དམངས་གཙོའི་ཆབ་སྲིད་ཅེས་པ་ནི་མི་གཅིག་གདམས་ཏེ་ཡར་བཞག་རྗེས་སྡིགས་མོ་ཉོ་དགོས་པའོ་ཞེས་བཤད་པ་ལྟར་དུ། གལ་ཏེ་རྒྱལ་ཁབ་གང་ཞིག་ཏུ་མང་ཚོགས་ཀྱིས་དོན་དངོས་ཐོག་དབུ་ཁྲིད་འདེམ་བསྐོ་བྱ་མི་ཐུབ་ལ། སྲིད་སྟེགས་སྟེང་གི་མི་དེས་ཀྱང་མི་གཞན་ལ་སྡིགས་མོ་གཏང་དུ་མི་འཇུག་ཚེ། རྒྱལ་ཁབ་འདི་ལ་དམངས་གཙོ་ཟེར་བ་ཞིག་ཡོད་མི་སྲིད། སྨྲ་བརྗོད་རང་དབང་གི་ངོས་ནས་བཤད་ན། དམངས་གཙོའི་ཆབ་སྲིད་ཅེས་པ་ནི་མང་ཚོགས་རྣམས་ལ་དབང་འཛིན་པར་སྡིགས་མོ་གཏོང་བའི་ཁེ་དབང་ཡོད་ལ། དབང་འཛིན་པ་ལ་ཡང་སྡིགས་མོ་ངོས་ལེན་བྱ་རྒྱུའི་འོས་འགན་ཡོད་པ་ཞིག་ལ་བྱ་སྟེ། སྲིད་སྟེགས་སུ་བཞུགས་འདང་ཡོད་པའི་ཆབ་སྲིད་པ་དག་ལ་ཡང་སྡིགས་མོ་བཟོད་བསྲན་ཐུབ་པའི་སེམས་ཀྱི་གྲ་སྒྲིག་སྔ་ས་ནས་ཡོད་དགོས་པ་ཡིན།

དམངས་གཙོའི་ཆབ་སྲིད་ལ་གྲུབ་རྐྱེན་གཙོ་བོ་གཉིས་ཡོད་དེ། གཅིག་ནི་སྤྱི་དམངས་ཀྱི་ཟབ་ཞུགས་དང་གཉིས་ནི་དབང་ཤེད་ལ་ལྟ་སྐུལ་བྱ་རྒྱུ་སྟེ། སྤྱི་དམངས་ཀྱི་ཟབ་ཞུགས་ཞེས་པར་དབང་ཤེད་ལ་ལྟ་སྐུལ་བྱེད་པ་ཡང་འདུ། སྨྲ་བརྗོད་རང་དབང་ནི་ཟབ་ཞུགས་ཀྱི་ལག་ཆ་དང་ལྟ་སྐུལ་གྱི་ལག་ཆ་ཡིན་ལ། ཟབ་ཞུགས་ཀྱི་དབང་ཆའི་མངོན་སྟངས་ཤིག་ཀྱང་ཡིན། དམངས་གཙོའི་ཆབ་སྲིད་ལ་འབྱུང་ངེས་པའི་ཉེས་སྐྱོན་སྣ་ཚོགས་ལ་ཡང་སྨྲ་བརྗོད་རང་དབང་གི་ལམ་ནས་ལྟ་སྐུལ་བྱ་དགོས་ཤིང་། སྲིད་དོན་ལྟ་བ་བཤད་པ་དང་དབང་འཛིན་མཁན་ལ་སྐྱོན་བརྗོད་བྱེད་པ། ཕན་ཚུན་བར་ལ་འབྲེལ་འདྲིས་བྱེད་པ་སོགས་ཀྱི་ལས་མཐའ་དག་ནི་སྨྲ་བརྗོད་རང་དབང་དང་འབྲལ་དུ་མེད་པས། བརྒྱ་ལ་སྨྲ་བརྗོད་རང་དབང་མེད་པ་ཡིན་ན་དམངས་གཙོའི་ཆབ་སྲིད་ཅེས་པའི་ཟོ་ཆུན་དེ་ཡང་གཏན་ནས་འཁོར་ཐབས་མེད་དོ།།སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་། དཔར་སྐྲུན་རང་དབང་བཅས་མེད་པའི་སྤྱི་ཚོགས་ཤིག་ཏུ་དམངས་གཙོ་མངོན་འགྱུར་བྱ་དགོས་ཟེར་བ་ནི་དགོད་གཏམ་ཁོ་ན་སྟེ། གཏམ་བརྗོད་དང་དཔར་སྐྲུན། གསར་འགོད་སོགས་ཀྱི་རང་དབང་བཀག་ནས། ཆེས་མ་མཐའི་སྐད་ཆ་བཤད་རྒྱུའི་ཁེ་དབང་ཙམ་ཡང་མེད་པར། འདྲ་མཉམ་གྱིས་དམངས་གཙོའི་ཁེ་དབང་སྣ་ཚོགས་ཇི་ལྟར་ལོངས་སུ་སྤྱོད་དམ།

དེང་རབས་དམངས་གཙོའི་ཆབ་སྲིད་ཀྱི་གྲུབ་ཆ་གལ་ཆེན་ཞིག་སྟེ། སྨྲ་བརྗོད་རང་དབང་ཟེར་བ་ནི་མངོན་གསལ་སྒོས་ཡོངས་བསྒྲགས་ཀྱི་རྣམ་པས་བསམ་ཚུལ་འཆད་པ་ཞིག་ལས་ལྐོག་ནས་སྒེར་ཐོག་གི་གླེང་བརྗོད་བྱ་བ་ཙམ་ནི་མིན་ལ། དེར་མངོན་འདོད་རང་དབང་ཡང་ཟེར་ཆོག སྒྲ་ཡངས་འཇུག་གི་སྨྲ་བརྗོད་རང་དབང་ཞེས་པར་བརྡ་རྟགས་དང་མཚོན་རྟགས། དབྱིབས་རིས་དང་རྣམ་འགྱུར། འདྲ་གཟུགས་དང་བྲིས་རིས། རྐོ་བཟོ། སྒྲ་དབྱངས་དང་སྒྲ་བརྙན་སོགས་ཀྱི་རྣམ་པ་སྤྱད་ནས་རང་གི་སྨྲ་བརྗོད་ཀྱི་རང་དབང་མངོན་སྟངས་མཐའ་དག་འདུ། དེར་མ་ཟད། སྨྲ་བརྗོད་རང་དབང་མངོན་འགྱུར་བྱེད་པ་ལ་ཡང་ངེས་པར་ཡོངས་བསྒྲགས་ཀྱི་རྣམ་པའི་ཐོག་ནས་རང་གི་ལྟ་ཚུལ་དང་ལངས་ཕྱོགས། བསམ་བློ་དང་ལྟ་བ་བཅས་བརྒྱུད་སྒྲོག་བྱ་ཐུབ་པའི་ཐབས་ལམ་དང་འབྲེལ་ལམ་དགོས་ལ། དེ་ནི་གསར་འགྱུར་འཕྲིན་ལམ་དང་ཚགས་དེབ་ཀྱི་རིགས་སྣ་ཚོགས་ཡིན་པས། སྨྲ་བརྗོད་རང་དབང་དང་བསམ་བློ་རང་དབང་། གསར་འགོད་དཔར་སྐྲུན་རང་དབང་བཅས་ནི་ཕན་ཚུན་ཁ་འབྲལ་ཐབས་མེད་པ་ཞིག་གོ།

དམངས་གཙོའི་སྤྱི་ཚོགས་ནི་རང་སྐྱོང་དང་རང་ཚུགས་ལྡན་པའི་སྤྱི་དམངས་ཀྱིས་གྲུབ་པ་ཡིན་ལ། སྨྲ་བརྗོད་རང་དབང་དང་བསམ་བློ་རང་དབང་གི་འབྲེལ་བའམ། དེ་གཉིས་ཀྱི་གཞི་རྩའི་འབྱུང་ཁུངས་ནི་སྒེེར་རམ་བདག་ཉིད་ཀྱི་རང་ལུས་ཀྱི་བདག་འཛིན་དབང་ཆ་དང་རང་བདག་དབང་ཆ་ཡིན་ཞིང་། དེ་ལས་ད་གཟོད་རང་ཉིད་ཀྱི་བསམ་བློ་དང་སྨྲ་བརྗོད་ཀྱི་རང་དབང་མངོན་རྒྱུའི་དབང་ཆ་ལོངས་སུ་སྤྱོད་ཐུབ་པ་རེད། སྨྲ་བརྗོད་རང་དབང་དང་བསམ་བློ་རང་དབང་མེད་པ་ཡིན་ན། སྒེར་གྱི་རང་ཚུགས་དང་རང་བདག རང་ལུས་ཀྱི་བཀོལ་སྤྱོད་དབང་ཆ་བཅས་ཀྱང་འཐུས་སྒོ་ཚང་བ་ཞིག་ཡོང་མི་དཔེ། དེའི་ཕྱིར། སྨྲ་བརྗོད་རང་དབང་ནི་མི་ཉིད་སྐྱེས་མ་ཉིད་ནས་ལྷན་སྐྱེས་སུ་མངའ་བའི་ཁེ་དབང་དང་རང་དབང་ཡིན་ལ། སྨྲ་བརྗོད་ཀྱི་རང་དབང་ནི་སྐད་ཆ་བདེན་པ་བཤད་ཐུབ་མིན་ལ་འབྲེལ་བ་གང་ཡང་མེད། སྨྲ་བརྗོད་རང་དབང་གི་སྔོན་འགྲོ་ནི་གཏམ་བརྗོད་ཆ་ཚང་བདེན་པ་བདེན་ཐུབ་ཡིན་པར་ཁག་ཐེག་ཐུབ་དགོས་དོན་མེད་པས། དེས་ནི་ནོར་འཁྲུལ་རང་བཞིན་གྱི་སྐད་ཆ་བཤད་རྒྱུར་ཡང་རང་དབང་ཡོད་པ་མཚོན་ཡོད། དེ་བཞིན་མི་རེ་རེར་གཏམ་བརྗོད་ནོར་འཁྲུལ་ཅན་འཆད་པའི་རང་དབང་ཡོད་ལ། སྲིད་གཞུང་གིས་དེ་ལ་རྩ་བ་ནས་བཀག་སྡོམ་བྱ་མི་ཆོག་སྟེ། དམངས་གཙོའི་ཆབ་སྲིད་ཀྱི་འོག་ཏུ་སྐད་ཆ་བདེན་པ་བཤད་རྒྱུའི་ནུས་པ་འཛོམས་པའི་མི་ཁོ་ནར་ད་གཟོད་སྨྲ་བརྗོད་ཀྱི་རང་དབང་ཡོད་པ་ཞིག་མིན་པས་སོ།། རྩོམ་མཁན་ཏེན་ལིན(丁林)གྱིས་གསུང་བ་བཞིན། སྨྲ་བརྗོད་རང་དབང་ལ་ནི་དམིགས་ཡུལ་གཅིག་ཁོ་ན་ཡོད་དེ། དེ་ནི་མི་རེ་རེས་རང་ཉིད་ཀྱི་སྐད་སྒྲ་གང་ཡོད་ཕྱི་རུ་འདོན་ཐུབ་པར་འགན་ལེན་དང་། འཇིག་རྟེན་འདིར་དུས་གཏན་དུ་སྐད་སྒྲ་མི་མཐུན་པ་གནས་རྒྱུར་ཁག་ཐེག་བྱ་རྒྱུ་དེའོ།།

དམངས་གཙོའི་སྤྱི་ཚོགས་ནི་ཚོང་རྫས་ཀྱི་རང་དབང་ཁྲོམ་ར་ཡིན་ལ་འདུ་ཤེས་ཀྱི་རང་དབང་ཁྲོམ་ར་ཡང་ཡིན། མི་རྣམས་ཀྱིས་རང་དབང་སྒོས་རང་ཉིད་ཀྱི་ཚོང་རྫས་བཙོང་ཆོག་པ་མ་ཟད། ད་རུང་རང་དབང་སྒོས་རང་ཉིད་ཀྱི་འདུ་ཤེས་ཀྱང་བཙོང་ཆོག་པ་ཡིན། གལ་ཏེ་མི་ཚང་མར་ཚོང་གཉེར་གྱི་རང་དབང་ཡོད་ཚེ། དེ་ལ་ཚགས་དེབ་དཔེ་སྐྲུན་བྱེད་པ་དང་བརྙན་འཕྲིན་རླུང་འཕྲིན་འཛུགས་པ། དྲ་ཚུགས་ངོ་དེབ་བཟོ་བ་སོགས་ཀྱི་རང་དབང་ཡང་འདུ་བ་མ་ཟད། འདིའི་ཕྱོགས་ཀྱི་རང་དབང་མཐའ་དག་ནི་སྨྲ་བརྗོད་ཀྱི་རང་དབང་དང་སྐད་ཅིག་ཙམ་ལ་ཡང་འབྲལ་དུ་མེད། ཁྲོམ་ར་ཅན་གྱི་སྤྱི་ཚོགས་སུ་སྨྲ་བརྗོད་རང་དབང་ཡང་དཔལ་འབྱོར་སྒྲུབ་ཐབས་གལ་ཆེན་ཞིག་སྟེ། དམངས་གཙོའི་ཆབ་སྲིད་ཁོ་ནའི་འོག་ཏུ་ད་གཟོད་སྤྱི་དམངས་རྣམས་ཀྱིས་རང་དབང་སྒོས་ཕུན་སུམ་ཚོགས་པའི་འདུ་ཤེས་དང་གཏམ་བརྗོད། བསམ་བློ་བཅས་འཛད་སྤྱོད་བྱེད་ཐུབ་པ་ཡིན།

དམངས་གཙོའི་ཆབ་སྲིད་འོག་གི་སྨྲ་བརྗོད་རང་དབང་གི་ཁྲོམ་ར་ལ་གཞན་དང་མི་འདྲ་བའི་དགེ་མཚན་ཞིག་ཡོད་པ་ནི། དེ་ཡིས་ཚད་ངེས་ཅན་ཞིག་གི་ཐོག་ནས་ལྷད་བཅོས་རྫུན་བཟོ་དང་འགན་མི་འཁུར་བ། བསམ་ངན་ཐ་ཤལ་གྱི་རིགས་སུ་གཏོགས་པའི་གཏམ་བརྗོད་སྣ་ཚོགས་ལ་རང་བཞིན་གྱིས་བཙིར་གནོན་དངརྩིས་མེད་དུ་གཏོང་བཞིན་ཡོད་པས། དབང་ཤེད་སྤྱད་དེ་སྨྲ་བརྗོད་རང་དབང་ལ་ཐེ་གཏོགས་བྱ་རྒྱུའི་དགོས་པ་ཤིན་ཏུ་ཆུང་ལ། སྤྱི་དམངས་ནི་འཛད་སྤྱད་པ་ཡིན་པས་ལེགས་ཉེས་གང་ཡིན་ཁོ་ཚོ་རང་ཉིད་ཀྱིས་གདམ་གསེས་བྱ་བཞིན་ཡོད། དམངས་གཙོའི་ཆབ་སྲིད་ཀྱི་འོག་ཏུ་དམངས་གཙོར་སྐྱོན་བརྗོད་བྱ་ཆོག་པ་མ་ཟད། ཐ་ན་དམངས་གཙོར་ངོ་རྒོལ་གྱི་གཏམ་བརྗོད་ཀྱང་སྤེལ་ཆོག་པ་ཡིན། རྒྱུ་མཚན། གཏམ་བརྗོད་དེ་རིགས་བཀག་སྡོམ་བྱས་ཚེ་དམངས་གཙོའི་ཆབ་སྲིད་རང་སྟེང་ལ་དེ་ལས་ལྷག་པའི་གནོད་འཚེ་ཕོག་གྱིན་ཡོད་པས་ཏེ། སྐྱོན་བརྗོད་ལ་དཀྱེལ་ཡངས་པོས་གདོང་གཏད་ཐུབ་པ་ནི་དམངས་གཙོའི་ཆབ་སྲིད་གང་ཉིད་སྲིད་ལུགས་གཞན་དག་དང་མི་འདྲ་བའི་ཁྱད་འཕགས་ཀྱི་རང་བཞིན་མངོན་གསལ་ཅན་དེ་ཡང་ཡིན་ནོ།།

སྨྲ་བརྗོད་རང་དབང་ནི་ད་རུང་རང་དབང་དང་ཁེ་དབང་གཞན་དང་གཞན་སྣ་ཚོགས་པ་ལེགས་པར་སྤྱོད་ཐུབ་པའི་ཆ་རྐྱེན་ཡིན་ཏེ། གསོལ་བ་འདེབས་རྒྱུའི་རང་དབད་མེད་ཚེ་ཆོས་ལུགས་དད་མོས་ཀྱི་རང་དབང་མེད་ལ། སྤྱི་བའི་འདུ་གནས་སུ་སྲིད་དོན་ལྟ་ཚུལ་བཤད་པའི་རང་དབང་མེད་ཚེ། མཉམ་འདུས་དང་ཤོག་སྒྲིལ་གྱི་རང་དབང་ཡང་ཡོད་མི་སྲིད། དེ་ལྟར་སྨྲ་བརྗོད་ཀྱི་རང་དབང་གང་ཉིད་མེད་ཚེ། ཐ་ན་འདེམ་བསྐོའི་རང་དབང་ཟེར་བ་ཞིག་ཀྱང་ཡོད་མི་སྲིད་དེ། ངག་བསྡམས་ནས་སྲིད་དོན་ལྟ་ཚུལ་མི་བཤད་པའི་འདེམ་རྩོད་ནི་འདེམ་རྩོད་མིན་ལ། འདེམ་རྩོད་ཀྱི་གོ་རིམ་མེད་ཚེ་འགྲམ་རྩོད་ལས་བྱུང་བའི་འདེམ་བསྐོ་ཟེར་བ་ཞིག་ཀྱང་མེད་པས། སྨྲ་བརྗོད་རང་དབང་མེད་ཚེ་དམངས་གཙོའི་གོ་དོན་སྟེང་གི་འདེམ་བསྐོ་མེད་ལ། ཕྱོགས་འགལ་ཚོགས་པ་དང་ཕྱོགས་འགལ་ཏང་ཁག་ཀྱང་ཡོད་མི་སྲིད་དེ། ཕྱོགས་འགལ་ཚོགས་པ་དང་ཕྱོགས་འགལ་ཏང་ཁག་ལ་རང་དབང་སྒོས་རང་ཉིད་ཀྱི་སྲིད་དོན་ལྟ་བ་བཤད་དུ་མ་བཅུག་ཚེ། འདེམ་དམངས་ཀྱིས་ཁོང་ཚོ་ཕྱོགས་འགལ་ཏང་ཁག་ཡིན་པ་ཇི་ལྟར་ཤེས། དེའི་ཕྱིར། སྨྲ་བརྗོད་རང་དབང་དང་བྲལ་ཚེ། དམངས་གཙོའི་ཆབ་སྲིད་འོག་གི་ཏང་གཉིས་ལམ་ལུགས་དང་ཏང་མང་ལམ་ལུགས་སོགས་ཀྱང་རྩ་བ་ནས་གནས་ཐབས་མེད་དེ། སྲིད་ཏང་ལམ་ལུགས་ཟེར་བ་ནི་མ་གཞི་ནས་སྨྲ་བརྗོད་རང་དབང་དང་ཤོག་སྒྲིལ་རང་དབང་གི་ཐོན་དངོས་ཡིན་པས་སོ།། གོ་དོན་འདིའི་སྟེང་ནས་སྙམ་ན། སྨྲ་བརྗོད་རང་དབང་མེད་ཚེ་དེང་རབས་ཀྱི་མིང་དོན་མཚུངས་པའི་རང་དབང་དམངས་གཙོའི་ཆབ་སྲིད་ཀྱང་གཏན་ནས་ཡོད་མི་སྲིད་པ་ར་སྤྲོད་བྱས་ཡོད།

ཡང་། རང་དབང་གི་རིགས་གང་ཞིག་ཡིན་རུང་ཁུར་ཐང་དང་བྲལ་བའི་རང་དབང་ཟེར་བ་ཞིག་གླེང་དུ་མེད་ལ།འགན་ཁུར་ཅི་ཡང་མེད་པའི་རང་དབང་གི་སྦྱོར་བ་ཡོད་ཚད་ནི་ཐ་ཤལ་གྱི་སྤྱོད་པ་སྟེ། དམངས་གཙོའི་ཆབ་སྲིད་ཀྱི་འོག་ཏུ། སྨྲ་བརྗོད་རང་དབང་ཡང་འགན་ཁུར་ངེས་ཅན་ཞིག་དང་དམ་སྦྲེལ་དུ་ཡོད་པ་ཞིག་ཡིན། དེའི་ཕྱིར། སྨྲ་བརྗོད་རང་དབང་ལ་སོགས་པའི་མིའི་རང་དབང་གི་རིགས་གང་ཞིག་ཡིན་རུང་མཚམས་ཐིག་ཡོད་པ་རེད། དཔེར་ན། སྨྲ་བརྗོད་རང་དབང་གི་སྦྱོར་བ་སྤེལ་སྐབས་སུ་གཞན་གྱི་ཁེ་དབང་དང་མཚན་སྙན་ལ་གཙི་འཇོག་དང་། ཡོངས་ཀྱིས་ངོས་ལེན་ཐོབ་པའི་ཀུན་སྤྱོད་ཀྱི་ཚད་གཞིར་གོང་བཀུར་བྱ་དགོས་པ་མ་ཟད། དྲག་ཤུགས་བཀོལ་བའམ་འཐབ་འཁྲུག་སློང་བ། ཞེ་འཁོན་བཅིང་བ་དང་མཐོང་ཆུང་བྱེད་པ་སོགས་ཀྱི་ལས་གང་ལ་ཡང་ངན་སྐུལ་བྱ་ཆོག་ཅིང་། སྤྱི་སྤྱོད་སྒྲིག་སྲོལ་ལ་བཀག་འགོག་བྱ་མི་ཆོག དཔེར་ན། མི་ཚོགས་ཀྱིས་ཡོངས་སུ་བཀང་བའི་ཚོགས་ར་ཞིག་ཏུ་སྐད་གསེང་མཐོན་པོས་༼ཚོགས་རར་མེ་ཤོར་ཐལ་༽ཞེས་འུད་གཏམ་སྒྲོག་མི་འོས་པ་ལྟ་བུའོ།།

དམངས་གཙོའི་ཆབ་སྲིད་འོག་ཏུ། མི་མང་གི་གཏམ་བརྗོད་དང་བྱེད་སྤྱོད་གང་ཞིག་ཡིན་ཡང་དབང་བསྒྱུར་མཁན་གྱིས་རྒྱལ་ཁབ་དབང་བསྒྱུར་བྱེད་པ་ལ་ཞབས་ཞུ་བྱ་བ་མིན་པར། ལྡོག་སྟེ། རྒྱལ་ཁབ་ཀྱི་གཞི་རྩའི་དམིགས་ཡུལ་ནི་མི་སྒེར་གྱིས་རང་དབང་སྒོས་རང་ཉིད་ཀྱི་འཇོན་ནུས་འདོན་པ་ལ་གཞོགས་འདེགས་བྱ་རྒྱུ་དེ་ཡིན་ལ། མི་སྒེར་གྱི་གཏམ་བརྗོད་དང་འབྲེལ་བའི་འཇོན་རྩལ་སྣ་ཚོགས་རང་དབང་སྒོས་མངོན་འགྱུར་བྱེད་པར་ཆ་རྐྱེན་སྐྲུན་དགོས་སོ།།

དེ་ལྟར་སྨྲ་བརྗོད་རང་དབང་ནི་སྤྱི་དམངས་ཀྱི་རྩལ་ནུས་དང་སྤྲོ་སྐྱིད་ལ་དམ་དུ་འབྲེལ་ཞིང་། སྤྱི་ཚོགས་ཀྱི་བདེ་འཇགས་དང་དབང་ཤེད་ལ་ཚོད་འཛིན་། ཆབ་སྲིད་ལ་ཟབ་ཞུགས་དང་གཞུང་སྒེར་གྱི་འབྲེལ་འདྲིས། རིག་གནས་ཀྱི་དར་རྒྱས་ལ་སོགས་པ་དང་གཏན་ནས་ཁ་འབྲལ་ཐབས་མེད་པས། དམངས་གཙོའི་ཆབ་སྲིད་ཀྱིས་ནི་སྨྲ་བརྗོད་རང་དབང་ལ་བརྩི་སྲུང་བྱེད་པ་རྩ་དོན་དུ་བྱས་ཤིང་དེ་ལ་ཚོད་འཛིན་གཏོང་བ་འདོར་བྱ་ཉག་གཅིག་ཏུ་བཟུང་ཡོད། དེའི་ཕྱིར། དམངས་གཙོའི་ཆབ་སྲིད་ཀྱི་འོག་ཏུ། འགྲོ་བ་མིའི་སྨྲ་བརྗོད་རང་དབང་ལ་ནི་རྩ་ཁྲིམས་དང་བཅའ་ཁྲིམས་གཉིས་ཀྱིས་སྲུང་སྐྱོབ་ཆ་ཚང་བྱས་ཡོད་པ་ཞིག་ཡིན་ནོ།།

༢༠༡༥、༡、༢༣