཆེ། ཤངས་མཐོ་ཞིང་གཙུག་ཏོར་གྱི་ཚུལ་དུ་དབུ་ཚུགས་སུ་བཏོད་ཡོད། དཔྲལ་པའི་གཡོན་ངོས་སུ་ཤ་འབུར་ཞིག་ཐོན་པ་ནི་ཁོང་གི་ཞལ་རས་ཀྱི་མཚན་རྟགས་ཤིག་དང་མཚུངས། སྐུ་གཟུགས་བརྗིད་ཆགས་པ་དེ་དགེ་བསྐོས་ཀྱི་ཆས་སུ་ཞུགས་པའི་ཚེ་བརྗིད་ཉམས་ཤིན་ཏུ་ཆེ། འདི་ནི་ངེད་ཀྱིས་ཁོང་དང་མཇལ་བའི་ཐོག་མའི་མཐོང་སྣང་ཞིག་ཡིན།

ལོ་ཁ་ཤས་ཀྱི་རྗེས་སུ་ང་ནི་ཁོང་གི་ཤག་གི་དགེ་ཕྲུག་བཞིའི་གྲས་སུ་ཚུད། ངེད་ཀྱི་ཨ་ཁུ་ཞིག་ཡོད་པ་དེ་ལ་ཤ་བོ་བན་དེ་ཞུ་ཞིང༌། ཨ་ཁུ་དེ་དང་དགེ་རྒན་ཚང་གཉིས་དབུས་རོགས་ཡིན་པ་མ་ཟད། གྲོགས་པོ་བློ་ཉེ་ཞིག་ཀྱང་ཡིན་འདུག དེའི་དབང་གིས་ང་ཡང་ཁོང་གི་དགེ་ཕྲུག་གི་གྲས་སུ་ཚུད་པ་འདྲ། གང་ལྟར། ང་ཁོང་གི་ཤག་གི་དགེ་ཕྲུག་གི་གྲས་སུ་ཚུད་པ་དེ་ནས་བཟུང་དགེ་རྒན་ཚང་ལ་ལོ་ངོ་ལྔ་ལྷག་ལ་གཤིབས་པ་ཡིན།

དགོན་པར་ཆོས་སྒོ་ཕྱེས་ཚར་ཙམ་ཡིན་པར་བརྟེན། ང་ཚོ་ལ་བོད་ལུགས་ཀྱི་ཁང་པའི་སྡོད་ཤག་མེད། དེའི་སྟབས་ཀྱིས་ང་ཚོ་དགོན་པའི་ནང་ལུས་པའི་རྒྱ་ཁང་ཞིག་ནང་གནས་བཅས་པ་རེད། རྒྱ་ཁང་གྲལ་བསྟར་ཅན་དེར་ཁང་མིག་བཞི་ཡོད་ཅིང༌། དེའི་ཁང་མིག་གསུམ་དང་ཁང་མིག་གཞན་གཅིག་བཅས་ང་ཚོའི་ཤག་གིས་ཉར་ཡོད། ཁང་མིག་དང་པོ་དེའི་ནང་དགེ་རྒན་ཚང་བཞུགས་ཡོད་ལ། དཀྱིལ་དེར་ང་ཚོའི་ཐབ་ཚང་དང་གཉེར་པ་སྡོད་ས། མཐའ་མ་དེར་ང་ཚོ་དགེ་ཕྲུག་ཚོ་སྡོད་ཀྱི་ཡོད། ཤག་གི་དགེ་ཕྲུག་ཚོའི་ལས་འགན་ནི་འགྲུལ་པར་སྣེ་ལེན་ཞུ་བ་དང༌། དཔེ་ཁྲིད་ལ་ཡོང་མཁན་སློབ་མ་ཚོའི་སྡོད་ས་གྲ་སྒྲིག་ཞུ་བ། དེ་བཞིན་དགེ་རྒན་ཚང་དང་བཅས་པའི་ཤག་གི་གྲྭ་པ་རྣམས་ཀྱི་བཞེས་པ་བཟོ་པ་སོགས་ཡིན།

དགེ་རྒན་ཚང་གིས་ཉིན་གང་གི་མཛད་པ་ཡང་དཔེ་ཁྲིད་གནང་རྒྱུ་དེ་ཡིན། ནམ་རྒྱུན་ཞོགས་ཇ་བཞེས་གྲུབ་མ་ཐག་དཔེ་ཁྲིད་མགོ་འཛུགས་གནང་སྟེ་ཕལ་ཆེར་ཉིན་རྒྱབ་ཀྱི་ཆུ་ཚོད་བཞི་པ་དང་ལྔ་པ་བར་དུ་དཔེ་ཁྲིད་གནང༌། མཚམས་རེར་གསོལ་ཚིགས་གསོལ་ལོང་ཡང་རན་པོ་ཞིག་མི་ཐོབ། དགེ་རྒན་ཚང་གིས་དཔེ་ཁྲིད་གནང་རྒྱུར་དཀའ་ངལ་གྱི་རྣམ་པ་ཙམ་ཡང་མི་གནང༌། མཚམས་རེར་སྐུ་ཆམ་བཞེས་པ་སོགས་ཀྱི་བསྙུང་བཞེས་ཡོད་ཀྱང༌། དཔེ་ཁྲིད་གནང་རྒྱུར་ཐུགས་འཛེམས་མི་གནང༌། དཔེ་ཁྲིད་དེ་དག་ཀྱང་བསྡུས་གྲྭའི་ཁ་དོག་དཀར་དམར་ནས་གཞུང་ཆེན་པོ་ཏི་ལྔ་དང༌། ༸རྗེ་ཡབ་སྲས་ཀྱི་མདོ་སྔགས་གཞུང་ལུགས་དགོངས་འགྲེལ་དང་བཅས་པའི་སྐོར་ལ་ཡིན།

དགོང་མོའི་བཞེས་ལག་གི་དུས་ཚོད་དེ་ནི་ང་ཚོ་དགེ་རྒན་དང་དགེ་ཕྲུག་ཚོའི་བར་ཁ་བརྡ་བྱེད་པའི་དུས་ཚོད་ཡག་ཤོས་ཤིག་ཡིན། མཚམས་རེར་ང་ཚོས་ལོ་རྒྱུས་དང་རིག་གནས་སྐོར་བཤད་ལ། མཚམས་རེར་ང་ཚོས་དེང་རབས་དང་འཛམ་གླིང་སྐོར་བཤད། ཤག་གི་དགེ་ཕྲུག་གཞན་པ་གསུམ་ནི་ང་ལས་རྒན་པ་ཡིན་སྟབས། ཁོང་ཚོས་གྲོས་མོལ་གྱི་གླེང་སློང་ཞིང་མཇུག་སྒྲིལ། ངེད་ཀྱིས་ཉན་ཏེ་སྡོད་པ་ལས་སྐད་ཆ་ཤོད་པའི་བློ་སྤོབས་དེ་ཙམ་མེད།

ང་དགོན་པར་སྡོད་པའི་ལོ་ཁ་ཤས་དེའི་ནང་དུ་ཡང་གནས་ཚུལ་འགྱུར་ལྡོག་མང་པོ་ཞིག་བྱུང༌། བོད་ནང་དགོན་པ་ཁག་ལ་ཆོས་སྒོ་ཕྱེ་མ་ཐག་ཡིན་སྟབས། བོད་མི་མང་གི་དད་པ་དང་གཏོང་ཕོད་ཀྱང་གསར་པ་ཞིག་ཡིན། དེའི་དབང་གིས་དགོན་པའི་ནང་འཛུགས་སྐྲུན་སྣེ་མང་ལ་བྲེལ་བ་ཡང་ཤིན་ཏུ་ཆེ། གཙུག་ལག་ཁང་དང་རྟེན་གསུམ་བཞེངས་པ་སོགས་འཛིན་གྲྭ་སོ་སོར་ལས་བགོས་ཀྱིས་བྱེད། དགེ་རྒན་ཚང་གིས་འདི་དག་ལ་ཐུགས་སྣང་ཆེན་པོ་གནང༌། སྐུ་གཟུགས་ཀྱི་ཚད་དང་གཟུངས་གཞུག་སོགས་གང་ཡིན་རྣམས་ཁུངས་ཚད་ལྡན་ཞིག་དང་བསྟུན་ནས་བསྐྲུན་དགོས་པའི་བཀོད་བྱུས་ཡང་ཡང་གནང༌། མཚམས་རེར་གཞུང་ལུགས་ཀྱི་ཁུངས་མ་གཟིགས་ཚེ་རིགས་པས་འཚོལ། མཚམས་ཤིག་༸རྗེ་ཙོང་ཁ་པའི་སྐུ་ཞིག་བཞེངས་པའི་ཕྱག་མཛུབ་སྦོམ་དྲགས་འདུག་ཅེས་བཀའ་གནང་ཞོར་ཕྱག་མཛུབ་དེ་ཚོ་ཡང་མིའི་གཟུགས་པོའི་ཆ་ཤས་ལ་བརྟགས་ནས་དེ་དང་དེའི་ཆེ་ཆུང་སྦོམ་ཕྲ་རན་པར་བཟོ་དགོས་སོགས་ཀྱི་བཀའ་སློབ་གནང་བ་དྲན།

སྤྱིར་ཁོང་ནི། དགེ་བཤེས་ཤིག་ཡིན་པའི་ཆ་ནས་ཆོས་ཀྱི་འཆད་ཉན་དང་ཆོ་ག་ཕྱག་ལེན་སོགས་ལས་ཆབ་སྲིད་དང་རྩོམ་རིག་སོགས་ལ་དེ་ཙམ་གྱི་ཐུགས་སྣང་མི་གནང༌། གལ་སྲིད། གནང་ཡང་གནང་བའི་ཚུལ་མི་སྟོན། ལན་གཅིག་རྒྱ་མི་གཅིག་གིས་ཏཱ་ལའི་བླ་མ་ཞེས་པའི་དེབ་གཅིག་བྲིས་པ་དེ་མི་རིགས་དཔེ་སྐྲུན་ཁང་གིས་པར་བཏབ། དེབ་དེ་ཁོང་གིས་གཟིགས་རྗེས་ཁོང་གིས་ང་ཚོའི་དགེ་ཕྲུག་ཚོ་ལ་བཀའ་འདི་འདྲ་ཞིག་གནང༌། “ཁོང་ཚོ་དབང་ཆེ་བ་རེད་མ་གཏོགས། ལོ་རྒྱུས་ཀྱི་ཐོག་ནས་ང་ཚོས་བཤད་མི་དགོས་པར་ཁོང་ཚོ་རང་གིས་ཚུར་བཤད་ཀྱི་འདུག དཔེར་ན། དེབ་འདིའི་ནང་ཀྲུང་དབྱང་དང་བོད་གཞུང་ཞེས་འཁོད་འདུག ཚིག་འདིས་རྒྱ་བོད་གཉིས་རྒྱབ་ཁབ་གཉིས་ཡིན་པ་སྟོན་གྱི་མི་འདུག་གམ།”ཞེས་གསུངས། འོན་ཀྱང༌། སྐད་ཆ་འདི་དག་ནི་ཁོང་ཚོས་ཡོངས་གྲགས་སུ་མི་གསུངས། སྐབས་རེར་གུང་ཁྲན་ཏང་ལ་ཡིད་ཆེས་བྱེད་ས་ཡོད་པ་མ་རེད་སོགས་ཡང་ཡང་གསུངས།

ལན་གཅིག་རྒྱ་གར་ནས་བྱང་རྩེ་མཁན་ཟུར་དགེ་འདུན་བཟང་བོ་མཆོག་ཕྱིར་རེབ་གོང་དུ་ཕེབས། སྐབས་དེ་དུས་ཁོང་རྣམ་གཉིས་ནི་གྲོགས་པོ་རྙིང་པ་གཉིས་འཇིག་རྟེན་བརྗེས་ནས་སླར་མཇལ་བ་ལྟ་བུའི་སྣང་བ་སྟེར། ཉིན་མཚན་བསྟུད་ནས་སྔོན་གྱི་ལོ་རྒྱུས་གླེང༌། ང་ཚོས་ཀྱང་རྣ་བ་བསྒྲིམས་ནས་སྐད་ཆའི་ཟུར་རེ་ཨེ་གོ་ལ་ཉན། གཅིག་གིས་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་ལུགས་དང༌། གཅིག་གིས་ཤུལ་དུ་བཙོན་ཁང་སོགས་བརྒྱུད་པའི་རིམ་པ་གསུངས། དུས་དེར་དགེ་རྒན་ཚང་གིས་ཡར་བཞེངས་ནས་རྟགས་གསལ་གཏོང་བའི་ཚུལ་ཐོག་མར་མིག་གིས་མཐོང༌། ཁོང་གི་ཕྱག་གཡས་པས་གཡོན་པའི་ངོས་ལ་ཤུགས་ཀྱིས་བརྡབས་པ་དང་མཉམ་དུ་ཕྱག་གཡོན་པའི་ངོས་ལ་དཀྲིས་པའི་ཕྲེང་བའི་ཁུག་པ་ནས་འཇུས་ཏེ་ཕྱག་གཡས་པ་ཡར་དྲངས། ཕྱག་བརྡབས་ཀྱི་སྒྲ་དང་དུས་གཅིག་ཏུ་ཞབས་གཡོན་པས་ས་ལ་དྲག་ཏུ་བརྡབས། མཐིལ་ཤིང་གི་གསེང་ནས་ཐལ་བ་རེ་ལངས། ངས་མིག་དང་ཡིད་ཡོངས་རྫོགས་ཁོང་གི་རྟགས་གསལ་ཅི་ཞིག་གཏོང་བ་ལ་མ་སོང་བར་ཁོང་གི་སྐུ་གཟུགས་ཀྱི་རྣམ་འགྱུར་གྱིས་དྲངས་སོང༌། དེ་འདྲའི་ཉམས་ཅན་ཞིག་ཡིན།

དགེ་རྒན་ཚང་གི་མཛད་པ་གཞན་ཞིག་ནི། ལོ་རེ་བཞིན་གྲྭ་པ་བརྒྱ་ཕྲག་མང་པོ་ལ་དགེ་ཚུལ་སློང་གི་སྡོམ་པ་འབོག་པ་དེ་ཡིན། དགེ་ཚུལ་གྱི་སྡོམ་པ་འབོག་པར་ཤག་གི་དགེ་ཕྲུག་གཅིག་གིས་གཙུག་ཕུད་འབྲེག་པ་སོགས་ཀྱི་རོགས་བྱེད་དགོས། ཐོག་མར་དགེ་ཕྲུག་རྒན་པ་ཚོས་དེའི་ཞབས་ཞུ་ཞུས། རིམ་གྱིས་ཕྲན་གྱིས་ཀྱང་དེའི་ཞབས་ཞུ་ཞུས་མྱོང༌། རིམ་པ་འདིའི་ནང་ད་བར་རེབ་གོང་ཕྱོགས་ཀྱི་གྲྭ་པ་སྟོང་ཕྲག་མང་པོར་སྡོམ་པ་ཕོག་ཡོད།

དགེ་ཕྲུག་ཅི་ཙམ་མང་བ་དེ་ཙམ་གྱིས་ང་ཚོའི་ཤག་ལ་འབུལ་བ་མང༌། འབུལ་བ་མང་ཤོས་ནི་མངར་ཟས་དང་ཡང་ན་ཤེལ་ཕོར་དུ་བསྙལ་བའི་ཤིང་ཏོག་གི་རིགས་སོགས་ཡིན། ལོ་རེར་སྟོང་ཕྲག་འགའ་རེ་ཡོང་གི་ཡོད། ཡིན་ན་ཡང༌། ང་ཚོ་དགེ་ཕྲུག་ཚོས་ཀྱང་རེ་ཟུང་ལས་ལོངས་སྤྱོད་མི་ཐུབ། དགེ་རྒན་ཚང་གིས་དེ་དག་བདག་ཉར་བྱེད་དགོས་པའི་བཀའ་སློབ་གནང་བ་དང༌། ཕྱིས་འབུལ་བ་དེ་དེ་དག་ཡོངས་རྫོགས་གྲྭ་ཚང་གི་ཚོགས་མང་ལ་འབུལ་བ་ཡིན། འདི་ལྟར་བསམས་ཚེ་དགེ་རྒན་ཚང་གི་ཡོད་དོ་ཅོག་གྲྭ་ཚང་ལ་འབུལ་བ་དང༌། སངས་རྒྱས་ཀྱི་བསྟན་པ་ལ་འབུལ་གྱིན་ཡོད།

བོད་ཀྱི་སྲོལ་རྒྱུན་གྱི་དཔེ་ཆའི་རིགས་ཀྱི་སྤར་ཤིང་ཕལ་ཆེ་བ་རིག་གསར་གྱི་སྐབས་སུ་རྩ་བརླག་ཏུ་བཏང༌། དེ་བས་ཆོས་སྒོ་ཕྱེ་མ་ཐག་སྤར་ཤིང་བརྐོ་བའི་དུས་ཟིང་ཞིག་ལངས། ཡིག་གཟུགས་མཁས་པ་འགའ་རེའི་ཆེད་ལས་ཀྱང་པར་ཤིང་གི་ཕྱི་མོ་འབྲི་རྒྱུ་ཆགས་ཤིང༌། རེབ་གོང་ལྕང་སྐྱ་སོགས་འགའ་རེའི་སྡེ་བ་ཡོངས་རྫོགས་ཕལ་ཆེར་པར་རྐོན་པར་གྱུར། དགེ་རྒན་ཚང་ལ་ཡང་ཕྱག་ལས་འཕར་མ་ཞིག་ཡོད། དེ་ནི་པར་ལ་ཞུ་དག་གཏོང་རྒྱུ་དེ་ཡིན། དགེ་རྒན་ཚང་སུམ་རྟགས་དག་གསུམ་སྙན་ངག་དང་བཅས་པ་ལ་མཁས། དེའི་དབང་གིས་ཞུ་དག་གི་ཕྱག་ལས་ཀྱང་དག་མཐའ་ལ་བསྐུལ་ནས་གནང༌། ང་ཚོར་ཡང་སུམ་རྟགས་དང་སྙན་ངག་གི་དཔེ་ཁྲིད་གནང༌། དཔེར་བརྗོད་ཕུལ་བ་ཡང་བཞེས། འོན་ཀྱང༌། རྩོམ་ལ་མགོ་འཁོར་མི་རུང་བའི་བསླབ་བྱ་གནང་ལ། ཁོང་གིས་རྩོམ་པ་ལ་ཕྱག་ལས་ཆེན་པོ་ད་བར་མ་གནང༌། ཁོང་གི་ཕྱག་བྲིས་གནང་སྐབས་ཨ་མདོའི་དབུ་མེད་ཤིན་ཏུ་གྲ་དག་པ་ཞིག་གནང༌། དེ་ཡང་ང་ཚོ་བཞིན་མཛུབ་མོ་གསུམ་གྱིས་མ་ཡིན་པར་མཐེ་བོང་དང་གོང་མ་གཉིས་ཀྱིས་སྨྱུ་གུའི་ཁ་བསྐོར་བཞིན་དལ་པོར་འབྲི།

དགེ་རྒན་ཚང་གིས་བཞེས་པ་ལ་བཟང་ངན་གྱི་དབྱེ་བ་ཡང་མི་ཕྱེ། དགེ་ཕྲུག་ཚོས་གང་བཟོས་ནས་ཕུལ་བ་དེ་མཆོད། མཚམས་རེར་ཚོད་དཀར་ཙམ་ཡོད་པའི་ཐུག་རྐྱང་རེ་ཕུལ་ཚེ་ཡང་སྤྲོ་ཉམས་ཀྱིས་མཆོད། འོན་ཀྱང༌། དབུས་ཕྱོགས་ཀྱི་སྲོལ་ལྟར་ཇ་བསྲུབས་མ་བཟོ་བ་ལ་ཐུགས་སྣང་ཆེན་པོ་གནང་ཞིང༌། བསྲུབས་ཇ་མཆོད་སྐབས་སྔོན་མའི་ལྷ་སའི་བྲོ་བ་དེ་ཡོད་མེད་སོགས་བཀའ་མོལ་མང་པོ་གནང༌།

བོད་ཀྱི་དགེ་བཤེས་སྤྱི་མཚུངས་བཞིན་དགེ་རྒན་ཚང་ལ་ཡང་འགན་ལྕི་མོ་ཞིག་ཡོད་པ་ནི། སངས་རྒྱས་བསྟན་པ་སླར་གསོ་ཚད་ལྡན་ཞིག་ཡོང་རྒྱུ་དང༌། དེའི་རྒྱུན་གནས་ཐུབ་པ་ཞིག་ཡོང་རྒྱུ་དེ་ཡིན། དེ་དག་ཀྱང་ཕྱག་ལེན་གྱི་རིམ་པ་ཆ་ཕྲ་མོ་ཚུན་ནས་ཞིབ་ཚགས་ཀྱིས་ལག་ལེན་གནང་ཕྱོགས་སོགས་ཡིན། དགེ་རྒན་ཚང་གིས་ཆོས་འཆད་ཉན་སྨོས་མ་དགོས། འདོན་རྟ་དབྱངས་ཚུན་ནས་ལག་ལེན་རྣལ་མ་ཞིག་གནང་དགོས་པའི་བཀའ་སློབ་གནང༌། ཁོང་རང་ཉིད་ཀྱང་འདོན་ཆ་གང་ལའང་བྱང་ཆུབ་ཅིང༌། དབྱངས་རྟའི་འགྱུར་ཁུག་དང༌། རོལ་མོའི་བྱེ་བྲག་ཇི་ལྟར་སྤྱོད་པ་ཚང་མར་མཁས་པའི་རྩེ་ཕུད་དུ་གྱུར་ཡོད། ད་དུང་གསུང་སྐད་ཀྱང་སྦོམ་ལ་རན་པ། ངག་གི་འགྱུར་ཁུག་ཆེས་སྙན་པ་ཞིག་ཡོད།

ཕྱི་ལོ་༡༩༨༧ ལོར་ཕྲན་དགེ་རྒན་ཚང་ལ་ཁ་བྲལ་ནས་བཙན་བྱོལ་དུ་འབྱོར། ལོ་ངོ་བཞི་ཙམ་ལ་དགོན་པར་བསྡད། དགེ་རྒན་ཚང་གིས་ཕྲན་ལ་ཕྱག་ཡིག་དང་སྐུ་པར་ཡང་ཡང་གནང༌། དེ་དག་གི་ནང་དོན་ཡང་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བའི་བསླབ་བྱ་ཉག་གཅིག་ཡིན། དཔེ་མཚོན་གཅིག་ནི། ཁོང་གིས་ཕྱི་ལོ་༡༩༨༧ ལོར་ཕྲན་དང་ཕྲན་གྱི་ཡོང་རོགས་བསྟན་འཛིན་ཆོས་འཕེལ་གཉིས་ལ་བཏང་བའི་ཕྱག་ཡིག་གི་ནང་དུ། “སྐབས་དོན་གཙོ་བོ་ཁྱེད་གཉིས་དེ་གར་ཡོན་ཏན་སློབ་ཏུ་ཕྱིན་པ་ཡིན་ཙ། རབ་བྱུང་ན་༸རྗེ་གུང་ཐང་བའི་སློབ་གཉེར་བསླབ་བྱ་དང་མཐུན་པ་ཞིག་བྱེད་ཐུབ་ན་ནི་ཨང་དང་པོ་རེད། དེ་ལ་ད་ལྟ་ནས་འབད་ན་མ་གཏོགས་རྗེས་སུ་སླར་ལྡོག་པ་ལ་མངོན་དུ་ཕྱོགས་པའི་ཚེ་ཉིན་མཚན་དུ་འབད་ཀྱང་ཆེར་མི་ཕན། ནང་རིག་པ་ལ་གཙོ་བོར་སྦྱོང་བའི་ཞོར་ལ་སྒྲ་རིག་པ་སོགས་ལའང་གྲྭ་ཚང་གི་འགྲིག་ལམ་ལ་མི་གནོད་པའི་ངང་ནས་སྦྱོང་བ་གལ་ཆེ། གང་ལ་སྦྱོང་བའི་སྐབས་སུ་ཟིན་བྲིས་རེ་འདེབས་ཨེ་ཐུབ་ལྟོས་དང་བཟང་སྙམ། སྒྲ་རིག་པ་ལ་སྦྱོང་སྐབས་སམ་ཀྲི་ཏའི་ཡིག་གཟུགས་རེ་དང་བཀླག་ཚུལ་ཡང་ཨེ་ཤེས་བལྟས། རྒྱུན་དུ་གྲྭ་ས་རང་དུ་སྡོད་པ་ལས་གནས་སྐོར་ལ་མིང་གཡར་ཏེ་ཡས་མས་ལ་འཁྱམས་མི་རུང༌། གལ་ཏེ། འགྲོ་དགོས་པ་བྱུང་ནའང་ཁྲིམས་གྲོགས་དང་བཅས་འགྲོ་བ་གལ་ཆེ། ྋགོང་ས་མཆོག་ནས་བསྙེན་རྫོགས་སྒྲུབ་པའི་སྐབས་དང་འགྲིག་ཚེ་ཁྱེད་གཉིས་ཀྱིས་ཀྱང་སླར་ཡང་སྒྲུབ་ཐུབ་ན་བཟང་སྙམ། ཁ་དཔེ་ལ་ཡོན་ཏན་བྲེ་གང་ལ་སྐུ་རིམ་འཇགས་གཅིག་ཟེར་བ་ཡིན་ཙ་རང་རང་གིས་སྔོན་ཆད་ཁ་ཏོན་གང་བྱེད་པ་མ་ཆག་པ་བྱེད་པ་གལ་ཆེ། སྤྱི་སོ་གྲྭ་ཚང་ཁང་ཚན་གང་ཡིན་ཡང་ཆོས་གྲོགས་རྣམས་ལ་མཐུན་འཇུག་ཡག་པོ་བྱེད་དགོས་པ་ལས་ང་རྒྱལ་བསྐྱེད་མི་ཉན། མདོར་ན། དེ་ག་ནས་སྡོད་རིང་ལ་འགྲིག་ལམ་ཡག་པོ་བརྩི་བ་གཞིར་བཞག་ནས་ཐོས་བསམ་ལ་འབད་པ་དེ་བྱ་བ་ཐམས་ཅད་ཀྱི་གཙོ་བོར་འཛིན་དགོས།”ཞེས་འཁོད་ཡོད།

ད་ནི་དགེ་རྒན་ཚང་དང་ཁ་བྲལ་ནས་མི་ལོ་ཉི་ཤུར་ཉེ། འོན་ཀྱང༌། དགུང་ན་མཐོ་བའི་དགེ་རྒན་ཚང་ལ་ཁ་པར་ཐོག་བཀའ་མོལ་ཡང་ཡང་ཞུས། ཁ་པར་ནམ་ཕུལ་ཡང་ཁ་སང་ཁ་གྱེས་པ་ལྟ་བུའི་གསུང་སྐད་དང་གསུང་མོལ་ལྷུགས་པོར་སྩོལ། འདི་དག་ནི་ཕྲན་གྱི་བསོད་ནམས་སུ་ལྕི། མཚམས་རེར་ད་ལྟ་རང་དྲུང་དུ་མཆིས་ན་བསམ་པའི་གདུང་སེམས་ཀྱིས་མནར། འོན་ཀྱང༌། གདུང་སེམས་འདི་རིགས་ནི་སྐབས་སུ་མ་བབས་པའི་བརྗོད་གཞི་ཞིག་ལས་མ་འདས།

སྐབས་སུ་བབས་པ་ནི། ཁོང་གི་རྣམ་ཐར་ཡིན། བློ་བཟང་སྙན་གྲགས་ལགས་ཀྱིས་བརྩམས་གནང་བ་འདི་ནི་བོད་ཀྱི་སྲོལ་རྒྱུན་གྱི་རྣམ་ཐར་གྱི་ངོ་བོར་བརྩམས་གནང་བ་གང་ཞིག་ལ། དགེ་རྒན་ཚང་གི་རྣམ་ཐར་ཙམ་མ་ཡིན་པར་སྐབས་དེའི་བོད་དང་རེབ་གོང་ཁུལ་གྱི་ལོ་རྒྱུས་ལ་ཡང་གསལ་ཁ་ཐེབས་པའི་དོན་གནད་མང་པོ་འདུས། དཔེར་ན། “ཀླུ་འབུམ་སྐུ་ཕྱོགས་རིན་པོ་ཆེ་འདི་བའི་སྐུ་གོང་མ་རེབ་གོང་ཨ་ཀྲོང་དུ་སྐུ་འཁྲུངས་ཤིང་སྔགས་པ་བྱས། ཕྱིས་ལྷ་སར་ཕེབས་ནས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཞུགས་ཏེ་ལྷ་རམས་པ་ཐོན། ཕྱིར་གདན་ས་ཆེན་པོ་རོང་བོ་དགོན་ཆེན་དུ་ཕེབས་ཀྱང་འཕྲིན་ལས་མ་རྒྱས་པས་དགའ་ལྡན་དུ་ཕེབས་ནས་བྱང་རྩེ་མཁན་ཁྲིར་བཞུགས་ཤིང་དགའ་ལྡན་དུ་མྱ་ངན་ལས་འདས། དེའི་སྐུ་བདག་རེབ་གོང་རྒྱ་བོ་ཕྱེ་ཁྲིའི་བོད་པ་འཇམ་དབྱངས་སུ་འབོད་པ་དེའི་ཕུ་བོ་ཡིན་ལ། དེ་ཉིད་དགའ་ལྡན་གསེར་གདུང་ཁང་གི་བླ་མ་གནས་བརྟན་པ་དང༌། བདེ་ཆེན་རྫོང་དང་མཚོ་སྣ་རྫོང་གི་རྫོང་དཔོན་མཉམ་དུ་བྱས་”ཞེས་པ་ལྟ་བུར་མཚོན་ན་ཡང་བཙན་བྱོལ་ནང་གི་མཁས་པ་ཚོས་གོ་མྱོང་ཙམ་ཡང་མེད་པའི་ཚོད་དུ་སྣང་བའི་ལོ་རྒྱུས་ཀྱི་དུམ་བུ་ཞིག་ལགས། དེ་དང་དེ་སོགས་ལོ་རྒྱུས་རྣམས་གནད་དུ་འཁེལ་ཞིང་དོན་ཚན་གྱི་འགངས་གསལ་བའི་རྣམ་ཐར་འདི་པར་དུ་འདེབས་པའི་བྱ་བ་ལེགས་འགྲུབ་བྱུང་བ་ལ་བརྗོད་དུ་མེད་པའི་དགའ་ཚོར་བརྟས་ཤིང༌། བདག་གིས་འདིའི་ཐད་བྱ་བ་ཅུང་ཟད་བྱས་པ་ཡང་བླ་མ་ཚང་གི་བཀའ་དྲིན་གསབ་པའི་མཐུན་འགྱུར་ཉིད་དུ་བསྔོ།

རྩོམ་པ་པོ་དང་ཕྲན་གཉིས་ལ་མཚོན་ན་ཡང༌། དགེ་རྒན་གཅིག་གི་སློབ་མ་དང་དཀྱིལ་འཁོར་གཅིག་གི་ལྷ་ཚོགས་ཟེར་བ་ལྟར། ལོ་ངོ་མང་པོར་ཚོགས་ཇ་དང་ཚོགས་ཐུག་མཉམ་འཐུང་བྱས་པའི་ཟ་རོགས། མདོ་སྔགས་ཀྱི་བཀའ་ཆོས་དབང་ལུང་རྗེས་གནང་བཤད་ཁྲིད་སོགས་ཀྱི་ཆོས་གྲོགས། རིགས་པའི་བརྡར་ཤ་གཅོད་པའི་རྩོད་གྲྭའི་མཆེད་ཟླར་གྱུར་ལ། ཕྲན་བཙན་བྱོལ་དུ་སླེབས་རྗེས་སུ་ཁོང་རེབ་གོང་རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་དུ་གྱུར་ཅིང༌། འཆད་རྩོད་རྩོམ་པའི་འཕྲིན་ལས་ཤིན་ཏུ་འཕེལ། ལྷག་པར་དུ་བླ་མ་ཤར་གདོང་ཚང་གི་གསུང་འབུམ་གྱི་གཙོས་རྩོམ་སྒྲིག་དང་གསར་རྩོམ་གྱི་མཛད་པ་རྒྱས། བཙན་བྱོལ་དུ་ཕེབས་རྗེས་སུ་ཡང་ྋགོང་ས་མཆོག་གི་བཀའ་འབུམ་རྩོམ་སྒྲིག་གི་འགན་བཞེས་ཤིང༌། སེ་ར་ཐེག་ཆེན་གླིང་དུ་ཐོས་བསམ་གྱི་མཐའ་སྙེག་བཞིན་བཞུགས།

                                 དགེ་འདུན་རབ་གསལ་གྱིས།

                                 ཕྱི་ལོ་ ༢༠༠༤ ཟླ་ ༩ ཚེས་ ༢༦ ཉིན་བྲིས།